中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། ཞང་ཞུང་རྒྱལ་རབས་ཀྱི་གསར་རྙེད་འགངས་ཆེན་སྐོར།
དུས་ཚོད།2017-01-04 12:16:11     རྩོམ་གྱི་ཡོང་ཁུངས། ཧི་མ་ལ་ཡའི་བོན་གྱི་དྲ་བ།    ཆུང་། | འབྲིང་། | ཆེ།
      བོད་ལྗོངས་ནུབ་ཕྱོགས་ཀྱི་མངའ་རིས་ས་ཁུལ་ནི་བོད་ལྗོངས་ཀྱི་ཆེས་ལྐོག་གྱུར་གྱི་གནས་ཤིག་ཏུ་བགྲང་གི་ཡོད་ལ།  དེ་ནི་ཆ་སྙོམས་ཀྱིས་མཚོ་ངོས་ལས་སྨི4500 ཡིས་མཐོ་བའི་གནས་སུ་ཡོད།  ཀུན་གྱིས་གླེང་གཞིར་གྱུར་པའི་གནས་འདིར་ལོ་ངོ་སྟོང་ཕྲག་འགའི་སྔོན་དུ་ཞང་ཞུང་རྒྱལ་རབས་ཞེས་པ་ཞིག་ཡོད་པ་ཤེས་ཀྱིན་ཡོད་དམ།  ཞང་ཞུང་རྒྱལ་རབས་ནི་བོད་ཀྱི་བཙན་པོའི་རྒྱལ་རབས་མ་བཙུགས་སྔོན་གྱི་སྟོབས་འབྱོར་མངའ་ཐང་དར་བའི་མནའ་འབྲེལ་གྱི་ཚོ་བས་གྲུབ་པའི་རྒྱལ་རབས་ཤིག་ཡིན་ལ།  རྗེས་སུ་ཡར་ལུང་སོགས་དར་རྐྱེན་ཞང་ཞུང་དེ་ལོ་རྒྱུས་ཀྱི་གར་སྟེགས་ནས་ཕྱིར་བུད།  ཡིན་ནའང་།  ལོ་རྒྱུས་རིག་པ་ཚོར་ཆེས་ཕངས་སེམས་ཆེ་བ་ནི་གནའི་ཡིག་ཚང་དང་གནའ་རྫས་ཀྱི་རྒྱུ་ཆ་ཉུང་བའི་དབང་གིས་ཞང་ཞུང་དེ་ཤེས་མཁན་ཧ་ཅང་ཉུང་བའི་གནས་སུ་གྱུར་ཡོད།
 དུས་ཡུན་རིང་བོ་ཞིག་ཏུ་ཁོ་ཚོས་ལྷོད་པ་མེད་པར་ཞང་ཞུང་དེ་ཇི་ལྟ་བུ་ཞིག་ཡིན་པའི་སྐོར་ལ་བསམ་བློ་བཏང་མཐར། ཉིན་ཞིག་ཞང་ཞུང་གི་བང་སོ་ཞིག་རྙེད་པར་བརྟེན་ད་གཟོད་ཞང་ཞུང་རྒྱལ་རབས་ལ་ཞིབ་འཇུག་བགྱི་བའི་དབུ་ཕྱེས། ཟོང་སྐྱེལ་རླངས་འཁོར་ཆེ་བའི་འཁོར་ལོའི་འོག་གི་གསར་རྙེད། 
     2005ལོའི་ཉིན་ཞིག་ལ།  ཟོང་སྐྱེལ་རླངས་འཁོར་ཆེ་བ་ཞིག་མངའ་རིས་སྒར་རྫོང་སྟེ།  ད་ལྟའི་བོན་གྱི་གུ་རུ་རྒྱལ་མོ་དགོན་གནས་སར་བརྒྱུད་ནས་འགྲོ་སྐབས།  གློ་བུར་དུ་རླངས་འཁོར་གྱིས་ཅི་ཞིག་མནན་ཏེ་བརྡིབས་པ་ལྟ་བུའི་ཡོམ་འགུལ་ཞིག་བརྒྱབ་པ་དང་སར་བབས་ནས་བལྟ་སྐབས་སུ། རླངས་འཁོར་གྱི་འཁོར་ཤུལ་དུ་ཁོང་བུ་ཆེ་བ་ཞིག་ཡོད་པ་མཐོང་བ་དང་།  