中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅། །ཤེས་རབ་སྙིང་པོའི་སྔགས་ཀྱི་རྣམ་བཤད་སྦས་དོན་གསལ་བ་ཞེས་བྱ་བ་བཞུགས་སོ།
དུས་ཚོད།2019-06-21 11:46:08     རྩོམ་གྱི་ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། དཀོན་མཆོག་བསྟན་པའི་སྒྲོན་མེ    ཆུང་། | འབྲིང་། | ཆེ།
ན་མོ་གུ་རུ་མུ་ནཱིནྡྲཱ་ཡ། ཤེས་རབ་སྙིང་པོའི་སྔགས། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱཧཱ་ཞེས་པ། བོད་སྐད་དུ། འདི་ལྟ་སྟེ། སོངས་ཤིག་སོངས་ཤིག་ཕ་རོལ་ཏུ་སོངས་ཤིག །ཕ་རོལ་ཏུ་ཡང་དག་པར་སོངས་ཤིག །བྱང་ཆུབ་ཏུ་གཞི་ཚུགས། ཞེས་པའི་དོན་བཤད་ན། འདི་ལྟ་སྟེ་ནི་སྟོན་པ་ཉིད་ཀྱིས་དུས་དང་པོ་རིང་མོ་ཞིག་ནས་གོམས་པའི་ཐེག་པ་མཆོག་གི་རིགས་ཀྱི་ནུས་པ་བརྟས་པ་ན། སྒྲུབ་བྱེད་ཀྱི་རྩ་བ་ཐུགས་རྗེ་ཆེན་པོ་དེས་བསྐུལ་ཏེ་འགྲོ་བ་ཡོངས་སུ་དགྲོལ་བར་འདོད་ཅིང། དགྲོལ་རྒྱུའི་འཆིང་ཐག་ནི་བདག་ཏུ་འཛིན་པར་གཟིགས་ལ། སྔོན་དུ་རང་མ་གྲོལ་བས་གཞན་དགྲོལ་མི་ནུས་པར་དགོངས་ཏེ། འཛིན་པ་དེའི་དངོས་ཀྱི་གཉེན་པོ་བདག་མེད་པ་ལ་ཐབས་དང་བཅས་ཏེ་གོམས་པ་མཐར་གཏུགས་པས། དེ་ཉིད་གཟིགས་པ་ལ་སྒྲིབ་པར་བྱེད་པའི་སྒྲིབ་པ་བག་ཆགས་དང་བཅས་པ་ཟད་པས་གཟིགས་པ་ཡོངས་སུ་དག་པའི་ཚེ་རང་གིས་གཟིགས་ཤིང་མངོན་དུ་མཛད་པ་འདི་ཁོ་ན་རྗེས་འཇུག་ཀུན་གྱི་བགྲོད་པ་གཅིག་པའི་ལམ་དུ་གཟིགས་ནས་གོལ་བའི་མཐའ་གཉིས་བཀག་སྟེ་དབུས་རྣལ་མ་འདི་ལྟ་སྟེ་ཞེས་སྟོང་པ་དང་རྟེན་འབྱུང་ཟུང་དུ་འཇུག་པ་རང་དབང་དུ་འདོམས་པར་མཛད་པ་ཡིན་པའི་ཕྱིར་སྨྲ་བ་བླ་ན་མེད་པ་ཚད་མའི་སྐྱེས་བུ་ཉག་ཅིག་ཏུ་འགྲུབ་སྟེ་ཆོས་ཁུངས་བཙུན་པར་སྟོན་པར་མཛད་པ་པོའི་ཆེ་བའོ། །ཡང་འཁོར་འདས་ཐམས་ཅད་སེམས་ཀྱིས་བྱས་པར་འདྲ་བ་ལ་དམན་མཆོག་བྱུང་སྟེ་སོ་སོར་འགྲོ་བ་ནི་སེམས་འཁྲུལ་མ་འཁྲུལ་ཁོ་ནའི་ཁྱད་ཡིན། དོན་དང་མ་མཐུན་ན་འཁྲུལ་པ་དང། མཐུན་ན་མ་འཁྲུལ་པ་ཡིན་པས། དོན་ཇི་ལྟར་གྲུབ་ཤེས་ཏེ་ལོག་པ་དོར་ནས་ཡང་དག་པ་དེར་འགྲོ་དགོས་ལ། འགྲོ་སའི་ལམ་དབུ་མ་རྟག་ཆད་ཀྱི་གཡང་ས་ལས་འདས་པ་ཞི་བའི་སྒོ་དང་ལམ་གཉིས་པ་མེད་པ། དམིགས་པ་ཇི་སྙེད་པ་ལ་ཁྱབ་ཀྱང་རྣམ་པའི་དབྱེ་བ་མི་མཐུན་པའི་སྤྲོས་པ་དང་བྲལ་ཞིང། སྦྲང་རྩི་ལྟ་བུར་རོ་གཅིག་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་གཉིས་སུ་མེད་པའི་ཚུལ་གྱིས་གཟིགས་པ་འདི་ཁོ་ན་སྟེ། ཞེས་རྒྱལ་བའི་ཡུམ་རྣམ་པ་གསུམ་གྱི་དངོས་བསྟན་ཟབ་མོ་བསྡུས་པར་སྟོན་པའི་ཆེ་བའོ། །ཡང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་དང། འཁོར་བ་པ་རྣམས་ཀྱིས་རྒུད་པ་མྱོང་བའི་ནི་རང་བཞིན་གྱིས་ཁྱད་ཞུགས་པའམ་གཞན་གྱིས་བྱས་པ་མིན་གྱི། རང་གི་བྱེད་ཚུལ་ལེགས་ཉེས་ཀྱིས་ཡིན་ཏེ། སེམས་ཅན་རྣམས་བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་བསྒྲུབ་པས་ཐུར་ནས་ཐུར་དུ་འགྲོ་ལ། དེ་ལས་བཟློག་ན་གོང་དུ་འགྲོ་བ་ཡིན། དེར་ཡང་ཅིག་ཅར་མི་ཕྱིན་པས་མངོན་པར་རྟོགས་པ་འོག་མ་འོག་མ་ནས་གོང་མ་གོང་མར་རིམ་གྱིས་བགྲོད་ཚུལ་སངས་རྒྱས་སྔ་མ་རྣམས་གང་ནས་གཤེགས་པའི་ལམ་གྱི་རིམ་པ་ཚང་ལ་མ་ནོར་བ་འདི་ཁོ་ན་སྟེ་ཞེས་ཡུམ་གྱི་སྦས་དོན་མངོན་རྟོགས་བསྡུས་པར་སྟོན་པས་འདི་གཉིས་ཀྱིས་ཆོས་ཀྱི་ཆེ་བ་ཞེས་བྱ་བ་དགོས་སོགས་བསྟན་པ་ཡིན་ནོ། །དེ་ནས་མནྟྲ་སྟེ་ཡིད་མ་རིག་པའི་གདོན་གྱིས་ཡོངས་སུ་བསླད་པ་ལས་བསྐྱབས་ནས་བླ་ན་མེད་པའི་བདེ་བ་ལ་འགོད་པའི་སྔགས་ཀྱི་དོན་ལ། སྤྱི་དོན་དང་ཚིག་དོན་གཉིས། དང་པོ་ནི། སོངས་ཤིག་ཅེས་བྱ་བ་དེ་གང་ནས་གང་དུ་འགྲོ་བ་ཡིན་ན་འཁོར་བ་ནས་མྱང་འདས་སུ་འགྲོ་བ་ཡིན་པས། རྒྱས་པར་ཕྱེ་ན་ད་ལྟ་གང་དུ་གནས། དེར་གནས་པའི་རྒྱུ། དེ་ནས་གང་དུ་འགྲོ་བ། དེར་འགྲོ་བའི་ལམ་སྟེ་བདེན་པ་བཞིའི་ཚུལ་གྱིས་གཏན་ལ་དབབ་དགོས་སོ། །
དེའང་རང་ཅག་ད་ལྟ་གང་ལ་གནས་པ་ཉེ་བར་ལེན་པའི་ཕུང་པོའི་བདག་ཉིད་ཀྱི་འཁོར་བའི་སྐྱེ་བ་འདི་བླངས་ཕྱིན་ཆད་གནས་ལོངས་སྤྱོད་གྲོགས་སོགས་གང་གིས་བདེ་བར་བསྒྲུབས་ཀྱང་སྡུག་བསྔལ་འབའ་ཞིག་ལས་མ་འདས་པ་ཁབ་རྩེ་ལ་ཕྱོགས་གང་ནས་བརྟེན་ཀྱང་མི་བདེ་བ་དང། མི་གཙང་བའི་གོང་བུ་ནམ་གནས་སུ་དྲི་ང་བ་ལས་མ་འདས་པ་ལྟ་བུ་འདི་ནི་སྡུག་བསྔལ་གྱི་བདེན་པའི་གཙོ་བོ་ཡིན་ནོ། །གནས་དེར་འཕེན་བྱེད་མ་རིག་པ་དང་འདུ་བྱེད་སོགས་ཡིན་ཀྱང། དེ་དང་མི་འབྲལ་བར་འཆིང་བྱེད་སྲིད་པའི་བདེ་བ་ལ་བརྐམ་པའི་ཞེན་ཆགས་འདི་ཡིན་ཏེ། ཕག་མི་གཙང་བའི་རྫབ་ལ་ཆགས་ནས་ཉལ་བ་ལྟར་སྡུག་བསྔལ་ལ་སྡུག་བསྔལ་དུ་མ་ཤེས་པར་གཙང་ཞིང་བདེ་བར་རློམ་སྟེ་ཤི་སྤར་འཐམ་ནས་བག་མེད་དུ་གཉིད་ལོག་པ་ཡིན་པས། ཀུན་འབྱུང་ལ་ལས་ཉོན་མང་པོ་ཡོད་ཀྱང་དངོས་སུ་འཆིང་བྱེད་གཙོ་བོ་སྲེད་པ་ཡིན་ནོ། །གང་དུ་འགྲོ་བའི་ཡུལ་ནི་འཁོར་བའི་སྡུག་བསྔལ་དེ་དག་ཟད་པའི་ཐར་པ་ཡིན་ཞིང། དེའང་འཁོར་བ་ཟད་ཙམ་གྱི་འགོག་བདེན་ནི་དམན་པའི་མྱང་འདས་ཞེས་ཐེག་དམན་གྱི་བྱང་ཆུབ་ཡིན་ལ། སྡུག་བསྔལ་དེའི་རྩ་བ་བག་ཆགས་དང་བཅས་པ་ཟད་པའི་འགོག་བདེན་དོན་གཉིས་ཕུན་སུམ་ཚོགས་པས་བརྒྱན་པ་མི་གནས་པའི་མྱང་འདས་ནི་བླ་ན་མེད་པའི་བྱང་ཆུབ་སྟེ་བགྲོད་བྱའི་ཡུལ་མཐར་ཐུག་པ་ཡིན་ནོ། །དེར་འགྲོ་བའི་ལམ་ནི་རང་བཞིན་མེད་པའི་དོན་ཇི་ལྟ་བ་བཞིན་མངོན་སུམ་དུ་གཟིགས་པ་ཐེག་པ་གསུམ་གྱི་འཕགས་པའི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ལམ་བདེན་གྱི་གཙོ་བོ་ཡིན་ལ། འཁོར་དང་བཅས་ན་དེ་དང་འཛིན་སྟངས་མཚུངས་པའི་བློ་རྟོག་པ་དང་བཅས་པ་འོག་མ་དག་ཀྱང་ལམ་ཡིན་ལ། དེར་སྦྱོར་ཞིང་ཕན་པའི་ཡན་ལག་ཏུ་གྱུར་པས་མི་རྟག་སྡུག་བསྔལ་སོགས་སུ་བསྒོམ་པའང་འགྲོ་བའི་ཕྱོགས་ཙམ་ལ་ལམ་དུ་བཏགས་པ་བཞིན་ཐར་པའི་ལམ་གྱི་སྒྲས་བསྡུས་ཏེ། བྱང་ཆུབ་སེམས་འགྲེལ་ལས། མི་རྟག་སྟོང་པ་སྡུག་བསྔལ་ཞེས། །བྱ་བ་གསུམ་པོ་སེམས་སྦྱོང་བྱེད། །མཆོག་ཏུ་སེམས་ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། །ཞེས་དང། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་སོ། །རང་ཅག་འཁོར་བ་འདིར་གནས་པ་མྱ་ངན་ལས་འདས་པའི་ས་དེར་འགྲོ་བའི་རིམ་པ་དཔེར་མཚོན་ན། མི་བླུན་པོ་ཞིག་བཙོན་རར་བག་མེད་དུ་གཉིད་ལོག་ནས་བསྡད་པའི་ཚེ། དེ་ལ་སྙིང་བརྩེ་བའི་ཤེས་ལྡན་ཞིག་གིས་བོས་ཏེ་གཉིད་བསླངས་ནས་དེར་བསྡད་ན་ཆད་ལས་མང་པོ་འོང་ཚུལ་བཤད་པས་སྐྲག་ནས་འབྲོས་ཐབས་ཨེ་ཡོད་ཟེར་བར། འགྲོ་སའི་གནས་རྒྱལ་པོའི་ཕོ་བྲང་དང། དེའི་ལམ་བགྲོད་ཚུལ་སོགས་བཤད་པ་བཞིན་བྱས་ན་ཐར་ནུས་སོ། །དེ་དོན་དང་སྦྱར་ན། དང་པོར་བོས་ཏེ་ཆོས་ཀྱི་འདུ་ཤེས་ཙམ་ཡང་མ་སྐྱེས་པའི་བག་མེད་ཀྱི་གཉིད་ལས་བསླངས་ནས་སྐྱོན་ཡོན་གྱི་རྒྱུ་མཚན་དང་བཅས་ཏེ་སོངས་ཤིག་ཅེས་གསུང་མཁན་ནི་སྐྱབས་སྟོན་པ་པོ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཡིན་ལ། དེ་ནི་ད་ལྟ་དངོས་ཀྱི་བླ་མ་འདི་ལས་གཞན་དུ་མེད། འབོད་པའི་སྒྲ་རྣ་བར་གྲགས་ཀྱང་མལ་ནས་མ་ལང་བཤད་པ་བཞིན་མ་བྱས་ན་དོན་མེད་པ་བཞིན། ཆོས་ཐོས་ཀྱང་ལག་ཏུ་མ་བླངས་འཁོར་བ་ལས་ཡིད་མ་བྱུང་ན་ཐོས་པས་དོན་མེད། ཆུང་ངུ་དང་འབྲིང་གི་ལམ་གྱིས་རགས་པ་དང་ཕྲ་བའི་མི་རྟག་སྡུག་བསྔལ་བསམས་ཏེ་ཡིད་འབྱུང་སྐྱེས་པ་ནི་བཙོན་ར་ལས་འབྲོས་འདོད་སྐྱེས་པ་ལྟ་བུ་ཡིན་གྱི། བྲོས་ནས་ལམ་དུ་ཞུགས་པའི་བྱ་བ་དངོས་མིན་ཏེ། ཐར་ལམ་དངོས་སུ་སླེབས་པ་ཡང་དག་པའི་ལྟ་བ་རྙེད་པ་ནས་ཡིན། འོན་ཀྱང་ལམ་དུ་ཞུགས་ཙམ་ནས་དགྲ་ས་བརྒལ་བར་མི་འགྱུར་བར་བརྒལ་མ་བརྒལ་གྱི་ཆ་གཉིས་འབྱུང་བ་བཞིན། སྟོང་ཉིད་རྟོགས་ཀྱང་མངོན་སུམ་མ་རྟོགས་པས་སོ་སྐྱེས་སྐབས་དགྲ་ས་ལས་མ་བརྒལ་བ་ལྟ་བུ་དང། མངོན་སུམ་རྟོགས་པ་འཕགས་པའི་སྐབས་དགྲ་ས་བརྒལ་བ་ལྟ་བུ་གཉིས་འབྱུང་ངོ་། །ཡང་དགྲ་ས་བརྒལ་ཙམ་གྱིས་མི་ཆོག་པར་ད་དུང་འབད་པ་བསྐྱེད་ནས་སོང་སྟེ་རྒྱལ་པོའི་ཕོ་བྲང་དངོས་ལ་སླེབ་དགོས་པ་ལྟར། སྟོང་ཉིད་མངོན་སུམ་དུ་རྟོགས་པ་དེར་ཡང་ཡུན་དུ་གོམས་པར་བྱས་ཏེ་བྱང་ཆུབ་ཐོབ་པར་བྱེད་དགོས་སོ། །འདི་ལ་དང་པོར་འགྲོ་ཚུལ་བཤད་པ་ཐོས། དེ་ལེགས་པར་བསམས་ཏེ་ངེས་པ་རྙེད་པ་བྱས། དེ་ནས་འགྲོ་བའི་བྱ་བ་ལག་ཏུ་ལེན་དགོས་པ་ལྟར། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་སློབ་པར་བྱེད་དགོས་ལ། ལམ་སྟོན་མཁན་དང། ལམ་དངོས། ལམ་གྲོགས་གསུམ་ག་ཚང་དགོས་པས་སྐྱབས་འགྲོའང་འདིས་འགྲུབ་བོ། །དེ་ལྟར་ན་བླང་དོར་གྱི་སྡོམ་ཆེན་པོ་བདེན་པ་བཞི་དང། དེ་ལས་ཕྱེ་བ་ཀུན་བྱང་གི་རྟེན་འབྲེལ་ལུགས་འབྱུང་ལྡོག་ཕྲུགས་བཞི། རྣམ་བྱང་གི་ཕྱོགས་ལ་ངོ་བོ་ལམ་ལྔ་དང། རྟེན་སྐྱབས་འགྲོ། ལག་ཏུ་ལེན་ཚུལ་ཐོས་བསམ་སྒོམ་གསུམ་བཅས་ཐུན་མོང་བའི་ལམ་གྱི་རིམ་པ་མཐའ་དག་འདུ་ཞིང། དང་པོ་ཐོས་པ་དགོས་པས་ཐོས་པའི་ཡུལ་བཤེས་གཉེན་ལམ་གྱི་རྩ་བར་འགྲུབ་ལ། དེའང་བཤད་ལམ་གྱིས་དེ་ལྟར་ཡིན་པར་སྣང་ངོ་ཞེས་ཐོས་ལོ་སྟོན་པ་ཙམ་གྱིས་མི་ཆོག་པར། རང་གི་ཉམས་སུ་མྱོང་བའི་སྟེང་ནས་འདིའོ་ཞེས་སྟོན་པ་ཞིག་དགོས་པས། འདི་ལྟ་སྟེ་ཞེས་པ་འདིས་བཤེས་གཉེན་གྱི་མཚན་ཉིད་ཀྱང་བསྟན་ཏོ། །དོན་རང་གིས་ཉམས་སུ་བླངས་པ་དང་མཐུན་པར་གཞན་དོན་སྤྱོད་པའི་ཁོངས་སུ་བསྡུ་བཞི་ཚང་ཞིང། དེ་དང་ཕྱིན་དྲུག་བསླབ་གསུམ་ཚོགས་གཉིས་སོགས་ཕན་ཚུན་བསྡུས་པར་གསུངས་པས་དེ་དག་ཀྱང་ཚང་ངོ་། །མ་བཅོལ་བར་གཞན་གྱི་དོན་བྱེད་པ་དེ་ནི་ནང་ནས་བསྐུལ་བ་ཡིན་པས་རྒྱུ་འབྲས་མན་ངག་བདུན་དང་བདག་གཞན་བརྗེ་བ་སོགས་ཐེག་ཆེན་ཐུན་མོང་མ་ཡིན་པ་ཐམས་ཅད་ཤུགས་ཀྱིས་འགྲུབ་སྟེ། མདོར་ན་ལམ་གྱི་ཁོག་བུབ་འགངས་ཆེ་བ་ཐམས་ཅད་སྤྱི་དོན་གྱི་ཁོངས་འདི་ནས་ཤེས་པར་བྱའོ། །
