དེ་ཡང་གླིང་གི་མི་རྒྱུད་ནི། བོད་མིའི་ལྡོང་དྲུག་གི་ནང་ཚན་ལས། སྨུག་པོ་ལྡོང་གི་རིགས་རྒྱུད་རེད། ལྡོང་ར་ཁྲ་རྒན་པོ་ལ་བུ་གསུམ་བྱུང་བ་རྣམས་ཀྱིས་རྨ་ཆུའི་སྟོད་སྨད་བར་གསུམ་དུ་གཞི་བཟུང་ནས་བསྡད་པ་ལ་མི་རྒྱུད་མང་དུ་འཕེལ་ཏེ་སྡེ་ཆེན་པོར་ཆགས། དེ་ནས་བཟུང་བུ་སྐྱེས་པ་སྟག་ཤར་དཔའ་བོ་ཤ་སྟག་བྱུང་། ལྡོང་ཆོས་འཕེན་ནག་པོ་ལ་མ་མི་གཅིག་པའི་བུ་གསུམ་བྱུང་བ་ལས། གླིང་ཆེ་རྒྱུད། འབྲིང་རྒྱུད། ཆུང་རྒྱུད་གསུམ་བྱུང་ནས་མི་རྒྱུད་རབ་ཏུ་འཕེལ་ཏེ། སྡེ་ཤོག་ཆེ་ཞིང་བཙན་ཕྱུག་འཛོམས་པས་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་། སྨུག་པོ་ལྡོང་གི་མི་རྒྱུད་འབྲོག་སྡེ་ཆེན་པོ་འདི་ལ་གླིང་རུ་ཐོགས་པའི་རྒྱུ་མཚན། བཙན་ཕྱུག་འཛོམས་པས་ཡུལ་ཁམས་རྣམས་སུ་སྙན་གྲགས་དང་ལབ་གླེང་ཤིན་ཏུ་ཆེ་བ་བྱུང་སྟབས། མིང་ལ་གླེང་རུ་ཞེས་ཐོགས་ནའང་ཕྱིས་སུ་ཡི་གེ་འགྱུར་ནས་གླིང་རུ་ཞེས་གྲགས་པ་བྱུང་། གླིང་གི་བུ་རྒྱུད་སྐྱ་ལོ་ཟེར་བས། བྱང་བཟའ་ཟེར་བ་བག་མར་བླངས་པ་ལ་རྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ཟེར་བ། ཕྱིས་སེང་ཆེན་གྱི་བཙུན་མོར་གྱུར་པ་དེ་འཁྲུངས། གླིང་གི་སེང་བློན་ཟེར་བས། རྒྱ་བཟའ་ལྷ་སྐྱིད་སྒྲོལ་མ་དང་། འགོག་བཟའ་གཉིས་བག་མར་བླངས་པས། རྒྱ་བཟའ་ལ་དཔའ་བོ་རྒྱ་ཚ་ཞལ་དཀར་འཁྲུངས། འགོག་བཟའ་ལ་གླིང་རྗེ་གེ་སར་འཁྲུངས། འཁྲུངས་ཡུལ་ནི་ཁམས་ཀྱི་སྐྱིད་སོས་ཡག་གི་ཁ་མདོ་རེད་ཟེར། འཁྲུངས་པའི་ལོ་ཚིགས་ནི་མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་ལས། གེ་སར་རྒྱལ་བོ་འཁྲུངས་ལོ་ནི་ལྕགས་བྱི་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཀྱང་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ། རླངས་བྱང་ཆུབ་འདྲེ་འཁོལ་དང་སྨྲྀ་ཏི་ཛྙཱ་ན་ཀིརྟི་སྤྱན་དྲངས་ཏེ། ཆོས་ཞུས་པ་དང་། གཙུག་ལག