དགོན་པ་དེར་བཞུགས་པའི་གྲྭ་བ་དག་སླེབས་ཏེ་སྔོག་འདོན་སྟབས་བདེ་ཞིག་བྱས།  སྐབས་དེར་ཆེད་ལས་ཀྱི་གནའ་རྫས་རྟོག་དཔྱོད་རུ་ཁག་ཞུགས་མེད་མོད། སྐབས་དེ་ནས་བཟུང་བོད་ལྗོངས་གུ་རུ་རྒྱལ་མོ་བང་སོའི་སྔོག་འདོན་གྱི་ལས་བགྱིས།  ལོ་དེའི་གནའ་རྫས་རྒྱུ་ཆར་གཞིགས་ན།  བང་སོ་དེ་ནི་ཆུ་རྒྱུན་གྱི་བྱེ་མའི་འོག་ཏུ་སྦས་ཤིང་།  དེ་ནི་གྲལ་འགྲིག་པའི་རྡོ་ལེབ་བརྩིགས་ཏེ་གྲུབ་པའི་སྨི་གཉིས་ཅན་གྱི་གྲུ་བཞི་ནར་མོའི་དབྱིབས་ཀྱི་བང་སོ་ཞིག་ཡིན་ལ།  ནང་དུ་གྲུ་བཞི་སྒམ་གྱི་དབྱིབས་ལྟ་བུའི་ཤིང་གི་པུར་སྒམ་བཞག་ཡོད་པ་དང་།  ཀེང་རུས་ཉར་ཚགས་བྱས་པ་ཅུང་ཟད་བཟང་མོད།  པུར་གྱི་རྣམ་པར་རྟོག་དཔྱོད་གསལ་བཤད་བྱེད་མི་ཐུབ།  དེ་དང་མཉམ་དུ་དུར་འཇུག་བྱས་པའི་དངོས་པོ་ལ“རྒྱལ་བློན”ཞེས་པའི་ཡི་གེ་འཁོད་པའི་འདབ་ཆགས་དང་རི་དྭགས་ཀྱི་རི་མོ་ཕབ་པའི་དར་གོས་ལེབ་མོ་དང་རང་བྱུང་ཁམས་མདོག་གིས་གྲུབ་པའི་དར་གོས་རྙིང་རོ་འབོར་ཆེན་དང་།  རྟའི་རྨིག་དབྱིབས་དང་འདྲ་བའི་ཤིང་གི་སོ་མང་།  ཤིང་ཅོག་རིང་བོ།  ཤིང་སྒམ།  རྩྭ་བཟོས་ཡོ་ཆས།  ཤིང་གཙུབས་མེ་ལེན་ཡོ་ཆས།  ཟངས་ཀྱི་ལྷུང་བཟེད་དང་ཟངས་ཀྱི་སླ་ང་སོགས་ཡོད།  གསར་རྙེད་འགངས་ཆེན་འདི་དག་ལ་གནའ་རྫས་རྟོག་དཔྱོད་པས་མཐོང་ཆེན་བྱས་པ་དང་། 2012ལོའི་ཟླ་དྲུག་པ་ནས་བརྒྱད་པའི་བར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་ཞིབ་འཇུག་ཁང་དང་བོད་ལྗོངས་རིག་དངོས་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བོད་ལྗོངས་མངའ་རིས་སྒར་རྫོང་མོན་འཚེར་ཤང (ཁྱུང་ལུང་དངུལ་མཁར) གུ་རུ་རྒྱལ་མོ་བང་སོར་ཐིག་ལེན་དང་སྔོག་འདོན་ཚོད་ལྟ་བྱས།  