中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། དམངས་སྲོལ་རིག་གནས་བྱུང་ཚུལ།
དུས་ཚོད།2016-12-09 16:52:00     རྩོམ་གྱི་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སྐྱ་རེངས་ཀྱིས་བསྒྲིགས།    ཆུང་། | འབྲིང་། | ཆེ།
      དམངས་སྲོལ་རིག་གནས་འདི་ཡང་རིག་གནས་གཞན་པ་ཀུན་དང་འདྲ་བར་འགྲོ་བ་མིའི་སྤྱི་ཚོགས་འཚོ་བའི་ནང་དུ་མེད་མི་རུང་བའི་རིག་གནས་ཤིག་ཡིན་པ་མ་ཟད།  འགྲོ་བ་མིའི་སྤྱི་ཚོགས་ཆེན་མོའི་ཁྲོད་དུ་གོ་གནས་ཀྱང་ངེས་ཅན་ཞིག་བཟུང་ཡོད་པ་རེད།  གལ་ཏེ་སྤྱི་ཚོགས་ཐོག་ཏུ་དམངས་སྲོལ་རིག་གནས་ལ་དགེ་མཚན་དང་ཕན་ནུས་ཆུང་བ་དང་།  ཡང་ན་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་ཞིག་དང་།  མི་ཚང་མའི་རྒྱུན་ལྡན་འཚོ་བའི་ནང་དུ་དགོས་མཁོ་དབེན་པ་ཞིག་ཡིན་ན།  འཇིག་རྟེན་སྟེང་གི་མི་རིགས་སོ་སོའི་དམངས་ཁྲོད་དུ་དེ་འདྲའི་རིག་གནས་ཤིག་ཡོངས་ཁྱབ་ཏུ་དར་མི་སྲིད།  དེ་ཡང་དར་སྲིད་པའི་དབང་དུ་བཏང་ནའང་།  མི་རིགས་སོ་སོས་ཡོངས་ཁྱབ་ཏུ་རྒྱུན་སྲུང་མི་བྱེད་པ་ཁག་ཐེག་ཡིན།  དེ་ན་དམངས་སྲོལ་རིག་གནས་འདི་ཅི་ལྟར་བྱུང་བ་རེད་ཅེ་ན། གྱི་ན་བས་བལྟས་ན་མི་རིགས་ཀུན་གྱི་དམངས་སྲོལ་རིག་གནས་འདི་ལ་བྱུང་ཡུན་རིང་བ་དང་ཁེབས་རྒྱ་ཆེ་བའི་ཐུན་མོང་གི་ཁྱད་རྟགས་ཤིག་ལྡན་པ་རེད།  དེ་ལྟར་རང་རེའི་སྒང་བ་བོད་ཡུལ་གྱི་དམངས་སྲོལ་རིག་གནས་བྱུང་ཚུལ་གྱི་སྤྱི་ལམ་ལས་འགོང་མེད་པས།  དམངས་སྲོལ་རིག་གནས་སྤྱིའི་བྱུང་རིམ་དེར་བརྟེན་ནས་བརྗོད་ན།  རང་རེའི་བོད་ཀྱི་དམངས་སྲོལ་རིག་གནས་ལའང་བྱུང་ཡུན་རིང་བ་དང་།  དེ་བས་རྒྱ་ཆེ་བའི་ཁྱད་ཆོས་ལྡན་པ་ཞིག་སྟེ།
