中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། གསུམ་བརྒྱད་བུད་མེད་དུས་ཆེན་གྱི་བྱུང་རིམ།
དུས་ཚོད།2019-04-03 11:26:25     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།     ཆུང་། | འབྲིང་། | ཆེ།
    ལོ་རེར་རྒྱལ་ཡོངས་བུད་མེད་ཚོས་རོལ་བཞིན་པའི་དུས་ཆེན་ཏེ། ཟླ3པའི་ཚེས8ཉིན་ལ་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཟེར། རྒྱལ་སྤྱིའི་ཐོག་བུད་མེད་དུས་ཆེན་གྱི་མིང་ཆ་ཚང་ལ་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཁེ་དབང་དང་རྒྱལ་སྤྱིའི་ཞི་བདེ་ཉིན་མོ་ཟེར་ཞིང་། དེ་ནི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་བུད་མེད་ལ་བསྐྲུན་པའི་ཞི་བདེ།འདྲ་མཉམ་ངང་འཕེལ་རྒྱས་འགྲོ་བའི་དུས་ཆེན་ཡིན།དུས་རབས་གཅིག་གི་ནང་རྒྱལ་ཁབ་ཁག་གི་བུད་མེད་དག་གིས་རང་སྟེང་གི་ཁེ་དབང་ལ་བརྟེན་ནས་བྱས་རྗེས་མང་པོ་བཞག་པས། འཇིག་རྟེན་གནམ་ཕྱེད་འདེགས་པའི་གདུང་མ་ལྟ་བུར་གྱུར། གཤམ་ནས་རྩོམ་སྒྲིག་པས་རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་གྱི་ཡོང་ཁུངས་དང་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཞུ་རྒྱུ་ཡིན།
    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ངོས་སུ་རྒྱལ་སྤྱིའི་བུད་མེད་དུས་ཆེན་ངོ་སྤྲོད་བྱས་ཡོད་པའི་གནས་ཚུལ་ལྟར་ན། གསུམ་བརྒྱད་བུད་མེད་དུས་ཆེན་གྱི་བྱུང་ཚུལ་ནི་དུས་རབས་ཉི་ཤུ་བའི་ལོ་མགོར་བྱུང་བའི་བུད་མེད་འགུལ་སྐྱོད་ཀྱི་དོན་ཆེན་རབ་དང་རིམ་པར་འབྲེལ་བ་ཡོད་ལ། དོན་རྐྱེན་དེ་དག་ནི། ཨ་མེ་རི་ཁའི་སྤྱི་ཚོགས་ཏང་གིས་སྤྱི་ལོ1909ལོའི་ཟླ2པའི་ཚེས28ཉིན་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་གཏན་འཁེལ་བྱས་པ་རེད། སྤྱི་ལོ1910ལོར་སྐབས་གཉིས་པའི་རྒྱལ་སྤྱིའི་ཁོ་སི་ཐ་རི་ཁའི་ཚོགས་འདུའི་སྟེང་ཚེ་ཐི་ཅིན་གཙོ་ཡིན་པའི་རྒྱལ་ཁབ་བཅུ་བདུན་ནས་ཡོང་བའི་བུད་མེད་འཐུས་མི་བརྒྱ་ལྷག་གིས་འཆར་འགོད་བྱས་ཏེ་རྒྱལ་སྤྱིའི་བུད་མེད་དུས་ཆེན་གསར་འཛུགས་བྱས། འོན་ཀྱང་ཟླ་ཚེས་གཏན་འཁེལ་བྱས་མེད། སྤྱི་ལོ1911ལོའི་ཟླ3པའི་ཚེས19ཉིན། ཨོ་སི་ཁྲུ་རི་ཡ་དང་། ཏེན་མག འཇར་མན། སུའེ་སེ་ལེན་སོགས་རྒྱལ་ཁབ་ཀྱི་བུད་མེད་ས་ཡ་གཅིག་ལས་བརྒལ་བ་ལྷན་གཅིག་ཏུ་འཛོམས་ནས་རྒྱལ་སྤྱིའི་བུད་མེད་དུས་ཆེན་བསུས་པ་རེད། སྤྱི་ལོ1913ལོའི་ཟླ2པའི་ཆེས་མཐའ་མཇུག་གི་གཟའ་ཉི་མའི་ཉིན། ཨུ་རུ་སིའི་བུད་མེད་རྣམས་ཀྱིས་འཛམ་གླིང་འཁྲུག་ཆེན་ཐེངས་དང་པོར་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་གྱི་བྱེད་ཐབས་བརྒྱུད་ནས་རྒྱལ་སྤྱིའི་བུད་མེད་དུས་ཆེན་བསུས་པ་རེད།