བསྔོག་འདོན་གྱིས་གསལ་བཤད་བྱས་པ་ལྟར་ན།  གུ་རུ་རྒྱལ་མོ་བང་སོ་ཡོད་ས་དེར་བང་སོ་འགའ་ཡོད་ལ།  དེ་ནི་ཀྲུང་གོའི་དབུས་རྒྱུད་ཧན་ཅིན་དུས་སྐབས་དང་དུས་མཉམ་ཡིན་ལ། ཞང་ཞུང་གི་ཁྱུང་ལུང་དངུལ་མཁར་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།  སྐབས་དེའི་བསྔོག་འདོན་ཁྲོད་དུ་ལི་ཆས་དང་། གསེར་གྱི་ཞལ་འབག་ཆུང་ཆུང་།  ནང་ལོག་དབུས་རྒྱུད་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རལ་གྲི  དེ་མིན་སྲོག་ཆགས་ཀྱི་རུས་པ་འབོར་ཆེན་སོགས་འདུག་ལ།  དེ་ནི་དེ་སྔོན་གུ་རུ་རྒྱལ་མོ་དགོན་གྱི་གྲྭ་བ་ཚོས་གཙང་དག་བྱས་པའི་དངོས་རྫས་ཀྱི་རྣམ་པ་དང་འདྲ་བར་འདུག  གནའ་རྫས་རྟོག་དཔྱོད་རུ་ཁག་གིས་བང་སོ་དེའི་ཉེ་འཁོར་དུ་སྔོག་བཤེར་ཞིབ་ཕྲ་བྱས་པར།  བར་ཐག་སྨི20ཙམ་གྱི་མཚམས་སུ་སྔ་གཞུག་ཏུ་བང་སོ་ཆེན་མོ་གསུམ་རྙེད་སོན་བྱུང་བ་དང་།  བང་སོ་དེ་དག་ནི་གྲུ་བཞི་རྡོ་ཁང་གི་དབྱིབས་སུ་མངོན་ལ།  གཏིང་ཚད་ལ་སྨི4ནས6ཡོད་ཅིང་གཞི་རྒྱ་ཅུང་ཆེ་བ་དང་།  མངའ་རིས་ས་ཁུལ་དུ་གཏིང་རིམ་ཆེས་ཟབ་ལ་བང་སོ་མང་བོ་འདུས་པའི་བང་སོའི་ཚོགས་ཤིག་ཡིན་ལ།  བོད་ལྗོངས་ཡོངས་སུ་ཀྱང་དེ་ལྟ་བུའི་བང་སོ་མཐོང་དཀོན།  བང་སོའི་འཛུགས་སྐྲུན་གྱི་ཚད་འཇལ་དང་རྡོ་ཆས་འཚོལ་སྡུད། ལས་སྣོན། སྐྱེལ་འདྲེན་སོགས་ལ་མི་ཤུགས་དང་དངོས་ཤུགས་མང་དུ་དགོས་པར་བརྟགས་ན། གནས་དེ་ནི་སྐབས་དེའི་སྲིད་འབྱོར་རིག་གསུམ་ཀྱི་ལྟེ་གནས་ཡིན་པ་རྟོགས་ཐུབ།
       གསེར་གྱི་ཞལ་འབག 
       ཚོ་དཔོན་དང་སྐུ་དྲག་མཐོ་གྲས་ཀྱི་དུར་མཆོད། གསེར་གྱི་ཞལ་འབག་དང་རིག་དངོས་གཞན་པ་སར་བཏོན་པའི་གནས་ཚུལ་ཅུང་ཟད་མི་འདྲ་སྟེ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་དཔྱོད་ཁང་གི་ཞིབ་འཇུག་པ་ཐོང་ཐའོ་ཡིས་ཕྱིར་དྲན་བྱས་པ་ལྟར་ན། དེ་སྔོན་གྲྭ་བ་ཚང་མས་རིག་དངོས་བསྔོག་འདོན་བྱས་ཟིན་རྐྱེན་རྗེས་སུ་སླེབས་པའི་ཁོ་ཚོར་སྔོག་འདོན་ཐད་དུ་གྲུབ་འབྲས་ཆེན་པོ་མ་བྱུང་ལ།  གསེར་གྱི་ཞལ་འབག་ཆུང་ངུ་རྙེད་སྐབས་སུའང་སའི་ནང་གི་གད་སྙིགས་སུ་འཕྲུལ་ནས་ཨེན་གང་གིས་དོར།  ཐོང་ཐའོ་ཡིས་གསེར་གྱི་ཞལ་འབག་འདི་ལྟར་དུ་ངོ་སྤྲོད་བྱས་པ་སྟེ།  དེ་ནི་ཆེ་རྒྱུ་མེད་ལ་ལི་སྨི་བཞི་ཙམ་ཡོད་པའི་གྲུ་བཞི་མ་ཞིག་ཡིན་ལ།  མདོག་ནག་པོ་དང་དམར་བོས་དབང་བོ་སྣ་ལྔ་དང་།  སོ།  ཁ་སྤུ་བཅས་བྲིས་ཡོད་ལ།  མཐའ་རུ་ཁུང་བུའི་བསྟར་ཕྲེང་སྒྲིག་ཡོད་པ་ནི་རྒྱུ་ཆ་སྙི་མོ་གཞན་གྱི་སྟེང་དུ་འཚེམ་བྱེད་ཡིན་ལ།  དེའི་ཉེ་འཁོར་དུ་ད་དུང་རིན་ཆེན་རྒྱན་ཆ་རྙེད་ལ་དེ་ནི་ཞལ་འབག་དང་མཉམ་དུ་འདོགས་པའི་རྒྱན་ཆ་ཡིན་སྲིད།  ཡིག་ཚང་དུ་འཁོད་པ་ལྟར་ན།  ཐུ་བྷོད་ཀྱིས་བོད་ལྗོངས་ནུབ་ཁུལ་དབང་དུ་མ་བསྡུས་སྔོན་དུ་གནས་འདི་དུས་ཡུན་རིང་བོར་བདག་བཟུང་བྱེད་མཁན་ནི་ཞང་ཞུང་བ་ཡིན།
      ཡིག་ཚང་འཐུས་མི་ཚང་བའི་རྐྱེན་གྱིས་ཞིབ་འཇུག་པ་རྣམས་ཀྱིས་དེ་གནས་པའི་དུས་ནི་སྤྱི་ལོ་སྔོན་གྱི་དུས་རབས་བཞི་བ་ནས་བདུན་པའི་བར་ཡིན་པར་རིག་འདེད་བྱས་ཡོད་ལ།  དེ་ནི་བང་སོ་གནས་པའི་དུས་སྐབས་ཡང་ཡིན།  འགྲིམ་འགྲུལ་སྟབས་མི་བདེ་བ་དང་བཀོལ་སྤྱོད་བྱས་ཆོག་པའི་ཐོན་ཁུངས་ཀྱི་ཚད་བཀག་ལ་གཞིགས་ན་ཞང་ཞུང་ནི་ད་ལྟར་བརྗོད་པའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་མིན་པར་མནའ་འབྲེལ་ཚོ་བས་གྲུབ་པ་ཡིན་སྲིད།  བོད་ཡིག་གི་ཡིག་ཚང་ལ་གཞིགས་ན།  ཞང་ཞུང་ལ་རྒྱལ་ཁག་བཅོ་བརྒྱད་ཡོད་པ་དང་། ཞལ་འབག་དེ་དག་བཀོལ་མཁན་ནི་ཚོ་དཔོན་དང་སྐུ་དྲག་མཐོ་ཤོས་ཡིན་སྲིད།  