     དང་པོ།  བྱུང་ཡུན་རིང་བ།  ང་ཚོས་མི་རིགས་སོ་སོའི་དམངས་ཁྲོད་དུ་དར་མྱོང་བ་དང་ད་ལྟ་དར་མུས་ཡོད་པའི་དམངས་སྲོལ་རིག་གནས་ལ་བརྟག་ཅིང་དཔྱད་ན། དམངས་སྲོལ་རིག་གནས་མང་ཆེ་བ་ཞིག་ལ་ཡུན་རིང་བའི་ལོ་རྒྱུས་ནང་དུ་སྤྱི་ཚོགས་དང་རིགས་སྣ་ཚོགས་ཀྱིས་ཤན་ཤུགས་བཟང་ངན་འདྲ་མིན་ཞིག་ཐེབས་ཡོད་ནའང་།  ཐོག་མར་བྱུང་དུས་ཀྱི་གདོད་མའི་ས་བོན་དེ་གསལ་ལ་མི་གསལ་བའི་ངང་དུ་མཐོང་ཐུབ་པས།  དེའི་འབྱུང་ཁུངས་དེད་ན་ཤིན་ཏུ་སྔ་ཞིང་དུས་ཡུན་རིང་བོ་ཞིག་བརྒྱུད་མྱོང་བའི་ལོ་རྒྱུས་ཤུལ་ལམ་ལྡན་པ་གསལ་ལེར་མངོན་ཐུབ།  དུས་ཡུན་ཤིན་ཏུ་རིང་བའི་བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་དང་མཚོན་ན།  མི་རིགས་སོ་སོའི་མེས་པོ་རྣམས་ཀྱིས་རང་གི་འཚོ་བའི་ཆེད་དུ་རི་དྭགས་བདའ་བ་དང་ཉ་འཛིན་པ།  དེ་ནས་མ་རྨོས་ལོ་ཏོག་གི་འབྲུ་འཐུ་བ་སོགས་མ་མཐའི་བཟའ་བཏུང་སྤྱོད་གསུམ་སྐོར་གྱི་ལས་ཀའི་ཤེས་བྱ་དེ་དག་ངེས་པར་ཤེས་དགོས་པ་དང་བསྒྲུབ་དགོས་པ་ཞིག་ཡིན་མོད།  ཡང་སྐབས་དེའི་དུས་སུ།  ལས་ཀ་དེ་དག་སྒྲུབ་པ་ན་ཡོ་བྱད་རྟུལ་ཞིང་ཐབས་ཤེས་ཉུང་བས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་རང་ཉིད་ཀྱི་བསམ་དོན་ཇི་བཞིན་དུ་འགྲུབ་རྒྱུ་དཀའ་བ་ཞིག་རེད།  ལྷག་ཏུ་མི་རྣམས་ཀྱི་ཤེས་རྟོགས་ཞན་པའི་དབང་གིས་ཉི་ཟླ་འཆར་ནུབ་དང་སྐྱེ་རྒ་ན་འཆི་སོགས་རང་བྱུང་ཆོས་ཉིད་ཀྱི་ཁྱད་ཆོས་མང་བོ་ཞིག་ཇི་བཞིན་དུ་རྟོགས་མ་ནུས་པས།  ཆག་སྒོ་ཆེ་བའི་རང་བྱུང་ཁམས་འདིའི་འཇིགས་པ་ཟློག་ཐབས་ལ་ལྷ་ཀླུ་གཉན་བཙན་སོགས་འགྲོ་བ་མི་ལས་ནུས་པ་ཆེ་བར་འདོད་པའི་མགོན་སྐྱབས་ཤིག་མི་རྣམས་ཀྱི་སེམས་སུ་བཟོ་སྐྲུན་དང་།  བཟོ་སྐྲུན་བྱས་པའི་མགོན་སྐྱབས་དེ་ལ་མཆོད་བཀུར་བགྱིས་པས། ཐོག་མའི་དུས་ཀྱི་མཆོད་སྲོལ་སྣ་ཚོགས་བྱུང་ཞིང་།  མཆོད་སྲོལ་དེ་དག་རིམ་པར་རྒྱུན་འབྱམས་སུ་སོང་ནས་མེད་དུ་མི་རུང་བའི་སྤྱི་ཚོགས་བྱ་འགུལ་ཞིག་དང་ཐོན་སྐྱེད་བྱེད་སྟངས་ཤིག་ཏུ་གྱུར།  