གསུམ་བརྒྱད་བུད་མེད་དུས་ཆེན་གྱི་དར་ཚུལ།
     དུས་རབས་བཅུ་དགུ་པར་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་མཁན་དག་གིས་ལས་མཚམས་བཞག་སྟེ་རྔམ་སྟོན་ཁྲོམ་སྐོར་བྱས། ཡོ་རོབ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་བུད་མེད་ཚོས་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་ཁྲོད་ཚེ་སྲོག་ཤོར་བའི་ཨུ་རུ་སིའི་བུད་མེད་ཉིས་བརྒྱ་ལྷག་ལ་དྲན་གསོ་ཞུ་ཆེད། སྤྱི་ལོ1917ལོའི་ཟླ3པའི་ཚེས8ཉིན་དང་ཨུ་རུ་སུའི་རྩིས་ཀྱི་ཟླ2པའི་ཚེས23ཉིན་ཨུ་རུ་སུའི་བུད་མེད་ཚོས་ལས་མཚམས་བཞག་པ་དང་། ཟླ2པའི་གསར་བརྗེ་ཡི་མགོ་བརྩམས་པ་རེད། ཉིན་བཞིའི་རྗེས་སུ། ཨུ་རུ་སུའི་གོང་མ་བཙན་གྱིས་གོ་ས་ནས་མར་འབབ་དུ་བཅུག་པ་དང་གནས་སྐབས་སྲིད་གཞུང་གིས་བུད་མེད་རྣམས་ལ་འདེམས་བསྐོའི་དབང་ཆ་གནང་བ་རེད། དུས་རབས་སྔོན་མའི་དུས་མགོར་ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཁ་ནས་བྱུང་བའི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་ཐད་ཀྱི་བྱ་འགུལ་རབ་དང་རིམ་པ་བརྒྱུད་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་བྱུང་བ་རེད། 
    དབྱིན་ཇི་དང་ཧྥ་རན་སི་སོགས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་དག་གི་བཟོ་ལས་རིགས་མགྱོགས་མྱུར་ངང་གོང་འཕེལ་དུ་སོང་བར་བརྟེན། བུད་མེད་འགུལ་སྐྱོད་ལ་དཔལ་འབྱོར་གྱི་ཆ་རྐྱེན་འདོན་སྤྲོད་བྱས་པ་རེད། དུས་རབས་བཅུ་དགུ་པའི་ལོ་རབས་སུམ་ཅུ་ནས་བཞི་བཅུའི་སྐབས་སུ། དབྱིན་ཇི་དང་ཧྥ་རན་སི་སོགས་རྒྱལ་ཁབ་ཀྱི་འཕྲུལ་ཆས་རང་བཞིན་གྱི་བཟོ་ལས་གོང་འཕེལ་དུ་འགྲོ་བཞིན་པའི་དུས་རིམ་ལ་སླེབས་པ་དང་། འཕྲུལ་ཆས་གཙོ་བོ་ཡིན་པའི་བཟོ་གྲྭའི་ལམ་ལུགས་ཀྱིས་ལག་བཟོའི་ཚབ་བྱས་ཏེ། སྤྱི་ཚོགས་ཐོན་སྐྱེད་ཀྱི་འགྱུར་ལྡོག་ཆེ་ལ་མགྱོགས་མྱུར་ངང་གོང་འཕེལ་བྱུང་བ་དང་།འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ལ་རྒྱལ་ཁབ་སོ་སོ་ནས་རྒྱལ་ཁ་ཆེན་པོ་ཐོབ་པ་དང་། བུད་མེད་འགུལ་སྐྱོད་ལ་ཆབ་སྲིད་ཀྱི་ཆ་རྐྱེན་འདོན་སྤྲོད་བྱས་པ་རེད། འབྱོར་ལྡན་གྲལ་རིམ་གྱི་བུད་མེད་དུས་ལྟར་རང་རྒྱལ་ཁབ་ཀྱི་འབྱོར་ལྡན་གྲལ་རིམ་གསར་བརྗེ་འགུལ་སྐྱོད་དུ་ཞུགས། བུད་མེད་འགུལ་སྐྱོད་ནི་འབྱོར་ལྡན་གྲལ་རིམ་གསར་བརྗེ་དང་མཉམ་དུ་དར་རྒྱས་སུ་སོང་བ་རེད། འབྱོར་ལྡན་གྲལ་རིམ་གྱི་རིག་རྩལ་ཉམས་གསོ་འགུལ་སྐྱོད་དང་། ཆོས་ལུགས་བཅོས་བསྒྱུར་འགུལ་སྐྱོད། རྨོངས་སེལ་འགུལ་སྐྱོད་ཁྲོད་ཀྱི་རང་དབང་། འདྲ་མཉམ། གནམ་སྐོས་འགྲོ་མིའི་ཐོབ་ཐང་གི་བསམ་བློ་ཡིས་བུད་མེད་འགུལ་སྐྱོད་ལ་བསམ་བློའི་ཆ་རྐྱེན་འདོན་སྤྲོད་བྱས། དཔེར་ན་ཨ་མེ་རི་ཁའི་རང་བཙན་བསྒྲགས་གཏམ་དང་ཧྥ་རན་སིའི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་ནི་བུད་མེད་ཀྱིས་འདྲ་མཉམ་བརྩོན་ལེན་བྱེད་པའི་འཐབ་འཛིང་གི་གཞི་འཛིན་ས་གཙོ་བོར་གྱུར་ཡོད་ལ། བུད་མེད་འགུལ་སྐྱོད་ཀྱི་བསམ་བློའི་འབྱུང་ཁུངས་གཙོ་བོ་དང་གཞུང་ལུགས་ཀྱི་རྨང་གཞི་གཙོ་བོ་རེད།