མཚོ་ངོས་ལས་མཐོ་བའི་མངའ་རིས་སུ་གསེར་ཡོད་པའི་ལོ་རྒྱུས་མེད་པས་གསེར་ཇི་ལྟར་རྙེད་སྲིད་དམ་ཞེ་ན།  ལོ་རྒྱུས་རིག་པ་བས་བདེན་དཔང་ལ་གཞིགས་ན། མངའ་རིས་དང་ཐག་མི་རིང་བའི་རྒྱ་གར་གྱི་བྱང་ཕྱོགས་དང་ལ་དྭགས་ཀྱི་ལེ་གྲོང་ཁྱེར་དུ་གསེར་ཐོན་པ་ཡིན།  སྐབས་དེར་གྲོག་མའི་གསེར་ཟེར་བའི་ངག་རྒྱུན་ཞིག་ཀྱང་ཡོད་དེ།  གཏུམ་དྲག་ཆེ་ཞིང་རི་བོང་གི་ཆེ་ཆུང་ཡོད་པའི་གྲོག་མའི་ས་འོག་ནས་གསེར་ཕྱུང་བ་དང་དེ་ས་གནས་ཀྱི་མིས་བསྡུ་གསོག་བྱས།  གསེར་ནི་ཆུང་ཡང་དར་ཁྱབ་ཤིན་ཏུ་ཆེ།  ཐོང་ཐའོ་ཡིས་བརྗོད་པ་ལྟར་ན།  ངག་རྒྱུན་འདི་དག་ནི་མི་མང་བོའི་ངག་བརྒྱུད་ནས་བྱུང་རྐྱེན་བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་ཡང་གསེར་གྱི་ཞལ་འབག་སྐོར་གྱི་ལུགས་དང་མཐུན་པའི་བཤད་ཚུལ་རེད་ཟེར། 
      གསེར་དར་གོས་ཀྱི་སྟེང་དུ་བརྒྱན་ཏེ་གཤིན་པོའི་ལུས་ལ་བྱུགས་པ་ནི་གནའ་རྫས་རྟོག་དཔྱོད་པར་མཚོན་ན་དོན་དག་གསར་བ་ཞིག་མིན་ཏེ།  ཤིན་ཅང་དུ་མང་བོར་མཐོང་རྒྱུ་ཡོད་ལ།  ཡ་གླིང་དཀྱིལ་མའི་ས་ཁུལ་དུ་ཡང་འདམ་སོགས་གདོང་ལ་བྱུགས་ཡོད་པ་མཐོང་།  དེ་བས་གསེར་ནི་སྤྱི་ལོ་དུས་རབས་བཞི་ལྔའི་སྐབས་སུ་དར་ཁྱབ་ཆེ་ལ།  གནའ་རྫས་རྟོག་དཔྱོད་པས་བཤད་པ་ལྟར་ན།  ཞང་ཞུང་གི་མིས་ཕྱི་ཡོང་གི་རིག་གནས་ནང་འདྲེན་བྱས་པའམ་དུས་རབས་དང་བསྟུན་པ་ཡིན་ཤས་ཆེ་ཟེར། 
        དར་གོས།
       གུ་རུ་རྒྱལ་མོ་དགོན་པའི་གྲྭ་བས་བང་སོའི་ཁ་ཕྱེ་སྐབས་ཐོག་མར་རྙེད་པའི“རྒྱལ་བློན”ཞེས་པའི་ཡི་གེ་འཁོད་པའི་འདབ་ཆགས་དང་རི་དྭགས་རི་མོར་བཀོད་པའི་དར་གོས་ནི་མཚོ་བོད་མཐོ་སྒང་ནས་རྙེད་པའི་ཆེས་སྔ་བའི་དར་གོས་ཡིན། དར་གོས་ནི་རྒྱ་ནག་དར་གོས་ཡིན་ལ། དཀྱུས་ལ་ལི་སྨི44ཡོད་ཅིང་། ཞེང་ལ་ལི་སྨི24ཡོད་པའི་རི་མོ་ཚོ་ཁག་གསུམ་གྱིས་གྲུབ་ཡོད།  