རང་རེའི་མེས་པོ་རྣམས་ཀྱིས་ཆེས་སྔ་མོ་ཞིག་ནས་རྡོ་བཟོ་དང་རྡོ་བརྐོས་ཀྱི་ལག་རྩལ་ལ་བྱང་ཆུབ་པས། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་རིང་ལ་ཕོ་བྲང་ཡུམ་བུ་བླ་མཁར་བརྩིགས། ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་རྩིག་བཟོ་ཙམ་དུ་མ་ཟད་རྡོ་བརྐོས་ཀྱི་ལག་རྩལ་ཡང་མི་དམན་པ་ཞིག་དར་ནས་རྡོ་ལ་མཆོད་རྟེན་བརྐོས་པ་སོགས་བཤད་མོད། སྤྱིར་བཙན་པོ་དེའི་སྐུ་རིང་ལ་ནང་པ་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་པའི་རྟེན་འབྲེལ་དུ་ནམ་མཁའ་ནས་གསེར་གྱི་མཆོད་བརྟེན་སོགས་བབས་པར་ཅི་ཡིན་མཁྱེན་ནས་མིང་ལ་སྙན་པོ་གསང་བ་ཞིག་བཏགས་ཚུལ་ཡོངས་གྲགས་ཡིན་པས་མཆོད་རྟེན་ཞེས་པའི་ཐ་སྙད་དེ་དང་ནང་པ་སངས་རྒྱས་པའི་སྐུ་གསུང་ཐུགས་རྟེན་གྱི་མཆོད་རྟེན་གཉིས་དོན་གཅིག་མིན་དང་། མི་གཅིག་ན་དེས་མཚོན་བྱ་དང་དབྱིབས་ཇི་ལྟ་བུ་ཞིག་ཡིན་པ་སོགས་དཔྱད་གཞི་ཞིག་ཏུ་སྣང་མོད་ཀྱང་དེའི་གོང་ནས་བོད་ལ་རྡོ་བརྐོས་ཀྱི་ལག་རྩལ་མི་དམན་པ་ཞིག་ཡོད་པ་ནི་བསྙོན་དུ་མེད་དོ།
དེ་ལྟར་བོད་དུ་རྡོ་བརྐོས་ཀྱི་ལག་རྩལ་དར་སྔ་ཞིང་ཆོས་རྒྱལ་གོང་མ་རྣམས་ཀྱིས་བསྐུལ་མ་ལ་བརྟེན་ནས་སྔར་ཡོད་བཟོ་རྩལ་གྱི་རྨང་གཞིའི་སྟེང་གོང་དུ་སྤེལ་བ་དང་། རྒྱ་ནག་དང་བལ་པོ་སོགས་ནས་ལག་ཤེས་བཟོ་བ་བཀུག་སྟེ་ཆེད་མངགས་བརྐོས་ལ་སོགས་ལག་རྩལ་བསླབ་ཏུ་བཅུག་པ་དང་། རང་རེའི་མེས་པོ་རྣམས་ཀྱིས་རྣམ་དཔྱོད་དང་བརྩོན་འགྲུས་ལ་བརྟེན་ནས་བརྐོས་བཟོ་སྤྱི་དང་ཁྱད་པར་རྡོ་བརྐོས་ཀྱི་ལག་རྩལ་འཕེལ་རྒྱས་མི་དམན་པ་ཞིག་བྱུང་ཞིང་། དེ་ལས་བྱུང་བའི་གསུང་རྟེན་རྡོ་འབུམ་གྲངས་མེད་དང་ཐུགས་རྟེན་ཟུང་མཁར་རྡོའི་མཆོད་རྟེན་སོགས་བསྔགས་པར་འོས་པའི་དངོས་པོ་མི་ཉུང་བ་ཞིག་ཡོད། འོན་ཀྱང་རྡོ་སྐུ་བཟོ་བ་ལ་རྒྱ་ནག་ལྟ་བུའི་དར་རྒྱས་ཆེན་པོ་མ་བྱུང་སྟེ་དཔེར་ན། དེང་དུས་འཛམ་གླིང་ཐོག་གི་ཆེས་ཆེ་བར་བསྔགས་པའི་རྒྱ་ནག་ཆུའི་བྱམས་ཆེན་དང་ཧོ་ནན་ཞིང་ཆེན་གྱི་སངས་རྒྱས་སྟོང་གི་བྲག་ཕུག