སྤྱི་ཚོགས་བྱ་འགུལ་འདི་དང་ཐོན་སྐྱེད་བྱེད་སྟངས་འདི་ནི་དམངས་སྲོལ་རིག་གནས་ཀྱི་མ་ཕྱི་རུ་གྱུར་ཡོད། དམངས་སྲོལ་རིག་གནས་འདི་ལ་གདོད་མའི་དུས་ཀྱི་དམངས་སྲོལ་རིག་གནས་ཞེས་མིང་བཏགས་ནའང་མི་ཆོག་པ་མེད། དེ་ང་ཚོས་ཤེས་གསལ་ལྟར་དུ་གདོད་མའི་དུས་སུ་དར་བ་དང་། ལྷ་ཀླུ་གཉན་གསུམ་ལ་དད་མཆོད་བྱེད་སྲོལ་སོགས་དེང་སང་ད་དུང་རང་རེའི་བོད་མིའི་འཚོ་བའི་ནང་དུ་རབས་དང་རིམ་པ་ཞིག་མཐོང་རྒྱུ་འདུག་པས།  དམངས་སྲོལ་རིག་གནས་ལ་ལོ་རྒྱུས་ཀྱི་བྱུང་ཡུན་རིང་བོ་ཞིག་ལྡན་པ་དཔེ་འདི་གཅིག་པུས་ཀྱང་ར་སྤྲོད་བྱེད་ཐུབ།
     ཡང་དམངས་སྲོལ་གང་དང་གང་ལྟ་བུ་ཞིག་ཡིན་ཡང་ཐོག་མའི་སྐབས་སུ་དུས་རབས་གཅིག་དང་།  མི་རབས་གཅིག་གི་དུས་སུ་བྱུང་ཞིང་དར་བ་ཞིག་ཡིན་སྲིད་ཀྱང་།  དེ་ལ་རྗེས་བྱུང་གི་ཡུན་རིང་ལོ་རྒྱུས་ཀྱི་ཆུ་ཀླུང་རིང་མོའི་ནང་དུ། དམངས་སྲོལ་རིག་གནས་དེ་ཉིད་བྱུང་དུས་ཀྱི་སྤྱི་ཚོཊ་ཧྲིལ་བོ་དང་།  དམངས་སྲོལ་རིག་གནས་དེ་སྤེལ་མཁན་གྱི་མི་ཚང་མས་ཁས་ལེན་པ་དང་རྒྱུན་སྲུང་བ།  དུས་རབས་མང་བོ་ཞིག་གི་ནང་དུ་མི་ཀུན་གྱིས་རྒྱུན་སྤེལ་བྱས་ནས་བྱུང་བ་ཞིག་ཡིན།
     གཉིས་པ།  ཁེབས་རྒྱ་ཆེ་བ།  ང་ཚོས་གནའ་སྔ་མོའི་དུས་ཀྱི་དམངས་སྲོལ་རྙིང་བའི་བྱུང་ཚུལ་ལ་བརྟག་པ་དང་། དེང་སྐབས་གསར་དུ་དར་བཞིན་པའི་དམངས་སྲོལ་གསར་བ་གང་རུང་ཞིག་གི་བྱུང་ཚུལ་ལ་བལྟས་ན།  དམངས་སྲོལ་ནི་མི་རེ་གཉིས་ཀྱི་གོམས་གཤིས་དང་ཀུན་སྤྱོད་སྟོན་པ་ཞིག་མ་ཡིན་པར།  དེ་ནི་སྤྱི་ཚོགས་ཧྲིལ་བོ་དང་མི་ཀུན་གྱི་འགྲོ་གོམས་སྤྱོད་སྟངས་དེ་མཚོན་སྟོན་བྱས་ཡོད་པ་རེད།  དམངས་སྲོལ་གང་ཞིག་ཐོག་མར་མི་རེ་གཉིས་ཀྱིས་སྲོལ་བཏོད་པ་དང་འགོ་ཚུགས་པ་ཡིན་པའི་དབང་དུ་བཏང་ནའང་།  མི་ཚང་མས་ཁས་མི་ལེན་པ་དང་དང་དུ་མ་བླངས་ན་དམངས་སྲོལ་རིག་གནས་སུ་འགྱུར་མི་ཐུབ།  