དེའི་ཁྲོད་རྒྱལ་བློན་ཞེས་པའི་ཡི་གེ་འཁོད་པའི་དར་གོས་དང་ལྡོག་གཟུགས་སུ་གྲུབ་པའི་ཡི་གེ་ནི་དུས་རབས་གསུམ་པ་ནས་བཞི་བའི་བར་དང་སྤྱི་ལོ455ལོར་བེ་ལིས་ཡིན་ཕན་བང་སོ་དང་ཐུ་ལུ་ཧྥན་ཨ་སི་ཐ་ན་བང་སོ་གཉིས་སུ་བྱུང་མྱོང་བས།  འདིར་བྱུང་བའི་དར་གོས་ཡང་དུས་རབས་གསུམ་པ་ནས་ལྔ་བའི་བར་གྱི་ཡིན་པ་ཤེས་ཐུབ་པ་མ་ཟད།  འབྲེལ་ཡོད་ཞིབ་འཇུག་པས་ཀེང་རུས་ཞིབ་འཇུག་གི་ཐབས་ལམ་སྤྱད་ནས་བརྟག་དཔྱད་བྱས་པར་དེ་ནི་དུས་རབས་གསུམ་པ་དང་བཞི་བའི་བར་གྱི་ཡིན་པ་ཤེས་རྟོགས་བྱུང་ཡོད། 
    ཇ་ལོ་དང་འདྲ་བའི་དངོས་རྫས།  
       བང་སོ་ལ་གཙང་བཤེར་བྱེད་སྐབས་སུ། གནའ་རྫས་རྟོག་དཔྱོད་པས་ཟངས་ཀྱི་སྣོད་ཆས་ཀྱི་ནང་ནས་ཇ་ལོ་དང་འདྲ་བའི་དངོས་རྫས་རྙེད་ཅིང་། ཐོང་ཐའོ་ཡིས་ཚོད་དཔག་ལྟར་ན། དེ་ནི་ཟས་རིགས་ཤིག་ཡིན་སྲིད་མོད་ཆུར་སྦངས་རྒྱུའི་ཇ་ལོ་ཞིག་མིན་པར་འདོད། སྐད་བརྡ་རིག་པས་ཚོད་དཔག་ལྟར་ན་ཇ་ཞེས་པའི་སྒྲ་དེ་ནི་བོད་དང་འབར་མའི་སྐད་རྒྱུད་ལྟར་ན་ཡུན་ནན་ནས་ཡོང་བ་ཡིན་ལ།  ཡུན་ནན་ནི་དངོས་ནས་ཇའི་ཕ་ཡུལ་ཡིན།  དེ་ནི་ཧན་རྒྱལ་རབས་སྐབས་ཡིན་པར་འདེད་ཐུབ་མོད་གནའ་རྫས་རྟོག་དཔྱོད་པས་བདེན་དཔང་གསལ་བོ་མ་རྙེད།  གལ་ཏེ་འདིར་བྱུང་བ་དེ་ཇ་ལོ་ཡིན་ཚེ།  ཇ་རྟའི་ཚོང་ལམ་གྱི་ལོ་རྒྱུས་ཀྱང་ཇེ་རིང་དུ་གཏོང་ཐུབ།  ཐོང་ཐའོ་ཡིས་བཤད་རྒྱུར། དེ་ལྟར་ན་དར་གོས་དང་ཇ་གཉིས་ཀྱི་གསར་རྙེད་དུས་སྐབས་འདྲ་བ་རེད་ཟེར།  ཇ་ལོ་ཡུན་ནན་ནས་ནང་འདྲེན་བྱས་པའི་དོན་དག་ནི་ཅི་འདོད་དུ་བཤད་པ་ཙམ་མ་ཡིན་ཏེ།  རང་བྱུང་གི་ཐོན་ཁུངས་ཀྱིས་དབུལ་བའི་ཞང་ཞུང་དུ་དངོས་རྫས་མང་ཆེ་ཤོས་ནི་ནང་འདྲེན་བྱས་པ་ཡིན་ཏེ།  ཟངས་ཀྱི་རལ་གྲིས་གནས་འདི་དང་རྒྱའི་ལྷོ་ནུབ་ཀྱི་བར་ལ་འབྲེལ་བ་དམ་ཟབ་ཡོད་པ་བདེན་དཔང་བྱས་ཡོད་པས་སོ།
