中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། 《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》 ཞེས་པའི་དཔེ་ཚོགས་པར་དུ་བསྐྲུན།
དུས་ཚོད།2019-03-13 10:03:49     རྩོམ་གྱི་ཡོང་ཁུངས།྇ཀྲུང་གོ་བོད་ཀྱི་དྲ་བ།    ཆུང་། | འབྲིང་། | ཆེ།
རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་ཁྲོད་བོན་བསྟན་ལ་སྤྱིའི་ཆ་ནས་སྲིད་པའི་བོན་དང་གཡུང་དྲུང་བོན་ཞེས་དུས་རིམ་གཉིས་སུ་དགར་ཡོད་ཅིང་། དེའང་སྲིད་པའི་བོན་ནི་སྟོན་པ་གཤེན་རབ་མི་བོ་ཆེས་གཡུང་དྲུང་བོན་གསར་གཏོད་མ་བྱས་སྔོན་གྱི་བོན་ལ་ཟེར་བ་དང་། གཡུང་དྲུང་བོན་ཞེས་པ་ནི་སྟོན་པ་གཤེན་རབ་མི་བོ་ཆེས་སྲིད་པའི་བོན་གྱི་རྨང་གཞིའི་སྟེང་བོན་བསྟན་ཆ་ཚང་དང་མ་ལག་ལྡན་པ་ཞིག་ཏུ་གསར་གཏོད་བྱས་པའི་བོན་ལ་ཟེར་བ་ཡིན། བོན་བསྟན་ནི་བོད་ཀྱི་གདོད་མའི་ཆོས་ལུགས་ཡིན་ཞིང་། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དེས་དར་བསྣུབས་ཀྱི་བརྒྱུད་རིམ་ཀྱག་ཀྱོག་ལྡན་པ་རབ་དང་རིམ་པ་ཞིག་བརྒྱུད་མྱོང་མོད། དེས་བོད་མི་རིགས་ཀྱི་རིག་གནས་དང་མང་ཚོགས་འཚོ་བའི་རུས་རྐང་དུ་ཟུག་པའི་ཤེད་ཆེ་ཆུང་དང་། མདོ་དབུས་ཁམས་གསུམ་དུ་ཤེས་ལྡན་སྐྱེས་བུ་རྣམས་ཀྱི་གཞོལ་བ་དང་རྒྱུན་འཁྱོངས། རང་སེམས་ཀྱི་དད་འདུན་དང་འགན་འཁྲི་ལ་སོགས་པའི་རྐྱེན་སྣ་ཚོགས་ལ་གཞིགས་ཏེ། བོད་སྤྱི་ཚོགས་ཀྱི་ཁྲོད་སྔར་བཞིན་གོ་གནས་ཟིན་ཏེ་ལོ་རྒྱུས་ཀྱི་དེབ་ཐེར་ཁྲོད་རང་ཉིད་ཀྱི་འཕོ་འགྱུར་རིས་སུ་བཀོད་དང་འགོད་བཞིན་ཡོད་ཅིང་། 《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》 ཞེས་པའི་དཔེ་ཚོགས་འདིའང་གོང་སྨོས་ཀྱི་རྐྱེན་སྣ་ཚོགས་གྲས་ཀྱི་གཅིག་ཡིན་པར་མ་ཟད། དཔེ་ཚོགས་འདི་པར་དུ་སྐྲུན་པ་དེས་བོད་རིག་པར་ཞིབ་འཇུག་དང་། ལྷག་པར་དུ་བོན་གྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་རྣམས་ལ་ཞིབ་འཇུག་གི་རྒྱུ་ཆ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པས།  དེར་དཔྱད་གཞིའི་རིན་ཐང་དང་ཞིབ་འཇུག་གི་རིན་ཐང་ཆེས་ཆེར་ལྡན། 
