ཤར་ཕྱོགས་རི་བོའི་རྩེ་ནས། །
དཀར་གསལ་ཟླ་བ་ཤར་བྱུང༌། །
མ་སྐྱེས་ཨ་མའི་ཞལ་རས། །
ཡིད་ལ་འཁོར་འཁོར་བྱས་བྱུང༌། །
༢
ན་ནིང་བཏབ་པའི་ལྗང་གཞོན། །
ད་ལོ་སོག་མའི་ཕོན་ལྕོག །
ཕོ་གཞོན་རྒས་པའི་ལུས་པོ། །
ལྷོ་གཞུ་ལས་ཀྱང་གྱོང་བ། །
༣
རང་སེམས་སོང་བའི་མི་དེ། །
གཏན་གྱི་འདུན་མར་བྱུང་ན། །
རྒྱ་མཚོའི་གཏིང་ནས་ནོར་བུ། །
ལོན་པ་དེ་དང་འདྲ་བྱུང༌། །
༤
འགྲོ་ཞོར་ལམ་བུའི་སྙིང་ཐུབ། །
ལུས་དྲི་ཞིམ་པའི་བུ་མོ། །
གཡུ་ཆུང་དྲུག་དཀར་རྙེད་ནས། །
བསྐྱུར་བ་དེ་ དང་འདྲ་བྱུང༌། །
༥
མི་ཆེན་དཔོན་པོའི་སྲས་མོ། །
ཁ་འབྲས་མཚར་ལུགས་བལྟས་ན། །
ཁམ་སྡོང་མཐོན་པོའི་རྩེ་ནས། །
འབྲས་བུ་སྨིན་དང་འདྲ་བྱུང༌། །
༦
སེམས་པ་ཕར་ལ་ཤོར་ནས། །
མཚན་མོའི་གཉིད་ཐེབས་གཅོག་གི། །
ཉིན་མོ་ལག་ཏུ་མ་ལོན། །
ཡིད་ཐང་ཆད་རོགས་ཡིན་པས། །
༧
མེ་ཏོག་ནམ་ཟླ་ཡལ་སོང༌། །
གཡུ་སྦྲང་སེམས་པ་མ་སྐྱོ། །
བྱམས་པའི་ལས་འཕྲོ་ཟད་པར། །
ང་ནི་སྐྱོ་རྒྱུ་མི་འདུག །
༨
རྩི་ཐོག་བ་མོའི་ཁ་ལ། །
སྐྱི་བསེར་རླུང་གི་ཕོ་ཉ། །
མེ་ཏོག་སྦྲང་བུ་གཉིས་ཀྱི། །
འབྲེལ་ཚམས་གཅོད་མཁན་ལོས་ཡིན། །
༩
ངང་བ་འདམ་ལ་ཆགས་ནས། །
རེ་ཞིག་སྡོད་དགོས་བསམས་ཀྱང༌། །
མཚོ་མོ་དར་ཁ་འགྲིགས་ནས། །
རང་སེམས་ཁོ་ཐག་ཆོད་སོང༌། །
༡༠
གྲུ་ཤན་སེམས་པ་མེད་ཀྱང༌། །
རྟ་མགོས་ཕྱི་མིག་བལྟས་བྱུང༌། །
ཁྲེལ་གཞུང་མེད་པའི་བྱམས་པས། །
ང་ལ་ཕྱི་མིག་མི་ལྟ། །
༡༡
ང་དང་ཚོང་འདུས་བུ་མོའི། །
ཚིག་གསུམ་དམ་བཅའི་མདུད་པ། །
ཁྲ་བོ་སྦྲུལ་ལ་མ་བརྒྱབ། །
རང་རང་ས་ལ་གྲོལ་སོང༌། །
༡༢
ཆུང་འདྲིས་བྱམས་པའི་རླུང་བསྐྱེད། །
ལྕང་མའི་ལོགས་ལ་བཙུགས་ཡོད། །
ལྕང་སྲུང་ཨ་ཇོ་ཞལ་ངོས། །
རྡོ་ཀ་རྒྱག་པ་མ་གནང༌། །
༡༣
བྲིས་པའི་ཡི་གེ་ནག་ཆུང༌། །
ཆུ་དང་ཐིགས་པས་འཇིགས་སོང༌། །