སི་ཁྲོན་ཞིང་ཆེན་གྱི་ཞབས་རྗེས་ཆེན་པོའི་བྲག་ཕུག་སོགས་མཚུངས་པའི་མཐོ་ཚད་དང་རྒྱ་ཁྱོན། བཀོད་པ། སྐུ་གཟུགས་ཀྱི་ཉམས་དང་རྣམ་པ་སོགས་ཁྱད་དུ་འཕགས་པའི་རྡོའི་སྐུ་བརྙན་བོད་ལ་ཡོད་པ་མི་མཐོང་ཞིང་ལོ་རྒྱུས་སོགས་སུའང་མི་གསལ་ལོ།
འོ་ན་བོད་ཀྱི་གཟུགས་བཟོའི་ལག་རྩལ་གཞན་དག་དང་བཟོ་དངོས་ལག་རྩལ་ལ་དེ་མཚུངས་ཀྱི་འཕེལ་རྒྱས་མ་བྱུང་བའི་རྒྱུ་མཚན་ཅི་ཞིག་ཡིན་ནམ་སྙམ་ན། དེ་ལ་རྒྱུ་མཚན་གསུམ་ཙམ་ཡོད་པར་བསམ་སྟེ་དང་པོ། བོད་ཀྱི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་ཕལ་ཆེ་བ་རིན་པོ་ཆེའི་རིགས་ལས་བསྒྲུབས་ཤིང་ཐ་ན་སྦྱིན་སྐུ་བཞེངས་པའི་རྒྱུ་ཡང་རིན་ཆེན་རིགས་དང་སྨན་བཟང་རྩ་ཆེན་གྱི་རིགས་འདུལ་སྤྱོར་གྱི་ཕྱེ་མ་འདམ་དང་བསྲེས་ནས་བཞེངས་དགོས་ལ། རང་བྱོན་དང་མཁས་གྲུབ་སོགས་སྐྱེས་ཆེན་གྱི་ཕྱག་བཟོ་མ་ཡིན་པའི་རྡོ་སྐུ་ཙམ་ལ་འགངས་ཆེན་པོ་མི་བརྩི་བ། གཉིས་པ། རྡོ་སྐུ་ནི་ཤིན་ཏུ་བཟོ་དཀའ་བས་སྤྱིར་བཏང་གི་རྡོ་སྐུ་ལ་དེ་ཙམ་གྱིས་ངལ་བ་བྱེད་དགོས་དོན་མེད་པ། གསུམ་པ། བོད་ཀྱི་རྟེན་ཐམས་ཅད་ལ་གཟུངས་གཞུག་འབུལ་དགོས་ཀྱི་ཡོད་དང་གཟུངས་གཞུག་ཚད་དང་ལྡན་པ་རིང་བསྲེལ་ལྔ་ལ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་དང་གནས་སོ་སོའི་གཟུངས་དང་སྲོག་སྔགས་བཅས་ཆ་ཡོངས་སུ་ཚང་བ་ཞིག་དགོས་མོད། རྡོ་སྐུ་བརྐོས་པའི་རིགས་ལ་དེ་ལྟར་འབྱུང་དཀའ་བ་བཅས་ཀྱིས་མིན་ནམ་ཞེས་བློས་དཔྱད་དེ་གྲོས་སུ་འདེབས་ཡུལ་དུ་སྟོན་འདུག
|