་ཁང་བཞེངས་པས་ཀྱང་ཤེས་ནུས། ཞེས་སྒྲུབ་བྱེད་ནུས་ལྡན་བཀོད་པ་ལྟར་རོ། །ཡང་རབ་བྱུང་དང་པོའི་ས་སྟག་ལ་འཁྲུངས་པར་འདོད་མཁན་བྱུང་བ་དང་དེ་གཉིས་ཀྱི་བར་ཁྱད། སྔ་མའི་ལྕགས་བྱི་དང་དེང་འདིའི་བར་ལ་ལོ་ངོ་སོ་བརྒྱད་དང་། སྔ་མའི་ཆུ་སྦྲུལ་དང་དེའི་བར་ལ་ཞེ་ལྔ་ཙམ་ལས་ཁྱད་པར་ཆེན་པོ་མེད། འདི་དག་ནི་མཁས་པའི་གསུང་ཡིན་ཕྱིར་དཔྱད་གཞིར་འོས། སྲོང་བཙན་གྱི་སྔོན་དང་། དེའི་དུས་ཨེ་ཡིན་བསམ་ཟེར་བ་སོགས་བླུན་པོའི་གཏམ་ལ་ཚད་བཟུང་མེད་པས་དཔྱད་ཀྱིས་ག་ལ་ལང་། གེ་སར་འཁྲུངས་རྗེས་བུ་ཆུང་དེ་རྒྱ་ཚའི་མདུན་དུ་ཁྱེར་བས། རྒྱ་ཚ་རང་གི་ནུ་བོ་ཞིག་འཁྲུངས་པ་ལ་ཤིན་ཏུ་དགའ་ནས། ཨ་རེ་དགའ། ད་ངའི་བསམ་པ་འགྲུབ་སོང་བ་ཡིན་སོགས་གསུངས། ཁྱེའུ་རྒྱ་ཚ་ལ་དགའ་བའི་རྣམ་འགྱུར་གྱིས་ཇོར་སེ་བཞུགས་པས། རྒྱ་ཚས་ནུ་བོའི་མིང་ལ་ཇོ་རུ་ཞེས་ཐོགས་ཤིག་གསུངས་པ་བཞིན་རེ་ཞིག་གི་བར་དུ་ཇོ་རུ་ཞེས་གྲགས་སོ།
དེ་ནས་ཇོ་རུ་ཅུང་ཟད་ལག་ཆགས་པའི་སྐབས་སུ། གླིང་སྡེའི་དཔོན་ཁྲོ་ཐུང་གིས་ཇོ་རུ་བློ་རིག་ཅན་ཞིག་ཡིན་པ་མཐོང་སྟེ། འདི་ཆེར་སྐྱེས་དུས་དཔོན་ས་འཕྲོག་ཉེན་ཡོད་སྙམ་ནས། འགོག་མོ་འདྲེ་རེད་ཟེར་ནས། འགོག་མོ་མ་བུ་གཉིས་རྨ་སྨད་གཡུ་ལུང་སུམ་མདོར་རྒྱང་འཕུད་བཏང་། དེ་ནས་ཇོ་རུ་ལག་ཆགས་ཡག་གི་སྐབས་ཤིག་ཏུ། གླིང་གི་རྟ་རྒྱུག་བྱེད་པའི་ཆེད་དུ། ཚོགས་ཆེན་ཞིག་འཚོགས་ཏེ་གླུ་ལེན་གར་རྩེད་སོགས་ཀྱི་སྟོན་ཆེན་ཞིག་བྱས། དེའི་སྐབས་ཇོ་རུ་གླིང་ཡུལ་དུ་སླེབས་ཏེ་གློ་བུར་དུ་ཚོགས་ཆེན་དུ་ཞུགས། ཁྲོ་ཐུང་གཙོར་བྱས། གླིང་ཆེ་རྒྱུད། འབྲིང་རྒྱུད་གཉིས་མི་དགའ་ཡང་། ཇོ་རུ་ཆུང་རྒྱུད་ཚང་ཡིན་པས། ཆུང་རྒྱུད་ཚང་དགའ་སྤྲོའི་ནམ་མཁའ་ལངས། འབྲུག་མོས་གཉེན་འདེམས་ཀྱི་མདའ་མོ་ནམ་མཁའ་ལ་འཕངས་པ་ཇོ་རུའི་ཐོག་ཏུ་ལྷུང་། ཇོ་རུ་དང་གཉེན་སྒྲིག་བྱུང་། ཇོ་རུ་རང་ཡུལ་དུ་ཕེབས། དེ་ནས་རྟ་རྒྱུག་བྱེད་རྒྱུ་གྲོས་འཆམ་བྱུང་སྟེ་དུས་བཏབ་ནས། དུས་ཐོག་ཏུ་གླིང་ཆུང་རྒྱུད་ཚང་དང་མི་མང་གི་ཁ་ཐོག་ཏུ་སོང་སྟེ་ཇོ་རུ་ཡང་གདན་དྲངས། མཁར་སྟག་རྩེའི་མདུན་དུ་སྒར་བཏབ། གླིང་གི་དཔའ་རྟུལ་རྣམས་དང་མི་སྡེ་རྣམས་དེར་འདུས་པ་སའི་རྩི་ཤིང་བཞིན་དུ་གྱུར། གླིང་གི་རྒྱལ་སྲིད། ཕ་ཟོག་ཡོད་དགུ། སྐུ་གསུང་ཐུགས་རྟེན་དང་བཅས་པ་རྟ་རྒྱུག་གི་སྐུག་ལ་བཞག་ནས། ལྷ་བསང་བཅུ་གསུམ་བཏང་སྟེ་རྟ་རྒྱུག་བྱས། ཇོ་རུས་སྔར་ནས་ཁ་ལོ་བཏུལ་ཟིན་པའི་ལྷ་རྟ་རྐྱང་རྒོད་ལ་བཞོན་ནས་གཅིག་བསྒྱུར་གཉིས་བསྒྱུར་གྱིས་སྔོན་ལ་སླེབས་ཏེ་ཁྲི་ཁར་གཟི་བརྗིད་དང་ལྡན་པར་བཞུགས་སོ།།
དེ་ནས་དར་འཕྱར་དུང་འབུད་སོགས་དགའ་སྟོན་རྒྱ་ཆེན་པོ་བྱས་ཤིང་། གླིང་ཆེ་རྒྱུད། འབྲིང་རྒྱུད། ཆུང་རྒྱུད་ཀྱི་དཔའ་རྟུལ་རྣམས་དང་དཔོན་ཐམས་ཅད་འདུས་ནས་བུ་ཇོ་རུ་ལ་མཇལ་དར། རྟ་རྐྱང་རྒོད་ལ་མགྱོགས་དར་ཕུལ། དེ་དུས་ཁྲོ་ཐུང་གིས་རྒྱ་དར་དཀར་བོ་དྲི་མས་མ་གོས་པ་ཞིག་བཞག་ནས། སེམས་ལ་མི་དགའ་ཡང་། ངོ་འཛུམ་མདངས་དགའ་བའི་རྣམ་འགྱུར་གྱིས། ཧེ་ཧེ། ངའི་ཚ་བོ་ལ་དེ་རིང་གེ་འདི་འདྲ་སར་འདུག་ཟེར། དེ་ནས་ཇོ་རུ་ཁོ་རང་མིང་རང་གིས་མ་ཐོགས་པར། དེ་རིང་ང་ལ་ཨ་ཁུས་གེ་སར་བཏགས་པ་དེ་རྟེན་འབྲེལ་ལེགས། གེ་སར་སར་སྡང་བའི་དགྲ་ལ་སར། དོན་འགྲུབ་འགྲུབ་ཁྲ་མོ་གླིང་ལ་འགྲུབ། ཅེས་གསུངས་ཤིང་། གེ་སར་ནོར་བུ་དགྲ་འདུལ་ལམ། སྐྱེས་བུ་དོན་འགྲུབ་ཀྱི་མཚན་གསོལ་ནས་ཁྲ་མོ་གླིང་གི་རྗེ་བོར་གྱུར་ཏོ།།
གླིང་གེ་སར་རྒྱལ་པོས་གཡུལ་ཆེན་བཅོ་བརྒྱད་སོགས་བགྱིས་པ་དང་། རྨ་སྟོད་སྨད་བར་གསུམ་སོགས་མདོ་ཁམས་ཡོངས་ལ་དབང་བསྒྱུར་ཅིང་། བོད་ཡུལ་ཕལ་མོ་ཆེ་ལ་ལུང་འབེབས་པ་བྱུང་ངོ་།།
