中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། ཉི་མའི་ཁྱིམ་བཅུ་གཉིས་ལ་སྲོག་ཆགས་ཀྱི་མིང་འདོགས་དོན་ཅི་ཡིན།
དུས་ཚོད།2016-12-28 15:58:57     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
        བོད་ཀྱི་སྐར་རྩིས་རིག་པའི་གཞུང་ལྟར་ན།  ཉི་མས་སའི་གོ་ལར་སྐོར་བའི་ནམ་མཁའི་གོ་ལ་དེ་ཤར་གླིང་དུམ་བུ་གསུམ་དང་། ལྷོ་གླིང་དུམ་བུ་གསུམ།  ནུབ་གླིང་དུམ་བུ་གསུམ།  བྱང་གླིང་དུམ་བུ་གསུམ་བཅས་ཁྱིམ་བཅུ་གཉིས་ལ་བགོས་འདུག  ཁྱིམ་དུམ་བུ་བཅུ་གཉིས་ཡོད་པའི་ནམ་མཁའི་གོ་ལ་གཡས་སུ་འཁོར་ཞིང་།  ཉི་མ་རང་འགྲོས་ཀྱིས་གཡོན་དུ་འཁོར་བའི་དབང་གིས་ཉི་མ་ཤར་གླིང་གི་དུམ་བུ་དང་བོ་སླེབས་དུས་ལུགས་རྙིང་གི་ཟླ་གསུམ་པ་ཡིན་ལ།  དུས་དེར་ལུག་ལ་མངལ་སྦྲུམ་པ་ཡིན་པས་ལུག་གི་ཁྱིམ་ཞེས་བརྗོད་པ་དང་། ཉི་མ་ཤར་གླིང་གི་དུམ་བུ་གཉིས་པར་སླེབས་དུས་ཟླ་བ་བཞི་བ་སྟེ། གླང་རྣམས་ཞིང་རྨོ་བའི་དུས་ཡིན་པས་གླང་གི་ཁྱིམ་ཞེས་བརྗོད།  ཉི་མ་ཤར་གླིང་གི་དུམ་བུ་གསུམ་པར་སླེབས་ཚེ་ཟླ་བ་ལྔ་བ་སྟེ།  དུད་འགྲོ་ཕལ་ཆེར་འཁྲིག་པ་སྤྱོད་པའི་དུས་ཡིན་པས་འཁྲིག་པའི་ཁྱིམ་ཞེས་བརྗོད།  ཉི་མ་ལྷོ་གླིང་གི་དུམ་བུ་དང་བོར་སླེབས་ཚེ་ཟླ་བ་དྲུག་པ་སྟེ། སྦལ་བའི་སྐད་འབྱིན་པའི་དུས་ཡིན་པས་ཀརྐ་ཊའི་ཁྱིམ་ཞེས་བརྗོད། ཉི་མ་ལྷོ་གླིང་གི་དུམ་བུ་གཉིས་པར་སླེབས་དུས་ཟླ་བ་བདུན་པ་སྟེ། སེང་གེས་འཁྲིག་པ་སྤྱོད་པའི་དུས་ཡིན་པས་སེང་གེའི་ཁྱིམ་ཞེས་བརྗོད། ཉི་མ་ལྷོ་གླིང་གི་དུམ་བུ་གསུམ་པར་སླེབས་ཚེ་ཟླ་བ་བརྒྱད་པ་སྟེ་བུ་མོའི་ཁྱིམ་ཞེས་བརྗོད།  ཉི་མ་ནུབ་གླིང་གི་དུམ་བུ་དང་པོར་སླེབས་ཚེ་ཟླ་བ་དགུ་བ་སྟེ་མར་རྣམས་སྲང་ལ་འདོགས་པའི་དུས་ཡིན་པས་སྲང་གི་ཁྱིམ་ཞེས་བརྗོད།  ཉི་མ་ནུབ་གླིང་གི་དུམ་བུ་གཉིས་པར་སླེབས་ཚེ་ཟླ་བ་བཅུ་བ་སྟེ་གནམ་གཤིས་གྲང་མགོ་ཚུགས་ནས་སྡིག་པ་རྭ་ཅན་རྣམས་ས་འོག་ཏུ་འཛུལ་བའི་དུས་ཡིན་པས་སྡིག་པའི་ཁྱིམ་ཞེས་བརྗོད། འདི་ལ་ཁ་ཅིག་གིས་གཅན་གཟན་རི་དྭགས་སོགས་སྤུའི་གྲ་ལེགས་ཤིང་རྔོན་པས་དེ་དག་བསད་ནས་སྡིག་པ་ཞེས་པའི་དུས་ཡིན་པའི་ཆ་ནས་དེ་སྐད་བརྗོད་པར་བཞེད་པའང་ཡོད།  ཉི་མ་དུམ་བུ་གསུམ་པར་སླེབས་ཚེ་ཟླ་བ་བཅུ་གཅིག་པ་སྟེ།  ནམ་ཟླ་ཧ་ཅང་གྲང་བས་མདའ་མཁན་གྱིས་གཞུ་འཐེན་དཀའ་བའི་ཆ་ནས་གཞུའི་ཁྱིམ་ཞེས་བརྗོད།  ཉི་མ་བྱང་གླིང་གི་དུམ་བུ་དང་བོར་སླེབས་ཚེ་ཟླ་བ་བཅུ་གཉིས་པ་སྟེ།  རྒྱ་མཚོ་ཆེན་མོའི་ཆུ་ཡང་ཧ་ཅང་གྲང་བས་ཆུ་སྲིན་རྣམས་ཀྱི་ཁ་ཉི་མར་འཁོར་ནས་ཉི་མར་བསྲོ་བས་ན་ཆུ་སྲིན་གྱི་ཁྱིམ་ཞེས་བརྗོད།  ཉི་མ་བྱང་གླིང་གི་དུམ་བུ་གཉིས་པར་སླེབས་ཚེ་ཟླ་བ་དང་བོ་སྟེ་བུམ་པའི་ནང་གི་ཆུ་དང་ས་གཞི་འཁྱགས་པར་འགྱུར་བའམ་བུམ་པའི་ནང་གི་ཆང་རོ་ནུས་དང་ལྡན་པའི་དུས་ཡིན་པས་བུམ་པའི་ཁྱིམ་ཞེས་བརྗོད་པ་དང་།  ཉི་མ་དུམ་བུ་གསུམ་པར་སླེབས་ཚེ་ཟླ་བ་གཉིས་པ་སྟེ་ས་ལ་དྲོད་འཛུལ་བའི་ཆུ་ནང་ནས་ཉ་རྣམས་འཁྱུག་འགྲོས་བྱེད་པའི་མགོ་བརྩམས་པས་ན་ཉ་ཡི་ཁྱིམ་ཞེས་བརྗོད་པ་ཡིན།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།   
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།