མ་བྲིས་སེམས་ཀྱི་རི་མོ། །
བསུབས་ཀྱང་བསུབ་རྒྱུ་མི་འདུག །
༡༤
བརྒྱབ་པའི་ནག་ཆུང་ཐེའུས། །
གསུང་སྐད་འབྱོན་ནི་མི་ཤེས། །
ཁྲེལ་དང་གཞུང་གི་ཐེའུ། །
སོ་སོའི་སེམས་ལ་སྐྱོན་དང༌། །
༡༥
སྟོབས་ལྡན་ཧ་ལོའི་མེ་ཏོག །
མཆོད་པའི་རྫས་ལ་ཕེབས་ན། །
གཡུ་སྦྲང་གཞོན་ནུ་ང་ཡང༌། །
ལྷ་ཁང་ནང་ལ་ཁྲིད་དང༌། །
༡༦
སེམས་སོང་བུ་མོ་མི་བཞུགས། །
དམ་པའི་ཆོས་ལ་ཕེབས་ན། །
ཕོ་གཞོན་ང་ཡང་མི་སྡོད། །
རི་ཁྲོད་འགྲིམ་ལ་ཐལ་འགྲོ། །
༡༧
མཚན་ལྡན་བླ་མའི་དྲུང་དུ། །
སེམས་ཁྲིད་ཞུ་བར་ཕྱིན་པས། །
སེམས་པ་བསྐོར་ཀྱང་མི་ཐུབ། །
བྱམས་པའི་ཕྱོགས་ལ་ཤོར་སོང༌། །
༡༨
སྒོམ་པ་བླ་མའི་ཞལ་རས། །
ཡིད་ལ་འཆར་རྒྱུ་མི་འདུག །
མ་བསྒོམས་བྱམས་པའི་ཞལ་རས། །
ཡིད་ལ་ཝ་ལེ་ཝ་ལེ། །
༡༩
སེམས་པ་འདི་ལ་འགྲོ་འགྲོ།
དམ་པའི་ཆོས་ལ་ཕྱིན་ན། །
ཚེ་གཅིག་ལུས་གཅིག་ཉིད་ལ། །
སངས་རྒྱས་འཐོབ་པར་འདུག་གོ། །
༢༠
དག་པ་ཤེལ་རིའི་གངས་ཆུ། །
ཀླུ་བདུད་རྡོ་རྗེའི་ཟིལ་བ། །
བདུད་རྩི་སྨན་གྱི་ཕབ་རྒྱུན། །
ཆང་མ་ཡེ་ཤེས་མཁའ་འགྲོ །
དམ་ཚིག་གཙང་མས་བཏུང་ན། །
ངན་སོང་མྱོང་དགོས་མི་འདུག །
༢༡
རླུང་རྟ་ཡར་འགྲོའི་དུས་ལ། །
རླུང་བསྐྱེད་དར་ལྕོག་བཙུགས་པས། །
མཛངས་མ་མ་བཟང་བུ་མོས། །
ང་རང་མགྲོན་པོ་བོས་བྱུང༌། །
༢༢
སོ་དཀར་ལྤགས་པའི་འཛུམ་མདངས། །
བཞུགས་གྲལ་སྤྱི་ལ་བསྟན་ཀྱང༌། །
མིག་ཟུར་ཁྲ་མོའི་སྒྲིལ་མཚམས། །
གཞོན་པའི་གདོང་ལ་བལྟས་བྱུང༌། །
༢༣
ཧ་ཅང་སེམས་ལ་སོང་ནས། །
འགྲོགས་འདྲིས་ཨེ་ཡོང་དྲིས་པས། །
འཆི་བྲལ་བྱེད་ན་མིན་པ། །
གསོན་བྲལ་མི་བྱེད་གསུངས་བྱུང༌། །
༢༤
མཛངས་མའི་ཐུགས་དང་བསྟུན་ན། །
ཚེ་འདིའི་ཆོས་སྐལ་ཆད་འགྲོ། །
དབེན་པའི་རི་ཁྲོད་འགྲིམསན། །
བུ་མོའི་ཐུགས་དང་འགལ་འགྲོ། །
༢༥
ཀོང་ཕྲུག་གཞོན་པའི་བློ་སྣ། །
སྦྲང་བུ་རྒྱ་ལ་བཅུག་འདྲ། །