གླིང་གེ་སར་འདས་རྗེས་རིམ་གྱིས་མངའ་ཐང་ཉམས་པར་གྱུར་ནའང་གདུང་རྒྱུད་དང་མི་སྡེའི་ལྷག་མ་དུ་མ་ཡོད། སྡེ་དགེ་ཕྱོགས་ཀྱི་སྡེ་དཔོན་གླིང་ཚང་རྒྱལ་པོ་ནི་གླིང་སེང་ཆེན་གྱི་རྒྱལ་རྒྱུད་རེད། གླིང་འགུ་ཟིའི་རྒྱལ་བོ་ཟེར་ལ། སྲས་དགྲ་བླ་རྩེ་རྒྱལ་ནས་བརྩིས་པའི་གདུང་རབས་ཞེ་དགུ་སོང་། ཞེས་སྔོན་གྱི་གླིང་ཚང་རྒྱལ་བོའི་རྒྱལ་རབས་ལོ་རྒྱུས་སུ་ཡོད་འདུག གླིང་ཚང་རྒྱལ་བོའི་རྒྱལ་ས་དེ་ན་སྔོན་གྱི་གླིང་གེ་སར་གྱི་སྦྲ་ཤུལ་ཡོད་པ་དང་། གེ་སར་སོགས་ཀྱི་གོ་མཚོན་དང་། བ་སོའི་ཕྱག་ཐམ་སོགས་ཡོད། སྡེ་དགེའི་ལྕང་ར་ན་ཁྲོ་ཆུའི་དངུལ་རྫོང་གི་ཤུལ་ཡོད་འདུག་ལ། མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ཀྱི་བར་དུ་འབྲུག་མོའི་གསེར་མཁར་དང་། འབྲུག་མོའི་ཆུ་འཁུར་སའི་རྡོ། སྐྱ་ལོའི་གཡག་རྔའི་ལབ་རྩེ། ཕོ་བྲང་སྟག་རྩེའི་མཁར་ཤུལ་ཡོད། འདན་ཁོག་གི་ས་སྐྱིད་སོས་གཡག་གི་མདོ་ན། གེ་སར་གྱི་ལྷ་ཁང་ཡོད་ཀྱང་། གོད་ཆགས་སྐབས་གཏོར་བརླག་བྱས་ཡོད་པ་གཞིར་བཞག་ཡིན་ཀྱང་གྱང་རོ་རེ་ལྷག་ཡོད་ལས་ཆེ། དེ་ན་གེ་སར་གྱི་རེད་ཟེར་བའི་ཁྲབ་རྨོག་གོ་མཚོན་སྒ་སྲབ་སོགས་སྔར་ཡོད། དེ་དག་ལ་སོགས་པ་གླིང་གི་རྗེས་ཤུལ་འདི་དག་ཕལ་ཆེར་རང་གིས་དངོས་སུ་མཐོང་བ་དང་། འགའ་ཞིག་ནི་ཡིད་རྟོན་རུང་བའི་མིའི་ངག་ལས་ཐོས་པ་ཡིན།
རྒྱལ་རོང་ཁོག་གམ་རྒྱལ་མོ་ཚ་བ་རོང་དུ། ཨ་མྱེ་ཁུར་ཏུང (འདི་ནི་སྒྲ་ཙམ་བྲིས་པ་ཡིན། ཡིག་ཐོག་ལ་ངེས་པ་མི་འདུག) ཟེར་བ་དེའི་ལོ་རྒྱུས་ཡོད་ཀྱང་། ས་ཆ་སོ་སོར་བཤད་ཚུལ་མི་འདྲ་བ་འདུག ལ་ལས་གླིང་གི་སྤྲུལ་བ་ཡིན་ཟེར། ལ་ལས་ཐབ་ལྷ་ཡིན་ཟེར་ནས་ལྷ་སྒྲུང་རིང་བོ་རེ་བཤད་ཀྱིན་འདུག དེང་སང་ལིས་ཤན་ཟེར་བའི་ས་ཆའི་རྒྱལ་རོང་གི་མིའི་གཏམ་རྒྱུད་ཅིག་ལ། ཨ་མྱེ་ཁུར་ཏུང་ནི་ཁྲོ་ཐུང་རེད། སྔར་ཁོས་ཧོར་དང་གཡུལ་བཀྱེས་པས། ཁོ་ཕམ་སྟེ་ཧོར་དམག་རྒྱལ་རོང་ཁོག་ཏུ་ཁྱབ། ཕྱིས་སུ་གླིང་དམག་གིས་ཧོར་རྒྱལ་རོང་ཡུལ་ནས་་ཕུད་པའི་གཡུལ་ལས་ཀྱི་རྒྱལ་ཁ་ཐོབ་པའི་དུས་ཚིགས་དགའ་སྟོན་ནི། ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་རྒྱལ་རོང་ཡོངས་ལ་བྱེད་ཀྱིན་ཡོད། དེ་དུས་སྟོན་རྩ་ཆེན་ཞིག་ཏུ་བརྩི་ལ། རྒྱལ་རོང་གི་ས་ཆའི་མི་སེར་ལ་ལས་དེ་ཅིའི་དུས་སྟོན་ཡིན་མི་ཤེས་ཟེར། ལ་ལས་ཨ་མྱེས་ཁུར་ཏུང་གི་རྗེས་དྲན་ཡིན་ཟེར། ལིས་ཤན་བཀྲ་ཤིས་གླིང་གི་དཔོན་རྒྱུད། དེང་སང་རྔ་བ་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ། ལོ་དོན་བཞི་ལོན་པའི་ཤེས་ཡོན་ཅན་མིང་ལ་བཀྲ་ཤིས་རྣམ་རྒྱལ་ཟེར་བ་དེས་བཤད་དོན། དེ་ནི་ཧོར་གླིང་འཁྲུགས་སྐབས་རྒྱལ་རོང་ནས་ཧོར་ཕམ། བོད་རྒྱལ་བའི་དགའ་སྟོན་རེད་ཟེར། ཡང་ཁོས་ཟེར་བ། ཁོའི་སྐྱེ་ཡུལ་ཀན་ཕོ་སྡེ་ཤོག་གི་གོམས་སྲོལ་ལ། དུས་སྟོན་དེའི་ཉིན (ཧོར་ཟླ 11 པའི་ཚེས 13 ཉིན།) དཔོན་འབངས་མཉམ་དུ་འཚོགས་ནས། དགའ་སྟོན་གཟབ་རྒྱས་བྱེད། གླུ་ལེན། བྲོ་རྡུང་། ཕྱེ་རིལ་སྣུམ་དུ་བཙོས་ནས་དགྲ་བོ་ཧོར་གྱི་མིག་ཡིན་ཟེར་ནས་ཟ། བདལ་ཐུག་རིང་བོ་བཙོས་ནས་དགྲ་ཧོར་གྱི་རྒྱུ་མ་ཡིན་ཟེར་ནས་ཟ། ནང་རྩམ་པ་དང་སྣུམ་བསྲེས་ནས་ཕྱི་གྲོ་ཕྱེས་བཏུམས་ཏེ་འཁུར་བ་སྙིང་དང་འདྲ་བ་བཟོས་ནས་ཧོར་གྱི་སྙིང་ཡིན་ཟེར་ནས་ཟ་བའི་སྲོལ་བཅིངས་འགྲོལ་སྔོན་དུས་ཡོད་པ་དང་། དེ་གའི་མི་རྒན་ཚོའི་གཏམ་རྒྱུད་ལ། ཧོར་དམག་རྒྱལ་རོང་ཡུལ་ནས་ཕམ་སྟེ། ཟུང་ཆུ་ཕྱོགས་སུ་བྲོས། དེ་ནས་མཛོད་དགེ་ཕྱོགས་སུ་བྲོས་པ་བཤད་རྒྱུ་ཡོད་ཟེར་བའང་། ཧོར་གླིང་འཁྲུགས་ཕྱོགས་ཀྱི་སྤྱི་བབ་ལ་བལྟས་ན་བདེན་ཤས་ཆེ་སྙམ།
མདོར་ན། གླིང་སེང་ཆེན་གེ་སར་ནོར་བུ་དགྲ་འདུལ་ནི། མི་དངོས་ཡིན་པ། འཁྲུངས་ཡུལ་མདོ་ཁམས་ཡིན་པ་སོགས་ལ་སྔོན་གྱི་མཁས་མཆོག་རྣམས་ལ་འདོད་པ་མི་མཐུན་པ་བྱུང་མ་མྱོང་། ད་ལྟ་མི་རེ་རེས་རང་སྣང་གང་ཤར་རེ་བཤད་ཀྱིན་འདུག་སྙམ་ནས། རང་གི་མཐོང་ཚུལ་ཐོས་ཚུལ། བསམ་ཚུལ་ཅུང་ཟད་རེ་རྣམ་གཡེང་གི་ཁ་སྣོན་དུ་མཁོ་མེད་བན་རྒན་མགོ་སེ་དེས་བྲིས་པ་ལགས་སོ།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
|