     དཔེ་ཚོགས་འདི་ནི་བོན་གྱི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གྱི་ལས་དོན་ལ་གཞོལ་བཞིན་པའི་ན་གཞོན་ཤེས་ཡོན་པ་ཁྲི་བསོད་བསྟན་ལགས་ཀྱིས་ལོ་ངོ་ལྔའི་རིང་བོན་གྱི་གསུང་རབ་རྩ་ཆེའི་རིགས་ཀྱི་མ་ཕྱི་འཚོལ་སྡུད་དང་། ཡིག་ཆ་གཏགས་སྒྲིག དཔེ་བསྡུར་ལན་གྲངས་བྱས་པ་བཅས་ཀྱི་ངལ་བ་བརྒྱ་ཕྲག་གདོང་གིས་བསུས་ཏེ་རྩོམ་སྒྲིག་བྱས་ནས་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་རེད།
     《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》 ཞེས་པའི་དཔེ་ཚོགས་འདི་ནི་དཔེ་སྣ་བཞི་བཅུ་ལྷག་བསྡུས་པའི་དེབ་ཕྲེང་བཅུའི་བདག་ཉིད་ཅན་ཞིག་ཡིན་ཏེ། དཔེ་ཚོགས་འདིར་བསྡུས་པའི་བོན་གྱི་བསྟན་འབྱུང་ལོ་རྒྱུས་ཀྱི་སྐོར་རྣམས་ནི། དེ་སྔ་དཔེ་དཀོན་གྱི་དབང་གིས་གངས་ཅན་བོད་ཀྱི་ས་གནས་དཔེ་སྐྲུན་ཁང་སོ་སོའི་ལག་སོན་མ་བྱུང་སྟེ་པར་དུ་བསྐྲུན་ཐབས་མ་བྱུང་བ་དང་། འགའ་ཤས་ཤིག་པར་དུ་བཏབ་ཀྱང་ཁྱབ་གདལ་ཆེན་པོར་མ་སོང་བ་རྣམས་ཕྱོགས་གཅིག་ཏུ་དག་སྒྲིག་བྱས་ཏེ་པར་དུ་བསྐྲུན་པ་ནི། གཅིག་ནས་དཔེ་རྒྱུན་དཀོན་པའི་རིགས་རྣམས་བསྡུ་སྒྲིག་དང་དར་སྤེལ་དུ་གཏོང་བ་དང་། གཉིས་ནས་བློ་གསལ་དོན་གཉེར་ཅན་རྣམས་ཀྱིས་གནའ་རབས་ཞང་བོད་ལོ་རྒྱུས་ཀྱི་འབྱུང་ཁུངས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ཡིག་ཆར་གཞོགས་འདེགས་སུ་དམིགས་པ་དང་། གསུམ་དུ་ཞང་བོད་མེས་པོའི་ཤུལ་བཞག་རྨད་དུ་བྱུང་བའི་རིག་དངོས་རྩ་ཆེ་བ་འདི་དག་མྱུར་སྐྱོབ་དང་། མཁོ་འདོན། ཉར་ཚགས་བཅས་ཀྱི་སླད་དུ་པར་དུ་བསྐྲུན་པའོ།།
     གཙོ་སྒྲིག་པ་ཁྲི་བསོད་བསྟན་ནི། མདོ་སྨད་ཁྲི་ཀར་སྐྱེས་ཤིང་ཆུང་དུས་སུ་སློབ་ཆུང་ནས་སློབ་འབྲིང་རིམ་པར་འགྲིམས། ཕྱིས་སུ་མཁས་དབང་བོན་བརྒྱ་རིན་པོ་ཆེའི་མདུན་ནས་བོད་ཀྱི་རིག་གནས་སྤྱི་ལ་ཐོས་བསམ་བྱས། སྔ་གཞུག་ཏུ་བོད་ཀྱི་གཞུང་སྒེར་གཉིས་ཀའི་དུས་དེབ་དང་ཚགས་པར་སོགས་སུ་སྙན་ངག་བཞི་བཅུ་ལྷག་དང་དཔྱད་རྩོམ་སྣ་ཚོགས་སྤེལ་ཞིང་ཞོར་དུ་དབྱིན་ཡིག་ལ་ཡང་རང་རྐྱ་འཕེར་བར་སྦྱངས་པ་བྱས།
 
རྩོམ་སྒྲིག་ལས་ཀའི་སྐོར།
