བོད་ཁ་བ་ཅན་གྱི་ལྗོངས་འདིར་ལོ་ངོ་སྟོང་ཕྲག་མང་བོའི་སྔོན་ནས་རང་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་ལས་རིགས་མི་འདྲ་བ་མང་པོ་ཡོད་པའི་ཐོག་ལྷག་པར་ཤིང་བཟོ་དང་། རྡོ་བཟོ། རྩིག་བཟོ། འཇིམ་བཟོ། རི་མོ། ཚོན་བཟོ། གསེར་བཟོ། དངུལ་བཟོ། ཟངས་བཟོ། ལྕགས་བཟོ། ལུགས་རྒྱག རྫ་བཟོ། དཀར་ཡོལ། འཐག་ལས། གོས་བཟོ། ཀོ་བཟོ། སྐུ་རྟེན། གསུང་རྟེན། ཐུགས་རྟེན། མར་ཚོན། རྡུལ་ཚོན་སོགས་ངོ་མཚར་ཆེ་བའི་ལག་རྩལ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། དེང་རབས་ཅན་གྱི་འཕྲུལ་ཆས་ལ་བརྟེན་ནས་ཐོན་པའི་བཟོ་རྩལ་གྱི་རིགས་ལ་ཁྱད་ཆོས་ཧ་ཅང་མང་བོ་ཡོད་པ་སྨོས་མ་དགོས་ཀྱང་། རྗེས་ལུས་ཅན་གྱི་ལག་ཆ་དང་ལག་རྩལ་གཉིས་ལ་བརྟེན་ནས་བཟོ་སྐྲུན་བྱས་པའི་བཟོ་སྤུས་ལེགས་ཤིང་མཛེས་ཆ་ཐོན་པའི་དངོས་བོ་དེ་དང་དེ་དག་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བློ་གྲོས་དང་དུས་ཡུན་རིང་བོར་དཀའ་སྤྱད་བརྩོན་འགྲུས་བྱས་པས་བྱང་གོམས་ཐོན་པའི་ལག་རྩལ་ཟུང་དུ་འབྲེལ་བ་ལ་བརྟེན་ནས་བྱུང་བ་ཡིན་སྟབས་ས་སྟེང་ནོར་བུས་བཀང་བའི་ཁྲོད་ན་དེ་བས་གཞལ་བར་དཀའ་བའི་རིན་ཐང་ལྡན་པ་དང་། དུས་ཡུན་རིང་བོ་ཇི་ཙམ་སོང་ཡང་འཛམ་གླིང་ཐོག་བརྩི་མཐོང་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྐབས་འདིར་རང་རིགས་མེས་པོ་རྣམས་ཀྱི་ངོ་མཚར་མཛད་རྗེས་ལ་མིག་གིས་ལྟད་མོ་ལྟ་རྒྱུ་ཙམ་ལས་མེད་པའི་བླུན་རྨོངས་བདག་ལྟ་བུར་དེའི་སྐོར་གྱི་གཏམ་གླེང་བྱེད་པའི་བབ་འོས་མ་མཆིས་ཀྱང་། གངས་ལྗོངས་འདིར་སྔོན་བྱོན་བཟོ་བསྐྲུན་ལག་རྩལ་མཁས་ཅན་རིམ་བྱུང་དང་། དེང་སྐབས་འཚོ་བཞུགས་རྒན་རབས་རྣམས་ཀྱི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་ཆེད་རང་ཉིད་ཀྱིས་ད་ཕན་དངོས་སུ་མཐོང་བའི་དཔྱད་གཞིའི་ཡིག་ཆ་དང་དཔེ་མཚོན་ད་ལྟ་མ་ཉམས་པར་ཡོད་པའི་རིགས་རྣམས་སྙན་འཇེབས་རོལ་དབྱངས་ཀྱི་དགའ་སྟོན་ཕྱིས་འབྱུང་གི་སྔོན་འགྲོའི་དྲིལ་བརྡ་མཚོན་བྱེད་ཙམ་དུ་ངོ་སྤྲོད་ཉུང་ཙམ་ཞུ་བ་ལེགས།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
|