དེས་དམངས་སྲོལ་རིག་གནས་ནི་དམངས་ཡོངས་ཀྱི་འཚོ་བའི་ནང་འབྲལ་དུ་མེད་པ་ཞིག་ཡིན་ལ།  འགྲོ་བ་མི་ཚང་མས་ཀྱང་རང་ཉིད་འཚོ་ཞིང་གནས་པའི་སྐབས་དེར་དར་རྒྱུན་ཆེ་བའི་ལུགས་སྲོལ་དེའི་ནང་དུ་རང་འགུལ་གྱིས་རྒྱུན་སྲུང་མི་བྱེད་ག་མེད་ཅིག་ཡིན།  སྤྱིར་མི་ལ་དབང་གི་མཐོ་དམན་དང་ལོངས་སྤྱོད་ཀྱི་དབུལ་ཕྱུག་ཡོད་ཀྱང་རྒྱུན་འབྱམས་སུ་གྱུར་པའི་གོམས་སྲོལ་གྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན།  དེས་དམངས་སྲོལ་དེ་རྒྱུན་སྤེལ་དང་ཁྱབ་གདལ་གཏོང་བ་ནི་སྤྱི་ཚོགས་ཐོག་གི་མི་ཧྲིལ་བོ་ཡིན་པ་དང་། དེ་ནི་མི་ཁ་ཤས་ཀྱི་གོམས་སྤྱོད་དེ་མི་ལ་ལས་རྒྱུན་སྲུང་བྱེད་པ་ཞིག་མ་ཡིན་པར།  མི་ཚང་མའི་འགྲོ་འདུག་སྤྱོད་གསུམ་དེ། རྒྱུན་ལྡན་གྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ཕྱོགས་གཉིས་ཀའི་སྣེ་སོ་སོའི་ཁོངས་སུ་གཏོགས་པ་ཞིག་ཡིན།
     དེ་ལས་ང་ཚོས་བལྟས་ན།  གནའ་བོའི་དུས་ཀྱི་ཐོན་སྐྱེད་དམངས་སྲོལ་དེ་དང་གདོད་མའི་དུས་ཀྱི་ཆོས་ལུགས་དེ་གཉིས་ཕར་བསྲེས་ཚུར་བསྲེས་ངང་བསྐལ་བ་ཡ་ཐོག་གི་དམངས་སྲོལ་རིག་གནས་དེ་གྲུབ་པ་དང་།  སྐབས་དེའི་དམངས་སྲོལ་རིག་གནས་དེ་དག་དེང་སང་གི་ལྟ་བ་གསར་བའི་ལམ་ནས་བལྟས་ན་ཤིན་ཏུ་རྗེས་ལུས་དང་དགོད་བྲོ་བའི་སྣང་ཚུལ་ཞིག་འཆར་སྲིད་མོད།  ཡིན་ཡང་དུས་སྐབས་དེའི་མི་ཀུན་ལ་མཚོན་ན།  གནོད་འཚེ་ཆེ་ཞིང་འཇིགས་སྐྲག་ལྡན་པའི་འཚོ་བའི་ཁོར་ཡུག་ནང་དུ་གསོན་ཐུབ་པ་དང་གནས་ཐུབ་པ་ནི།  དམངས་སྲོལ་རིག་གནས་དེ་ཁོ་ཚོ་འཇིགས་སྐྲག་གི་སྒྲོག་ལས་མཐར་བྱེད་ཀྱི་གོ་ཆར་གྱུར་ཡོད་པ་གསལ་བས། དམངས་སྲོལ་རྙིང་བ་དེ་དག་ལ་དཔྱད་པ་གཏོང་ན་ངེས་པར་གནའ་དུས་ཀྱི་ཁོར་ཡུག་ཁྱད་པར་ཅན་དེའི་སྐབས་དང་འབྲེལ་ནས་དཔྱད་པ་ལས།  