     ཐོན་ལས་གསར་བརྗེ་ཡི་ཤུགས་རྐྱེན་འོག སྔོན་ཐོན་བུད་མེད་རྣམས་ཀྱིས་དུས་རབས་བར་མའི་ཚུན་གྱི་བསམ་བློ་རྙིང་བའི་འཆིང་རྒྱ་དོར་ནས་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་སྐྱེས་པ་དང་འདྲ་མཉམ་ཡིན་པའི་སྤྱི་ཚོགས་སྟེང་གི་གོ་གནས་ཟིན་ཀྱང་སྐྱེས་པ་ཆབ་སྲིད་པ་ཚོས་སྔར་བཞིན་བུད་མེད་རྣམས་ལ་མཐོང་ཆུང་བྱས་པས་ཁོ་མོ་ཚོས་འདྲ་མཉམ་གྱི་དབང་ཆ་བརྩོན་ལེན་བྱེད་པའི་འཐབ་རྩོད་བྱེད་མགོ་བརྩམས་པ་རེད།
     བུད་མེད་རྣམས་ཀྱིས་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱ་ཆེད་རྒྱལ་སྤྱིའི་སྟེང་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། སྤྱི་ལོ1911ལོའི་ཟླ3པའི་ཚེས8ཉིན་ནི་ཐེངས་དང་པོའི་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་གཏན་འཁེལ་བྱས། རང་རྒྱལ་གྱིས་སྤྱི་ལོ1922ནས་བཟུང་གསུམ་བརྒྱད་བུད་མེད་དུས་ཆེན་ལ་དྲན་གསོ་ཞུས་པ་རེད། ཀྲུང་གོའི་བུད་མེད་ཀྱིས་ཐེངས་དང་པོར་མང་ཚོགས་རང་བཞིན་གྱི་གསུམ་བརྒྱད་བུད་མེད་དུས་ཆེན་ལ་སྤྱི་ལོ1924ལོར་ཀོང་ཀྲུའུ་ནས་དྲན་གསོ་ཞུ་བའི་བྱ་འགུལ་སྤེལ། སྤྱི་ལོ1949ལོའི་ཟླ་བཅུ་གཉིས་པའི་ནང་། ཀྲུང་དབྱང་མི་དམངས་སྲིད་གཞུང་སྲིད་དོན་སྤྱི་ཁྱབ་ཁང་གིས་ལོ་རེའི་ཟླ3པའི་ཚེས་བརྒྱད་ཉིན་ནི་བུད་མེད་དུས་ཆེན་ལ་གཏན་འཁེལ་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་ལོ1975ལོ་རྒྱལ་སྤྱིའི་བུད་མེད་ལོར་གཏན་འཁེལ་བྱས་ཏེ་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས། སྤྱིར་བཏང་གི་བུད་མེད་རྣམས་ཀྱིས་དྲང་བདེན་དང་སྤྱི་ཚོགས་ཁྲོད་ཟབ་ཞུགས་བྱེད་པའི་སྲོལ་རྒྱུན་གཏན་འཁེལ་བྱས། སྤྱི་ལོ1977ལོའི་ཚོགས་ཆེན་སྟེང་གྲོས་གཞི་ཞིག་ལ་གྲོས་འཆམ་བྱུང་སྟེ་རྒྱལ་ཁབ་སོ་སོའི་རང་ཉིད་ཀྱི་ལོ་རྒྱུས་དང་མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་ལྟར། ལོ་གཅིག་ནང་ཉིན་ཞིག་གཏན་འཁེལ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཁེ་དབང་དང་འཛམ་གླིང་ཞི་བདེ་ཉིན་མོ་བརྩི་སྲུང་བྱེད་རྒྱུར་ཐག་བཅད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་བུད་མེད་དུས་ཆེན་ནི་ཟླ3པའི་ཚེས8ཉིན་ལ་གཏན་འཁེལ་བྱས་པ་རེད། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།