དྲས་དྲུབ་ཐང་ག་ནི་བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་དམངས་ཁྲོད་ལག་ཤེས་བཟོ་རྩལ་དང་རི་མོའི་འབྲི་རྩལ་ཟུང་དུ་འབྲེལ་བའི་སྒྱུ་རྩལ་ཞིག་ཡིན་ལ་ད་བར་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་ཡོད། དྲས་དྲུབ་ཐང་ག་བཞེངས་སྐབས་བརྒྱུད་རིམ་ཚང་མ་ལག་གཉིས་ལ་བརྟེན་ནས་འཚེམ་དགོས་པ་དང་དྲས་དྲུབ་ཐང་ག་ཞིག་བཞེངས་པར་དུས་ཚོད་ཧ་ཅང་རིང་པོ་འགོར་གྱི་ཡོད། སྤྱིར་དྲས་དྲུབ་ཐང་ག་ཆེ་གྲས་ཤིག་བཞེངས་པར་ཉུང་ཤོས་སུ་ཟླ་བ་འགའ་ཤས་འགོར་བ་དང་མང་ཤོས་སུ་ལོ་འགའ་ཤས་འགོར་གྱི་ཡོད། དྲས་དྲུབ་ཐང་ག་ནི་ཐང་ག་གཞན་དང་མི་འདྲ་བས་བཞེངས་པའི་བརྒྱུད་རིམ་ནང་ངང་རྒྱུད་རིང་པོ་མེད་ཚེ་དྲས་དྲུབ་ཐང་ག་ཞིག་བཞེངས་ཐུབ་ཐབས་མེད།
ཐོག་མར་དྲས་དྲུབ་ཞལ་ཐང་མ་བཞེངས་གོང་རི་མོ་མཁས་ཅན་ཚོས་དཔེ་འབྲི་དགོས་ཀྱི་ཡོད་པ་དང་། དེ་རྗེས་མ་དཔེ་གཞིར་བཟུང་རྒྱུ་ཆ་གྲ་སྒྲིག་བྱས་ནས་རི་མོའི་རྒྱབ་ཏུ་རས་བཏིངས་ཏེ་ཁབ་བཙག་བརྒྱབ་ནས་ཆ་ཤས་སོ་སོའི་དབྱིབས་འདོན་དགོས་ཀྱི་ཡོད། རྒྱུ་ཆ་གཙོ་བོ་ནི་དར་དང་གོས་ཆེན། དར་ཚོན། བལ། བལ་སྐུད། ནོར་བུའི་རིགས་སོགས་རྒྱུ་ཆ་རྩེ་གྲ་བཏང་ནས་བཟོ་དབྱིབས་སྣ་ཚོགས་བཟོ་དགོས་པ་དཔེར་ན། ལྷ་སྐུ་དང་མེ་ཏོག མི་སྣ། བྱ་བྱིའུ། གཅན་གཟན་སོགས་བྲེག་དགོས་ཀྱི་ཡོད། དེ་རྗེས་ཚོས་གཞི་གོ་རིམ་བཞིན་སྒྲིག་སྟེ་སྦྱར་ནས་འཚེམ་དགོས་པ་དང་ཚོས་གཞི་སྣུམ་པོ་དང་སྐྱ་བོའི་བར་གོ་རིམ་བཞིན་སྦྱོར་དགོས་པ་སོགས་ཀྱི་ལས་ཀའི་རྒྱུད་རིམ་ནང་ངང་རྒྱུད་རིང་པོ་དགོས་ལ་སེམས་ནུས་ཀྱང་འབོར་ཆེན་འདོན་དགོས་ཀྱི་ཡོད།
དྲས་དྲུབ་ཐང་ག་བཞེངས་པའི་བརྒྱུད་རིམ་ནང་རྟ་རྔར་དར་སྐུད་བསྲེས་ནས་འཚེམ་དགོས་པ་དང་འགའ་ཞིག་ཐོག་ད་དུང་ནོར་བུའི་རིགས་སྦྱོར་གྱི་ཡོད། རྒྱུ་ཆ་འགའ་ཞིག་རྒྱ་གར་དང་བལ་ཡུལ་ནས་ཉོ་དགོས་པ་དང་རྒྱུ་ཆ་འདེམས་སྐབས་སྤུས་ཚད་ལ་དོ་སྣང་ཆེན་པོ་བྱེད་དགོས་ཀྱི་ཡོད། དྲས་དྲུབ་ཐང་ག་བཞེངས་སྐབས་དང་ཐོག་ཤོག་བུའི་སྟེང་ཆེ་ཆུང་གང་འདོད་པའི་སྐུ་བྲིས་ནས་ཆུ་ཚོན་གྱིས་ཚོན་མདོག་དབྱེ་ཐུབ་ཙམ་བྱུགས། ཚོན་གྱི་ཁ་མདོག་གིས་དབྱེ་མཚམས་ནས་དྲས་པ་དང་ཕྲལ་ཏེ། རང་རང་གི་ཁ་དོག་དང་མཚུངས་པའི་རས་དང་གོས་ཆེན་གྱིས་དེའི་སྟེང་དུ་ཀླན་ནས་དྲུབ་མཚམས་ཀྱི་ཚད་ཙམ་ཆེ་རུ་བཅུག་སྟེ་ཇི་ལྟ་བ་བཞིན་དུ་དྲས་དགོས་པ་དང་ལེགས་པར་བརྒྱང་བའི་རས་གཞིའི་སྟེང་དུ་མི་ཡོ་བའི་ཐབས་སུ་ཐིག་གདབ། མི་འཆུག་པའི་ཐབས་སུ་གོང་གི་ཤོག་བུའི་རི་མོ་དང་མཚུངས་པའི་སྐྱ་རིས་ཆེ་ཚུགས་ཙམ་བྲིས་པའི་སྟེང་དུ་མི་འགུལ་བར་སྦྱར། བཅད་ཀྱི་ཚབ་ཏུ་སྟོང་སྐུད་དང་གསེར་སྐུད་སོགས་ཀྱིས་ཚོན་གྱི་ཟུར་ནོན་པར་དྲུབ། མདངས་ཀྱི་ཚབ་ཏུ་ཁ་དོག་ཅིག་ལ་གར་སླ་མི་གཅིག་པའི་གོས་སྣ་མང་ཙམ་མཐུད། གསེར་རིས་ཀྱི་ཚབ་ཏུ་གསེར་སྐུད་སྦོམ་ཕྲ་སྣ་ཚོགས་ཀྱིས་དྲུབ། གོས་ཆེན་གྱི་རི་མོའི་ཚབ་ཏུ་གོས་ཆེན་གསེར་རིས་ཅན་གྱིས་བྱེད། དྲས་དྲུབ་ཀྱི་ཐང་གར་རི་མོ་མང་པོ་ཡོད་པས་མཚམས་རེ་གོས་ཆེན་རི་མོ་ཅན་གྱིས་ཚབ་བྱེད་ཀྱི་ཡོད་པས་སྒྲིག་སྦྱོར་མཁས་མིན་གྱིས་ཁྱད་པར་ཡང་ཤིན་ཏུ་ཆེ་བར་ལྡན་ཡོད།
ད་ཆ་ལྷ་སའི་ནང་ཁུལ་ཆེས་སྐད་གྲགས་ལྡན་པའི་ཚེ་སྨོན་གླིང་གི་དྲས་དྲུབ་ཐང་ག་འཚེམ་བཟོ་ཁང་དེ་ནི ༢༠༠༦ ལོར་བཙུགས་པ་ཞིག་ཡིན་པ་དང་། འཚེམ་བཟོ་ཁང་དེས་བཞེངས་པའི་ཐང་གས་བོད་ཀྱི་ལོ་རྒྱུས་དང་རིག་གནས། ཆོས་ལུགས། ཚན་རིག་ལག་རྩལ་སོགས་མཚོན་པར་བྱེད་ཀྱི་ཡོད་པས་ཐང་གའི་ཁ་ཞེང་ཆེན་པོ་ཡོད། ཚེ་སྨོན་གླིང་དྲས་གྲུབ་ཐང་གའི་འཚེམ་བཟོ་ཁང་ནས་བཞེངས་གནང་བའི་ཞལ་ཐང་སྤུས་ཚད་ལེགས་ལ་ཁམས་དྭངས་པོ་ཡོད་པས་ད་བར་འཚེམ་བཟོ་ཁང་དེས་བཞེངས་པའི་དྲས་དྲུབ་ཐང་ག་མི་ཉུང་བ་ཞིག་ལ་བྱ་དགའ་ཡང་མང་པོ་ཐོབ་མྱོང་ཡོད་པ་རེད།།
|