གཉིས་པ་ཚིག་དོན་ནི། སོངས་ཤིག་ཅེས་པ་ཚོགས་ལམ། ཡང་སོངས་ཤིག་ཅེས་པ་སྦྱོར་ལམ། ཕ་རོལ་ཏུ་སོངས་ཤིག་ཅེས་པ་མཐོང་ལམ། ཕ་རོལ་ཏུ་ཡང་དག་པར་སོངས་ཤིག་ཅེས་པ་སྒོམ་ལམ། བྱང་ཆུབ་ཏུ་གཞི་ཚུགས་ཞེས་པས་མི་སློབ་ལམ་བསྟན་པ་ཡིན་ནོ། །དེ་ལ་འདི་གདུལ་བྱ་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་ན་སྐྱེས་བུ་ཆུང་ངུའི་ལམ་གྱིས་ཆོས་སྒྲུབ་པའི་རྟེན་མངོན་མཐོ་ཁྱད་པར་ཅན་དུ་འགྲོ་བ་དང། འབྲིང་དང་ཆེན་པོའི་ལམ་གྱིས་ངེས་ལེགས་ཐེག་པ་གསུམ་དུ་འགྲོ་ཞིང། ཐམས་ཅད་མཐར་མི་གནས་པའི་མྱང་འདས་སུ་འགྲོ་བ་ལ་སྦྱར་ཆོག་པས་ལམ་ལྔ་ཙམ་གྱིས་སྡུད་མི་ནུས་པ་དང། ཐེག་ཆེན་ཁོ་ནའི་དབང་དུ་བྱེད་ཚེ་ཉམས་ལེན་སྦྱོར་བ་བཞིས་འབྲས་བུ་ཆོས་སྐུར་འགྲོ་བ་ལ་སྦྱར་ན་ལེགས་པས་སྤྱིར་གྱི་ལམ་ལྔ་བྱས་པ་ཁྱབ་ཆེ་བ་མ་ཡིན་ནམ་ཞེ་ན། འདིའི་སོང་བའི་དོན་ནི་ངེས་པར་འབྱུང་བའི་སེམས་ཀྱིས་ཐར་པའམ་མྱ་ངན་ལས་འདས་པའི་ཕྱོགས་སུ་འགྲོ་བས་ན་དེའི་ཆ་དང་མཐུན་པ་ཞེས་བྱ་བ་ཡན་ཆད་ལ་ཡིན་གྱི། མངོན་མཐོ་སྒྲུབ་པ་ལ་སོང་བའི་སྒྲ་དོན་མེད་དེ། མྱང་འདས་ཀྱིས་གང་ལས་འདས་པ་དང། ངེས་འབྱུང་གིས་གང་ལས་འབྱུང་བ་སྟེ། འདིའི་འབྱུང་བ་ནི་བཙོན་ར་ནས་ཕྱིར་འབྱུང་ཞེས་པ་ལྟ་བུ་གཞན་དུ་འགྲོ་བའི་དོན་དང། འདིར་སོངས་ཤིག་ཅེས་གསུངས་པ་རྣམས་དོན་གཅིག་གོ །ཐེག་ཆེན་ཁོ་ན་ལའང་མི་སྦྱོར་ཏེ། གང་ཞིག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང། །ཞེས་སོགས་སམ། རབ་འབྱོར་ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །ཞེས་སོགས་ཀྱིས་བགྲོད་པ་གཅིག་པའི་ལམ་དུ་འགྲུབ་པས་གཙོ་བོ་ཐེག་ཆེན་ཡིན་ཀྱང་ཕལ་བའི་ཚུལ་དུ་ཐེག་པ་གཞན་གཉི་གའང་སྡུད་དགོས་སོ། །འོན་ཏེ་གལ་ཆེ་བ་ལ་དོན་གཅིག་རྣམ་གྲངས་དུ་མར་ཟློས་ཏེ་གསུང་བའང་ཡོད་པས། ལམ་ལྔ་ཁོ་ནར་སྦྱོར་དགོས་པ་ཅིས་ཤེས་ཤེ་ན། རང་གི་ཚིག་གི་ནུས་པས་ཤེས་ཏེ། དང་པོ་གཉིས་ལ་ཕ་རོལ་གྱི་སྒྲ་མ་སྦྱར་ཞིང་གསུམ་པ་ནས་སྦྱར་བའི་ཕྱིར་རོ། །དེའང་ཕ་རོལ་ཚུ་རོལ་གྱི་མཚམས་ནི་དཔེར་ན་ལུང་པ་ཕར་ནང་ཚུར་ནང་གི་མཚམས་བར་གྱི་རིའི་སྒང་རྒྱུད་ནས་འཇོག་པ་ལྟར། སྐྱེ་འཕགས་ཀྱི་མཚམས་ནས་འབྱེད་པ་ཡིན་ཏེ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ཉི་མ་ཤར་ཏེ། སྲིད་པར་ཀུན་ཏུ་སྦྱོར་བ་གསུམ་གྱི་མུན་སྟུག་དང་གྲང་བའི་གདུང་བ་ཟད་པ། སོ་སོ་སྐྱེ་བོ་རྣམས་ཀྱིས་མངོན་དུ་མ་གྱུར་ཅིང་འཕགས་པ་རྣམས་ཀྱི་གནས་སུ་གྱུར་པ་དེ་ལ་ཕ་རོལ་ཅེས་བྱའོ། །དེ་འདྲ་བའི་ཡེ་ཤེས་ཀྱི་ཉི་མ་མ་ཤར་ཞིང་ཀུན་སྦྱོར་གསུམ་གྱི་གྲིབ་མ་སྟུག་པོ་གྲང་རེག་དང་བཅས་པས་ནོན་པ་སོ་སོ་སྐྱེ་བོ་རྣམས་ཀྱི་རྒྱུན་གྱི་སྡོད་གནས་སུ་གྱུར་པ་དེ་ལ་ཚུ་རོལ་ཅེས་བྱ་སྟེ། ལས་ཀྱི་ནུས་པས་དེ་ཁོ་ན་མཐོང་ཞིང། དེའི་ནང་དུ་འཁྱམས་པའི་ཕྱིར་ཚུ་རོལ་མཐོང་བ་ཞེས་བཏགས་སོ། །ཕ་རོལ་དང་ཚུ་རོལ་ལྟོས་འཇོག་གིས་ཡིན