     《ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས》ཞེས་ལས་སྒྲུབ་ཁང་ཞིག་རང་གནས་སུ་བཙུགས་ཏེ་ཞང་བོད་ཤེས་རིག་དར་སྤེལ་དང་འབྲེལ་བའི་ཞིབ་འཇུག་གི་བྱ་ཡུལ་ཅི་རིགས་སྔོག་འདོན་གཅེས་སུ་བཟུང་ནས། གཡུང་དྲུང་བོན་གྱི་དཔྱད་བརྗོད་ལོ་དེབ《དཔྱོད་ལྡན་མཆོད་པའི་མེ་ཏོག》དང་ཁྲི་ཀ་སེ་བརྒྱ་སྡེ་བའི་སློབ་གསོའི་ལོ་དེབ《ཞིང་གྲོང་གི་འགྱུར་ཁུགས》གཉིས་ཀྱི་གཙོ་སྒྲིག་པ་བྱས། གཞན་ཡང་སྤྱི་ལོ2002ལོ་ནས《མཁས་དབང་བོན་བརྒྱ་མཆོག་གི་གསུང་རྩོམ》གླེགས་བམ་སྐོར་ཞིག་དང་། གནའ་བོའི་ཞང་ཞུང་དང་འབྲེལ་བའི་གཡུང་དྲུང་བོན་གྱི་རིག་གཞུང་སྐོར་གྱི་དཔྱད་རྩོམ་བདམས་བསྒྲིགས《བོན་བཤད་སྤྱི་རྒྱ་རླབས་གཅོད།》 བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཚང་རྙིང་གྲས《སྲིད་པ་རྒྱུད་ཀྱི་ཁ་བྱང》སོགས་དེབ་གྲངས་ཉི་ཤུ་ལྷག་གི་གཙོ་སྒྲིག་པའི་འགན་འཁུར་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་སོགས་ནས་པར་སྐྲུན་འགྲེམ་སྤེལ་བྱས།
     2008ལོ་ནས《གངས་ཏི་སེ་བོན་གཞུང་རིག་མཛོད》དཔེ་ཚོགས་དེབ་ཕྲེང་ཉེར་ལྔའི་བདག་ཉིད་ཅན་གྱི་ཞུ་སྒྲིག་གི་ལས་ཀ་ལོ་གསུམ་གྱི་རིང་ལ་དཀའ་སྤྱད་འབད་འབུངས་བགྱིས་ཏེ་རྩོམ་སྒྲིག་གི་ལས་སུ་ཞུགས། 2010ལོ་ནས་བོན་གྱི་དྲ་བའི་ཚིགས་མལ《ཧི་མ་ལ་ཡའི་བོན》དང《ཧི་བོན་ཟིན་བྲིས》གཉིས་ཀྱི་གཙོ་སྒྲུབ་པའི་ལས་ཀ་གཉེར། 2013ལོར་མཁས་དབང་སྟོང་སྐོར་ཚེ་རིང་ཐར་གྱི་གཙོ་འགན་འོག་བསྒྲིགས་པའི《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》ཞེས་པའི་ངོ་བཤུ་དང་དག་སྒྲིག་གི་ལས་གཞིར་ཞུགས། 2013ལོ་ནས་ལོ་ལྔའི་རིང་ལོ་རྒྱུས་ཡིག་ཆ་རྩ་ཆེན་ཞེ་བཞི་ཙམ་ཕྱོགས་བསྒྲིགས་བྱས་ཏེ《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》པོད་བཅུའི་བདག་ཉིད་ཅན་ད་ལྟ་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཉེ་ལམ“གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ་རྒྱ་བསྒྱུར་དང་ཞིབ་འཇུག”གི་ལས་གཞིར་ཞུགས་ནས་དཔེ་བསྡུར་གྱི་ལས་ཀ་དང《མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་གསུང་འབུམ》ཞུ་སྒྲིག་ཞུས་ནས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱེད་བཞིན་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།