     མངའ་རིས་ས་ཁུལ་ནི་མི་གྲངས་ཉུང་ལ་ཁ་ཐག་རིང་ཞིང་།  མཐའ་འཁོར་གྱི་ས་ཁུལ་དང་འབྲེལ་འདྲིས་ཆེན་པོ་མེད་པར་གནས་རྐྱེན།  མི་ཚང་མས་གནས་འདི་དང་གནས་གཞན་དབར་ལ་འབྲེལ་འདྲིས་བྱུང་ཡོད་པ་བློ་ཡུལ་ལས་འདས་པར་སྣང་མོད།  གུ་རུ་རྒྱལ་མོ་བང་སོ་གསར་རྙེད་ཀྱིས་ལྟ་ཚུལ་འདི་དག་མེད་པར་བྱས། “དེ་ཡོ་རོབ་དང་ཡ་གླིང་སྐམ་སའི་རིག་གནས་ཁྱིམ་རྒྱུད་ཀྱི་ཆ་ཤས་ཤིག་ཏུ་བརྩིས་ཏེ་བསམ་བློ་བཏང་ཆོག་ལ།  རིག་གཞུང་གི་ཁྱབ་ཁོངས་སུའང་གནམ་ས་འགུལ་བ་ལྟ་བུའི་གསར་རྙེད་རེད”ཅེས་ཐོང་ཐའོ་ཡིས་བཤད།  དུས་ཀྱི་སྟེང་ནས་བཤད་ན།  གསར་རྙེད་འདི་ལ་བོད་ལྗོངས་ནུབ་ཕྱོགས་ཀྱི་ཐུ་བྷོད་དུས་སྐབས་སྔོན་གྱི་གནའ་རྫས་རྟོག་དཔྱོད་ཀྱི་ལས་ལ་རིག་གཞུང་གི་རིན་ཐང་ཆེན་པོ་ཡོད་པ་དང་།  བོད་ལྗོངས་རྡོ་ཆས་གསར་མའི་དུས་ནས་ཐུ་བྷོད་དུས་སྐབས་ཀྱི་སྟོང་ཆ་བསྐངས་པར་བྱས།  བོད་ལྗོངས་ནུབ་ཕྱོགས་ནས་གནའ་རྫས་སྔོག་འདོན་གྱི་ལས་ཀ་བསྒྲུབས་པ་ཉུང་རྐྱེན།  ལོ་ཚིགས་ཀྱི་ཐད་ལ་ཁ་མི་ཚང་བའི་ཆ་མང་།  གུ་གེའི་རྒྱལ་རབས་མ་དར་བའི་དུས་ཚོད་རིང་བོ་ཞིག་ཏུ་མངའ་རིས་ཐུ་བྷོད་ཀྱིས་དབང་མཛད་བྱས་པ་དེ་བོད་ཀྱི་ཡིག་ཚང་དུ་མཐོང་ཐུབ་མོད།  འོན་ཀྱང་རྡོ་ཆས་གསར་མའི་དུས་རབས་ཕྱི་མ་ནས་ཐུ་བྷོད་སྐབས་ཀྱི་ཡིག་ཚང་ཉུང་རྐྱེན།  གནའ་རྫས་རྟོག་དཔྱོད་པས་ལྕགས་ཆས་དུས་རབས་སྔ་མ་ཞེས་མག་མོག་ཏུ་ངོས་འཛིན་གྱི་ཡོད།
     ཉེ་བའི་ལོ་བཅུའི་ནང་དུ་གནའ་རྫས་རྟོག་དཔྱོད་པས་དུང་དཀར་བྲག་ཕུག་དགོན་དུ་སྤྱི་ལོ་སྔོན་གྱི་ལོ་སྟོང་ནས་བཞི་བརྒྱའི་བར་གྱི་རྙེད་མོད།  དེའི་རྗེས་ཀྱི་ལོ་རྒྱུས་རྣམས་སྟོང་བར་གནས་ཡོད་པས་གུ་རུ་རྒྱལ་མོའི་བང་སོ་གསར་རྙེད་ཀྱིས་དེའི་སྟོང་ཁ་བསྐངས་པ་ཡིན་ནོ།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།