中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། བོད་ཀྱི་གནའ་བོའི་ཐེར་མའི་བཟོ་སྟངས།
དུས་ཚོད།2019-03-15 09:17:27     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་པོའི་དྲ་བ།    ཆུང་། | འབྲིང་། | ཆེ།
  རྩེད་ཐེར་ལ་ཐེར་མ་སོགས་མིང་གི་རྣམ་གྲངས་ཧ་ཅང་མང་ལ། དེ་ནི་བོད་ཀྱི་དམངས་ཁྲོད་ལག་རྩལ་ལས་ཐོན་པའི་རྒྱུ་བལ་ཅན་གྱི་སྤུས་དག་ཐོན་རྫས་ཞིག་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་སྣེ་གདོང་རྫོང་རྩེད་ཐང་གྲོང་རྡལ་གྱི་རྒྱུ་བལ་ལས་གྲུབ་པའི་སྤུས་དག་ལག་བཟོས་འཁལ་འཐག་ཉག་ཅིག་དེ་ཡིན། རྩེད་ནི་རྩེད་ཐང་དང་ཐེར་ནི་བོད་ཀྱི་ཐེར་མ་ལ་གོ་ཞིང་བསྡུས་མིང་ལ་རྩེད་ཐེར་ཞེས་སུ་འབོད།
    རྩེད་ཐེར་ནི་བོད་ཀྱི་སྣམ་བུའི་ཁྲོད་ཀྱི་རྩེར་གྲས་ཡིན་ལ། དེར་འཇམ་ཞིང་མཉེན་པ། རི་མོ་གསལ་བ། སྲབ་མཐུག་མཉམ་པ། དགུན་དྲོ་ཞིང་དབྱར་བསིལ་བ། འཛད་མཐའ་མེད་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་ཡོད་པ་མ་ཟད། དེ་བཟོ་དཀའ་བ་དང་རྒྱུ་ཆ་འདེམས་སྐབས་ཞིབ་ཚགས་ཡིན་དགོས་པ། བཟོ་རྩལ་རྙོག་འཛིང་ལྡན་པ་སོགས་ཀྱིས་སྔོན་ཆད་འབྱོར་ཕྱུག་དབང་ཐང་དར་བའི་མིས་མ་གཏོགས་གྱོན་ཐུབ་མེད། ད་ལྟ་དེའི་རིགས་ཀྱི་ཐོན་རྫས་ལ་སྐེ་དཀྲིས་དང་། གཡང་ཤོམ། བོད་ལྭ། ཐང་ཀ་སོགས་ཡོད་ཅིང་རྣ་ཐོས་སུ་རྩེད་ཐང་སྐེ་དཀྲིས་གཅིག་གི་རིན་གོང་སྒོར་ཉིས་སྟོང་དང་བོད་ལྭར་སྒོར་ཆིག་ཁྲི་ཡན་ཡིན་པར་གླེང་།
    རྒྱུ་ཆ་འདེམས་པ།
    རྩེད་ཐེར་གྱི་རྒྱུ་ཆ་འདེམས་པར་ཧ་ཅང་ཞིབ་ཚགས་ལྡན་ཞིང་། ལུག་གི་སྐེ་ཡི་བལ་ཡིན་དགོས་ཏེ། སྐེའི་བལ་ནི་ཉག་ཕྲ་ཞིང་རིང་བ། ལུས་ལ་འཇམ་པ་སོགས་ཁྱད་ཆོས་ལྡན། ལུག་གཅིག་གི་སྟེང་ནས་ཆ་སྙོམས་དེ་ལྟ་བུའི་བལ་སྲང ༠.