གནའ་དུས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་རིག་གནས་མ་ཕྱི་དེ་ཟུར་དུ་བསྐྱུར་ཏེ་དེང་སང་གི་སྤྱི་ཚོགས་ལ་སྦྱར་ནས་དཔྱད་ན།  ལྟ་བ་དང་ངག་ཚིག་གཉིས་ཀའི་ཐད་སྐྱོན་སྣ་ཚོགས་འབྱུང་བ་གདོན་མི་ཟའོ།  དེ་ཡང་གོང་དུ་ཞུས་པ་ལྟར་དུས་ཡུན་རིང་བོ་ཞིག་བརྒྱུད་པ་དང་སྤྱི་ཚོགས་ཐོན་སྐྱེད་གོང་ནས་གོང་དུ་འཕེལ་བའི་ཞོར་དུ།  མི་རྣམས་ཀྱི་ཤེས་རྟོགས་ཇེ་མཐོ་དང་།  བསམ་བློའི་དྲན་ཚུལ་ཡང་གོང་འཕེལ་དུ་སོང་བའི་དུས་མཉམ་དུ། དམངས་སྲོལ་རིག་གནས་ཀྱང་ནང་དོན་དང་རྣམ་པ་ཕྱོགས་གང་ཐད་ནས་ཕུན་སུམ་ཚོགས་པར་གྱུར་བ་འདི་ལགས།
     མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་དགའ་ཁ་འཁྱེར་སོ་གང་ས་གང་དུའང་དམངས་སྲོལ་རིག་གནས་ཀྱིས་མ་ཁེབས་ས་དང་མ་གཏོགས་ས་ཅི་ཡང་མེད།  དཔེར་ན། རྩོམ་རིག་གི་ཆ་ནས་བཤད་ན།  རང་རེའི་བོད་ཀྱི་ཡིག་ཐོག་གཏམ་རྒྱུད་དང་གཏམ་དཔེ།  སྙན་ངག་ལ་སོགས་ནི་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་ཀྱང་མང་ཤས་དམངས་ཁྲོད་ངག་རྩོམ་ལ་འབྲེལ་དམ་པོ་ཡོད་ཅིང་།  ནང་དོན་དང་རྣམ་པ་སོགས་ཕྱོགས་གང་ཐད་ནས་དམངས་ཁྲོད་ངག་རྩོམ་དེ་གཞི་བགྱིས་ཏེ་ཡིག་རྩོམ་འདི་འཁྲུངས་པ་ཡིན་ལ།  དེ་བཞིན་དུ་ཚན་རིག་ལག་རྩལ་དང་།  གསོ་བ་དང་བཟོ་རིག་བྱུང་འཕེལ་གྱི་གོ་རྟོགས་ཤིག་སློང་ཐུབ་པ་ནི།  བརྗིད་རྔམ་ལྡན་ལ་དར་རྒྱས་ཆེ་བའི་བོད་ཀྱི་རིག་གནས་འདིའི་བྱུང་འཕེལ་དམངས་སྲོལ་རིག་གནས་ལ་འབྲེལ་བ་གཏིང་ཟབ་མོ་ཡོད་པ་དང་། དམངས་སྲོལ་རིག་གནས་འདིའང་ང་ཚོས་རྒྱུན་དུ་བརྗོད་པའི་སྲོལ་རྒྱུན་རིག་གནས་ལ་འབྲེལ་ཆེ་སྟབས།  མཚམས་མཚམས་སུ་སྲོལ་རྒྱུན་རིག་གནས་དང་དམངས་སྲོལ་རིག་གནས་སོ་སོར་དབྱེ་དཀའ་བའི་ཚུལ་དུ་གནས་པ་ཞིག་ཡིན།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།