་ཏེ། སངས་རྒྱས་ཀྱིས་ཆོས་བསྟན་པ་ཆེད་དུ་བྱ་བའི་གདུལ་བྱའི་དོན་ཡིན་པས། དེ་ལ་གཙོ་བོར་ལྟོས་ཏེ་འཕགས་པའི་ས་ལ་ཕ་རོལ་ཅེས་གསུངས་པ་ཡིན་གྱི། སངས་རྒྱས་རང་ལ་ལྟོས་ན་ཚུ་རོལ་ཡིན་ཏེ། སྲིད་པ་ཐ་མ་པ་མང་པོ་བསྙེན་པར་རྫོགས་པའི་ཚེ་ཚུར་ཤོག་གསུངས་པ་དེ་འཁོར་བར་ཞེན་ཐག་ཆོད་ལ། སྡུག་བསྔལ་ཉེ་བར་ཞི་བ་ཐར་པའི་ས་འདིར་ཚུར་ཤོག་ཅེས་མྱང་འདས་ཀྱི་བསམ་པ་སྐྱེད་པ་ཡིན་ལ། དེ་ཤུགས་ཆེ་བས་སྦྱོར་བ་བསླབ་པའི་འབོག་ཆོས་ཐམས་ཅད་ཀྱི་གོའང་ཚངས་པ་མཚུངས་པར་སྤྱོད་ཅིག་ཅེས་པ་ཙམ་གྱིས་ཆོད་པ་ཡིན་ནོ། །འོ་ན་ཚོགས་སྦྱོར་གཉི་ག་ཚུ་རོལ་གྱི་སར་འདྲ་བས་སོངས་ཤིག་ཅེས་པ་གཅིག་གིས་ཆོག་ལ། ཡང་ན་ཚོགས་ལམ་གསུམ་དང་སྦྱོར་ལམ་བཞི་ལའང་སོ་སོར་དགོས་སོ་སྙམ་ན། འདི་ནི་ལམ་ལྔར་འབྱེད་ལུགས་རྒྱུ་མཚན་དང་བཅས་པ་ལེགས་པར་གོ་དགོས་སོ། །དེའང་ལམ་ལྔར་ཕྱེ་བ་ཐབས་ཀྱི་ཆ་ནས་མ་ཡིན་པར། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ཆ་ནས་ཡིན་ཏེ། ཆོས་ཉིད་ལ་གསལ་སྣང་ཆ་འདྲ་ཙམ་ཡང་མ་ཐོབ་ཀྱང་སླར་ཐོབ་པའི་རྒྱུ་ཚོགས་ཙམ་དུ་འགྲོ་བས་ཚོགས་ལམ་དང། ངེས་པར་འབྱེད་པ་མཐོང་ལམ་ལྟ་བུའི་གསལ་སྣང་དངོས་མིན་ཀྱང་དེའི་ཆ་འདྲ་ཙམ་སྐྱེས་པས་ངེས་འབྱེད་ཆ་མཐུན་ནམ་སྦྱོར་ལམ་དང། ཆོས་ཉིད་དང་པོར་མངོན་སུམ་དུ་གསལ་བར་མཐོང་བས་མཐོང་ལམ་དང། མཐོང་ཟིན་གོམས་པར་བྱེད་པས་སྒོམ་ལམ་དང། དེ་ལས་ལྷག་གོམས་ཤིང་བསླབ་རྒྱུ་མེད་པས་མི་སློབ་ལམ་ཞེས་བཤད་པ་ཡིན་ནོ། །དེས་ན་ཚོགས་སྦྱོར་གཉིས་ཀྱང་ཆོས་ཉིད་མཐོང་ཚུལ་ཁྱད་པར་ཆེ་བས་སོ་སོར་གསུངས་པ་ཡིན་ཏེ། དཔེར་ན་སྲིབ་ཀྱི་ལུང་པའི་མཐིལ་ན་ཡོད་པ་དེ་ལ་འདེབ་མ་ཟིན་བར་དུ་གཞུང་བརྒྱུད་ནས་འགྲོ་བའི་ཚེ་ཇེ་མཐོ་ཇེ་གསལ་དུ་འགྲོ་རྒྱུ་མེད་པ་ལྟར། ཚོགས་ལམ་སྐབས་སྤང་བྱ་འདི་དང་འདི་མངོན་གྱུར་ཙམ་ཡང་སྤོང་ཟེར་རྒྱུ་མེད་ལ། དོན་སྤྱིའི་གསལ་སྣང་འཕེལ་བའི་ཁྱད་པར་དོད་རྒྱུའང་མེད། སྤྱིར་ལམ་སྐབས་མཐོང་སྤངས་གཟུང་འཛིན་གྱི་རྟོག་པ་མངོན་གྱུར་རིམ་གྱིས་ཉམས་སྨོད་པས་སྤང་བྱ་རྣམ་རྟོག་ལྡན་ཚུལ་གྱི་ཁྱད་འབྱེད་རྒྱུ་དང། དེའི་མཐུས་ཆོས་ཉིད་ལ་དོན་སྤྱིའི་གསལ་སྣང་ཇེ་ཆེར་འགྲོ་རྒྱུ་ཡོད་པ། དཔེར་ན་ལ་འདེབ་ནས་ཡར་གོམ་པ་རེ་རེ་བཞིན་ཇེ་མཐོར་འགྲོ་རྒྱུ་དང། དེའི་དབང་གིས་ཉི་ཟེར་གྱི་མདངས་ཀྱང་རིམ་པས་ཇེ་གསལ་དུ་འགྲོ་རྒྱུ་ཡོད་པ་ལྟ་བུ་ཡིན་པས། དྲོད་ལ་སྣང་བ་ཐོབ་པ་དང། རྩེ་མོ་ལ་སྣང་བ་མཆེད་པ་སོགས་སུ་གསུངས་པ་ཡིན་ནོ། །ཡང་དྲོད་ཀྱི་སྒྲ་དོན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་ཡིན་པའི་ཕྱིར་དྲོ་བར་གྱུར་པ་ཞེས་གསུངས་པས། གཙུབ་ཤིང་གི་དཔེ་དང་སྦྱར་ན་རེ་ཞིག་མ་བརྡར་བར་དུ་དྲོད་མི་འབྱུང་ལ། དེ་ནས་དྲོད་ཙམ་དང། ཤིན་ཏུ་ཚ་བ་དང། དུ་བ་འཐུལ་བ་དང། མེ་ཙག་ཙག་པ་དང། དམར་ལམ་གྱིས་འབར་བ་རྣམས་རིམ་པར་འབྱུང་བའི་ཁྱད་པར་ཆེན་པོ་དངོས་སུ་མཐོང་རྒྱུ་ཡོད་ལ། དྲོད་མ་ལང་གོང་དེར་དེ་འདྲའི་དབྱེ་བ་ཆེར་མེད་དོ། །འོན་ཀྱང་དང་པོ་མ་བརྡར་ན་དྲོད་མི་འབྱུང། དྲོད་བྱུང་ཡང་ཡུན་དུ་མ་བརྡར་ན་མེ་མི་འབྱུང་བ་དང། སྲིབ་ཀྱི་ལུང་པའི་གཞུང་བརྒྱུད་ནས་མ་སོང་བར་ལ་འདེབ་ཏུ་མི་སླེབ་ལ། ལ་མ་འཛེག་པར་ཕར་ནང་དུ་མི་ཕྱིན་པ་ལྟར། ཚོགས་ལམ་མ་སྐྱེས་པར་སྦྱོར་ལམ་དང། སྦྱོར་ལམ་མ་སྐྱེས་པར་མཐོང་ལམ་དུ་བགྲོད་ཚུལ་མེད་དོ། །འདི་ལེགས་པར་གོ་ན། ཁ་ཅིག །རྟོག་པ་ཐམས་ཅད་འཆིང་བྱེད་ཡིན་པས་དང་པོ་ནས་མི་རྟོག་པ་ལ་འཇུག་དགོས་ཞེས་སྨྲ་བ་རྣམས་སྒོམ་རིམ་གསུམ་དང་རྗེའི་གསུང་རབ་རྣམས་སུ་བཀག་པའི་དོན་ཁོང་དུ་ཆུད་དེ། ཐོས་བསམ་སྒོམ་གསུམ་དང་བཤད་སྒྲུབ་ཡ་མ་བྲལ་བས་བསྟན་པའི་གནད་དང་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ངེས་པ་རྙེད་པར་འགྱུར་རོ། །དེ་ལྟར་ན་སོངས་ཤིག་ཅེས་པ་དང་པོས་ཆོས་ཉིད་ཀྱི་དོན་ལ་ཐོས་བསམ་གཙོ་བོར་གྱུར་པའི་ཚོགས་ལམ་བགྲོད་ཚུལ་དང། གཉིས་པས་དེ་ལ་དོན་སྤྱིའི་གསལ་སྣང་དང་བཅས་པའི་སྒོམ་བྱུང་གཙོ་བོར་གྱུར་པའི་སྦྱོར་ལམ་བགྲོད་ཚུལ་བསྟན་པ་ཡིན་ནོ། །དེས་ན་ཚོགས་སྦྱོར་གཉིས་པོ་དེ་མེད་མི་རུང་དུ་བགྲོད་དགོས་པའི་ཐར་ལམ་ཡིན་ཀྱང། ཀུན་བཏུས་ལས་ཀུན་འབྱུང་རྗེས་མཐུན་པར་གསུངས་པ་བཞིན་རྟེན་གྱི་སྒོ་ནས་ཚུ་རོལ་འཁོར་བའི་ཕྱོགས་སུ་གཏོགས་པས་ལམ་གྱི་བདེན་པའམ་ལམ་དོན་དམ་པ་ནི་མ་ཡིན་ནོ། །མཐོང་ལམ་ཐོབ་པ་ན། འགྲོ་མི་འདོད་དང་ལམ་ནོར་དང། །ལམ་ལ་ཐེ་ཚོམ་ཇི་སྙེད་ཅིག །ཅེས་པ་ལྟར་གྱི་ཀུན་སྦྱོར་གསུམ་སྤངས་ཤིང། ཁྱད་པར་མདོ་ལས། ཐེ་ཚོམ་ལས་བརྒལ་བ། སོམ་ཉི་ལས་བརྒལ་བ། གཞན་གྱི་དྲིང་ལ་མི་འཇོག་པ། སྟོན་པའི་བསྟན་པ་ལས་གཞན་གྱིས་བཀྲིར་མི་བཏུབ་པ། ཞེས་སོགས་ལྟར་དོགས་པ་མེད་པར་ཡང་དག་པའི་ལམ་བགྲོད་ཉག་གཅིག་པ། དགྲ་ཡུལ་བརྒལ་ནས་རང་སར་འགྲོ་བ་ལྟ་བུ་ཡིན་པས་ལམ་བདེན་གྱི་མིང་ཐོབ་ཅིང། གོང་ནས་གོང་དུ་བགྲོད་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་བགྲོད་པར་བྱ་བའི་གནས་དོན་དམ་པ་ཡིན་པས་དོན་དམ་པའི་སར་ཡང་བཤད་དེ། ཚོགས་སྦྱོར་གཉིས་སུ་དེ་མོས་བློ་ཙམ་ལས་དངོས་སུ་མ་ཕྱིན་པས་མོས་པ་སྤྱོད་པའི་སར་བཤད་དོ། །དེས་ན། དེ་ནས་བཟུང་སྟེ་དེ་ནི་ཐོབ་པར་གྱུར་པ་ཡིས། །བྱང་ཆུབ་སེམས་དཔའ་ཞེས་བྱའི་སྒྲ་ཉིད་ཀྱིས་བསྙད་དོ། །འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་སྟེ། །ཞེས་མཚམས་འདི་ནས་དོན་དམ་པའི་ས་ལ་གནས་པ། དོན་དམ་པའི་རིགས་སུ་སྐྱེས་པ། དོན་དམ་པའི་བྱང་ཆུབ་སེམས་དཔར་འགྱུར་ལ། ཐེག་པ་འོག་མར་ཡང་འདི་ནས་ལམ་གྱི་བདེན་པ་དང་དགེ་འདུན་དཀོན་མཆོག་ཏུ་འགྱུར་རོ། །དེས་ན་པཱ་ར་ག་ཏེ་ཞེས་པའི་པཱ་ར་ཕ་རོལ་ཏུ་བཤད་པས་དོན་དམ་པར་ཡང་བཤད་དགོས་ཏེ། དེ་ལ་ཡི་གེ་བསྣན་པས་པཱ་ར་མཱརྠ་དོན་དམ་པ་ལ་འཇུག་ཅིང། དེར་མ་ཟད་སྦྱོར་ལམ་གྱི་སྐད་དོད་པྲ་ཡོ་ག་མརྒ་ཞེས་པ་པྲ་པཱ་ར་བྱས་ཚེ་དོན་དམ་པ་ལ་སྦྱོར་བ་ཞེས་པའི་དོན་དུ་འགྱུར་བར་བཤད་དོ། །དེའི་རྒྱུ་མཚན་ཡང་ཚུ་རོལ་དང་ཕ་རོལ་ཞེས་པ་དོན་གྱི་ཡུལ་སྟེང་ནས་ངོ་བོས་གྲུབ་པ་ཞིག་མ་ཡིན་གྱི། བློས་ཕར་འདོགས་ཚུལ་ལེགས་ཉེས་ཡིན་ཏེ། བདེན་གྲུབ་ཀྱི་མཚན་མར་འདུ་ཤེས་པའི་དབང་དུ་གྱུར་ཏེ་དེ་ལས་འདའ་མ་ནུས་པས་ཀུན་རྫོབ་འཁྲུལ་པའི་སྣང་བར་འཕྱན་པ་ཚུ་རོལ་དང། མཚན་འཛིན་