༨ མ་གཏོགས་མེད་ཅིང་། སྐེ་དཀྲིས་གཅིག་བཟོ་བར་མ་མཐའ་ཡང་ལུག་ཉི་ཤུའི་སྐེའི་བལ་དགོས། དེ་བས་ཀྱང་དེ་བཟོ་བར་རིམ་པ༡༨བརྒྱུད་དགོས་ཤིང་། སྤུས་དག་རྒྱུ་ཆ་བཅུ་ལྷག་དགོས་ལ་དེའི་ནང་གུར་གུམ་སོགས་སྨན་རྩ་ཆེན་ཡང་འདུ། དེ་དག་རྒྱུ་སྤུན་གཉིས་ཡང་དང་བསྐྱར་དུ་འཐག་པས་ད་གཟོད་ཐོན་རྫས་གཅིག་གྲུབ་པ་ཡིན་ལ། བཟོ་རྩལ་ལ་ཧ་ཅང་བྱང་ཆ་ལྡན་པའི་བཟོ་བ་ཞིག་གིས་དེ་ལྟར་ཉིན་གཅིག་ལ་ལི་སྨི༢༠ལྷག་དང་། ཆ་ཚང་ཞིག་བཟོ་བར་ཟླ་ཕྱེད་ལྷག་འགོར།
    རྙོག་འཛིང་གི་བཟོ་རྩལ།
    རྩེད་ཐེར་གྱི་བཟོ་རྩལ་ཧ་ཅང་རྙོག་འཛིང་ལྡན་ཞིང་མ་རྒྱུ་གཙང་མར་དཀྲུས་རྗེས། དེ་ལས་སྙིགས་རོ་ལྟ་བུའི་མི་མཁོ་བ་རྣམས་དོར་དགོས་ཤིང་།  དེ་མུར་བལ་སེལ་ཏེ་ཐོན་རྫས་ཀྱི་དགོས་མཁོ་ལྟར་ཤིང་ལས་བཟོས་པའི་འཐག་ཁྲིའི་སྟེང་རྒྱུ་དང་སྤུན་བསྣོལ་ཏེ་བཟོ་དགོས།  གལ་ཏེ་སྐེ་དཀྲིས་སོགས་བཟོ་དགོས་ཚེ་རྒྱུ་དང་སྤུན་ལ་སྦོམ་ཕྲ་མེད་པ་ཡིན་དགོས་ལ། དེར་བལ་རྒྱ་མ་གང་གིས་རྒྱུ་དང་སྤུན་གྱི་སྐུད་པ༢༠༠༠༠Mདགོས་པ་སོགས་ཐོན་རྫས་མི་འདྲ་བར་རྒྱུ་དང་སྤུན་གྱི་དགོས་མཁོ་ཡང་མི་འདྲ།
    དེ་མིན་རྩེད་ཐེར་ལག་བཟོས་བྱ་བར་རྒྱུ་དང་སྤུན་ཧ་ཅང་ཞིབ་ཚགས་ལྡན་དགོས་ཏེ། གོ་ཐོས་སུ་རྩེད་ཐེར་ལི་སྨི་གཅིག་བཟོ་བར་རྒྱུ་སྐུད༧༢༠དང་སྤུན་སྐུད༣༠དགོས་པར་སྨྲ། དེ་ཡང་འཐག་ཟིན་པའི་རྩེད་ཐེར་མེ་ཤུགས་ཆུང་བས་ཡང་དང་བསྐྱར་དུ་བསྲེགས་ནས་ངོས་འཇམ་པར་བཟོ་དགོས་ཤིང་། དེ་རྗེས་ཚ་གྲང་ཏུའུ༣༠ནས༤༠བར་གྱི་ཆུའི་ནང་དུས་ཡུན་ཆུ་ཚོད་ལྔ་ནས་དྲུག་བར་སྦངས་རྗེས། ཆུ་གྲང་མོས་གཙང་མར་དཀྲུ་དགོས་པ་དང་། དེ་མུར་ཐེར་མ་སྒྲིལ་ཅིང་རྡོ་བས་ཉིན་གསུམ་ནས་བཞི་ལ་གནོན་དགོས། དེའི་རྗེས་ཚོན་བསྒྱུར་ཅིང་ཉར་ཚགས་བྱ་དགོས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།