ཞག་གསུམ་ཉལ་རོགས་བྱས་པས། །
ཕུགས་ཡུལ་ལྷ་ཆོས་དྲན་བྱུང༌། །
༢༦
གཏན་གྲོགས་ཁྱོད་ལ་སེམས་པའི། །
ཁྲེལ་དང་ངོ་ཚ་མེད་ན། །
མགོ་ལ་བརྒྱབ་པའི་གཙུག་གཡུས། །
སྐད་ཆ་སྨྲ་ནི་མི་ཤེས། །
༢༧
འཛུམ་དང་སོ་དཀར་སྟོན་ཕྱོགས། །
གཞོན་པའི་བློ་བྲིད་ཡིན་འདུག །
སྙིང་ན་ཤ་ཚ་ཡོད་མེད། །
དབུ་མནའ་བཞེས་རོགས་གནང་དང༌། །
༢༨
སྙིང་ཐུབ་བྱ་རྡོ་ལམ་འཕྲད། །
ཨ་མ་ཆང་མས་སྦྱར་བྱུང༌། །
ལན་ཆགས་བུ་ལོན་བྱུང་ན། །
འཚོ་སྐྱོང་ཁྱོད་རས་གནང་ཞུ། །
༢༩
སྙིང་གཏམ་ཕ་མར་མ་བཤད། །
ཆུང་འདྲིས་བྱམས་པར་བཤད་པས། །
བྱམས་པ་ཤ་ཕོ་མང་ནས། །
གསང་གཏམ་དགྲ་བོས་གོ་སོང༌། །
༣༠
སྙིང་ཐུབ་ཡིད་འཕྲོག་ལྷ་མོ། །
རྔོན་པ་ང་རས་ཟིན་ཀྱང༌།
དབང་ཆེན་མི་ཡི་དཔོན་པོ། །
ནོར་བཟང་རྒྱལ་པོས་ཕྲོགས་སོང༌། །
༣༡
ནོར་བུ་རང་ལ་ཡོད་དུས། །
ནོར་བུའི་ནོར་ཉམས་མ་ཆོད། །
ནོར་བུ་མི་ལ་ཤོར་དུས། །
སྙིང་རླུང་སྟོད་ལ་འཚངས་བྱུང༌། །
༣༢
རང་ལ་དགའ་བའི་བྱམས་པ། །
གཞན་གྱི་འདུན་མར་བླངས་སོང༌། །
ཁོག་ནད་སེམས་པའི་གཅོང་གིས། །
ལུས་པོའི་ཤ་ཡང་བསྐམས་སོང༌། །
༣༣
སྙིང་ཐུབ་རྐུ་ལ་ཤོར་སོང༌། །
མོ་ཕྱཱ་རྩིས་འབུལ་རན་སོང༌། །
བུ་མོ་དུང་སེམས་ཅན་མ། །
རྨི་ལམ་ལ་ཡང་འཁོར་བྱུང༌། །
༣༤
བུ་མོར་འཆི་བ་མེད་ན། །
ཆང་ལ་འཛད་པ་མི་འདུག །
གཞོན་པའི་གཏན་གྱི་སྐྱབས་གནས། །
འདི་ལ་བཅོལ་བས་ལོས་ཆོག །
༣༥
བུ་མོ་ཨ་མར་མ་སྐྱེས། །
ཁམ་བུའི་ཤིང་ལ་སྐྱེས་སམ། །
ཨ་གསར་ཟད་པའི་ཁམ་བུའི། །
མེ་ཏོག་དེ་ལས་མགྱོགས་པ། །
༣༦
བུ་མོ་ཆུང་འདྲིས་བྱམས་པ། །
སྤྱང་ཀིའི་རིགས་རྒྱུད་མིན་ནམ། །
ཤ་འདྲེས་ལྤགསའདྲེས་བྱུང་ཡང༌། །
རི་ལ་ཤོར་གྲབས་མཛད་གི །
༣༧
རྟ་རྒོད་རི་ཤོར་བརྒྱབ་པ། །
རྙི་དང་ཞགས་པས་ཟིན་ཡང་། །
བྱམས་པས་ངོ་ལོག་བརྒྱབ་པས། །
ཐུགས་ངོ་ཟིན་པ་མི་འདུག །
|