གྱི་དམིགས་པའི་གཏད་སོ་བཤིག་སྟེ་དེ་ལས་བརྒལ་ནས་དོན་དམ་མཚན་མ་མེད་པའི་ངང་དུ་སོན་པ་ཕ་རོལ་གྱི་དོན་ཡིན་པའི་ཕྱིར། འདུ་ཤེས་ཚུ་རོལ་ཡིན་ཞེས་འདྲེན་པས་ཡོངས་སུ་བསྒྲགས། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ། །ཞེས་གསུངས་སོ། །འོ་ན་སོ་སོ་སྐྱེ་བོ་ལའང་དོན་དམ་རྟོགས་པ་ཡོད། འཕགས་པ་ལའང་མཚན་མར་འཛིན་པ་ཡོད་པས་ཕན་ཚུན་འདྲེས་པར་མི་འགྱུར་རམ་སྙམ་ན། སྐྱོན་མེད་དེ། སོ་སྐྱེ་ལ་དེ་ཉིད་རྟོགས་པ་ཡོད་ཀྱང་རོ་གཅིག་ཏུ་ཞུགས་པ་མེད་པས་རང་ལས་ཐ་དད་པའི་ཚུལ་དུ་འཆར་དགོས་ཤིང། དེ་ལ་ཡུལ་གྱི་ངོས་ནས་ཚུར་ཤར་བའི་སྣང་ཚུལ་མེད་པ་མི་སྲིད་པས་མཚན་མར་འདུ་ཤེས་པ་ལས་མ་འདས་སོ། །འཕགས་པས་དེ་ཉིད་གཟིགས་ཚུལ་རིག་བྱ་རིག་བྱེད་ཐ་དད་པའི་རྣམ་པ་མེད་པར་ཆུ་ལ་ཆུ་བཞག་པ་བཞིན་དེའི་ངང་དུ་སོན་པས་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བ་དང། ཆོས་སྐུ་རང་སྟེང་དུ་མཐོང་བ་སོགས་སུ་བཤད་པ་ཡིན། དེར་བདེན་འཛིན་ཡོད་ཀྱང་རྒྱལ་བོ་སྟོབས་པོ་ཆེས་དགྲ་ཕལ་པ་ཟིལ་གྱིས་མནན་པ་ལྟར་དེའི་དབང་དུ་མི་འགྱུར་བས། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་སོགས་ཀྱི་རྩ་བའང་འདི་ལ་ཐུག་གོ །
དེས་ན་སྤྱིར་བཏང་གི་ཕ་རོལ་གྱི་དོན་མཚན་མར་འདུ་ཤེས་པའི་ཚུར་མཐོང་ལ་ལྟོས་ནས་བཞག་པ་དེའི་དབང་དུ་བྱེད་དགོས་པས་འཕགས་པའི་གནས་སྐབས་ཐམས་ཅད་དེར་འཇོག་དགོས་ཀྱང། གཙོ་བོའམ་མཐར་ཐུག་གི་དབང་དུ་བྱས་ན་རྒྱུ་བདག་འཛིན་བག་ཆགས་དང་བཅས་པ་དང། འབྲས་བུ་འཁོར་བ་ཕྲ་རགས་མ་ལུས་པར་སྤངས་པ། ལས་སྒྲུབ་ཀྱི་སྒྲ་ཁོ་ནས་བསྟན་པའི་སངས་རྒྱས་ཀྱི་ས་འབའ་ཞིག་ལ་བྱེད་དགོས་ཏེ། བརྒྱད་སྟོང་དོན་བསྡུས་སུ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དོན་དེ་དང་ལྡན་ཕྱིར། །གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་གསུངས་སོ། །འདིའི་དངོས་ཟིན་ལྟར་ན་སློབ་པའི་དེ་རྣམས་བཏགས་པ་བ་ཙམ་དུ་འཇོག་པ་ལྟར་སྣང་ཡང། དགོངས་པ་བཙལ་ན་གཙོ་ཕལ་ལ་བཞེད་པར་སྣང་གི །མཚན་བཏགས་ཀྱི་དོན་དུ་མི་སྣང་ངོ་། །ཞེས་གསེར་འཕྲེང་ལས་འབྱུང་བ་བཞིན་ཡིན་པས་གཙོ་བོ་མ་ཡིན་པའི་དོན་དུ་དགོངས་པ་འགྲེལ་དགོས་སོ། །དེའི་ཕྱིར་ཕ་རོལ་ཙམ་ཞིག་ཏུ་སོང་བས་མི་ཆོག་པར་མཐར་ཐུག་གི་བྱང་ཆུབ་འགྲུབ་པ་ལ། ད་དུང་བསྐལ་པ་དུ་མར་བརྩོན་པ་བསྐྱེད་ནས་ལམ་གོང་དུ་བགྲོད་དགོས་པས། པཱ་ར་ག་ཏེ་སྟེ་ཕ་རོལ་ཏུ་སོངས་ཤིག་ཅེས་པས་རྗེས་ལ། པཱ་ར་སཾ་ག་ཏེ་སྟེ་ཕ་རོལ་ཏུ་ཡང་དག་པར་སོངས་ཤིག་ཅེས་བསྣན་ནས་གསུངས་པ་ཡིན་ནོ། །འོ་ན་དོན་དམ་པའི་ས་དང་ལམ་དུ་འཇོག་ལུགས་ཆོས་ཉིད་གཟིགས་ཚུལ་གྱི་སྒོ་ནས་ཡིན་ན། མཐོང་ལམ་གྱི་ཚེ་གཉིས་སྣང་ཕྲ་མོའང་མེད་པར་ཆུ་ལ་ཆུ་བཞག་པ་བཞིན་རོ་གཅིག་ཏུ་ཞུགས་པའི་སྒོ་ནས་ཆོས་ཉིད་གཟིགས་ཚུལ་དེ་ལས་ལྷག་པ་སངས་རྒྱས་ཀྱི་སར་ཡང་མེད་པས་ཁྱད་པར་གང་གི་སྒོ་ནས་ས་གོང་མ་གོང་མར་འཇོག་སྙམ་ན། མདོ་སྡེ་ས་བཅུ་པ་ལས། ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་བ། །དེ་ལྟར་རྒྱལ་བའི་སྲས་ཀྱི་ས་ཀུན་ཀྱང། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས། །འོན་ཀྱང་བྱམས་དང་སྙིང་རྗེ་སྨོན་ལམ་གྱིས། །དེ་ལས་ཕྱོགས་ཙམ་རིམ་པའི་ཚུལ་གྱིས་ནི། །བཤད་བྱ་སེམས་ཀྱི་སྤྱོད་ཡུལ་རྣམས་ཀྱིས་མིན། །ཞེས་བྱ་ནམ་མཁར་འཕུར་བའི་ཚེ་དེའི་རྗེས་ནམ་མཁའི་ངོས་ན་མི་འདྲ་བའི་མཚམས་སོ་སོར་འབྱེད་རྒྱུ་མེད་ཀྱང། ས་གཞི་ལ་མཚོན་ནས་རི་དང། ཐང་དང། ཀླུང་དང། ནགས་ཚལ་དང། གྲོང་ཁྱེར་སོགས་འདི་དང་འདིའི་ཐད་ཅེས་སྟོན་ལུགས་ཡོད་པ་ལྟར། ཆོས་ཉིད་གཟིགས་ཚུལ་གྱི་ངོ་བོའི་སྒོ་ནས་འབྱེད་རྒྱུ་མེད་ཀྱང། བྱམས་སྙིང་རྗེ་དང་སྨོན་ལམ་སོགས་ཐབས་ཀྱི་ཆས་ཁྱད་པར་དུ་བྱས་པའི་སྒོ་ནས་ནུས་པ་རྫོགས་ཚུལ་ཁྱད་ཡོད་པར་གསུངས་ཏེ། ཤར་རིའི་རྩེ་ནས་ཉི་མ་རྫོགས་པར་ཤར་བ་དེ་དང། དཀྱིལ་དུ་སླེབས་པ་གཉིས་ངོ་བོ་ལ་ཁྱད་མེད་ཀྱང་ས་གཞི་དྲོས་པའི་ནུས་པའི་ཁྱད་ཡོད་པ་དང་འདྲ་བར་ཡང་དམ་པ་འགའ་ཞིག་གསུངས་སོ། །ནུས་པ་ཇེ་ཆེར་ཐབས་ཀྱི་སྒོ་ནས་སོང་ཚུལ་དེའི་མིང་ལ་རྒྱན་ལས་ཡོངས་སུ་སྦྱོང་བ་ཞེས་བཏགས་ཏེ། འདིར་པཱ་ར་སཾ་ག་ཏེ་ཞེས་པའི་སཾ་ནི་སཾ་ཤོ་དྷ་བྱས་ན་ཡོངས་སུ་སྦྱང་བ་ལ་འཇུག །སནྟ་ན་བྱས་ཚེ་རྒྱུན་དུ་ལ་འཇུག་པས་ཡུན་བསྲིངས་ནས་གོམས་ཏེ་གོང་འཕེལ་དུ་གཏོང་དགོས་པའི་དོན་དུ་འགྲོ་ལ། འདིར་ཡོངས་གྲགས་བཞིན་ཡང་དག་པའི་སྟེང་ནས་བཤད་ན། ཡང་དག་ནི་དབུས་མཐར། གཞན་མིན་ཕྱིན་ཅི་ལོག་མ་ཡིན། །ཞེས་ཕྱིན་ཅི་མ་ལོག་པའི་དོན་དུ་བཤད་པ་སྐབས་འདིར་སྦྱོར་ཚེ་མཚན་མར་འདུ་ཤེས་པ་ལ་ཕྱིན་ཅི་ལོག་ཏུ་བཞག་སྟེ། མཐོང་ལམ་གྱིས་དེ་ལས་འདས་པ་ཙམ་ཡིན་ཀྱང། དེས་མི་ཆོག་པར་དེ་ལས་ཤིན་ཏུ་འདའ་དགོས་པས། གོང་དུ་སྒོམ་ལམ་འཆད་པའི་སྐབས། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པར་མཐར་ཕྱིན་ཏོ། །ཞེས་གསུངས་པ་དེ་དང་སྦྱར་ཏེ་གོ་དགོས་སོ། །དེའི་ཚུལ་ཡང་སྟོང་ཉིད་རྟོགས་པའི་ཤེས་རབ་གཅིག་པུ་གཙོ་བོར་བསྒོམས་ནས་མྱང་འདས་ཙམ་འཐོབ་ནུས་ཀྱང། དེ་ནི་རྒྱུད་བླ་མར། མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཅེས་པ་ལྟར། ཚུ་རོལ་འཁོར་བའི་སྡུག་བསྔལ་མེད་ཙམ་ལས་གཞན་དོན་ཕུན་ཚོགས་མི་འགྲུབ་ཅིང། རང་རྒྱུད་ལྡན་དེའང་འཇིགས་པ་མ་ལུས་པ་ལས་སྐྱོབ་མི་ནུས་པས་ཆད་པའི་མྱང་འདས་ཞེས་མྱང་འདས་ཉི་ཚེ་བ་ཙམ་དུ་འགྱུར་གྱི། མྱང་འདས་མཐར་ཕྱིན་པའམ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །དེས་ན་མྱང་འདས་མཐར་ཕྱིན་པར་བྱེད་ཚེ། རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ནའང་མི་གནས་པ། །ཞེས་པ་ལྟར་ཤེས་རབ་དེས་ཚུ་རོལ་འཁོར་མཐའ་བཀག །དེ་དང་ཟུང་དུ་འབྲེལ་བའི་ཐབས་ཀྱི་ཆས་སོ་སོའི་ཡོངས་སྦྱོང་གིས་བསྡུས་པ་རྣམས་ཀྱིས་ཕ་རོལ་ཞི་མཐའ་བཀག་སྟེ། མཐའ་དེ་གཉིས་དང་བྲལ་བའི་དབུས་མི་གནས་པའི་མྱང་འདས་ཐོབ་པར་བྱེད་དགོས་པ་ཡིན་ནོ། །འོ་ན་དེ་དག་བར་ན་མི་གནས་ཞེས་པ་མིན་ནམ་སྙམ་ན། མཐའ་གཉིས་ལ་མི་གནས་ཚུལ་ནི་ཐ་སྙད་དུ་ཡིན་པས། མཐའ་གཉིས་སྤངས་པ་སྒྲུབ་པའི་ཚེ་དེར་མི་གནས་པར་དོན་དམ་པའི་དབང་དུ་བྱས་པར་གོ་དགོས་ཀྱི་ཐ་སྙད་དུ་མིན་ནོ། །གལ་ཏེ་ས་སོ་སོར་ཆོས་ཉིད་གཟིགས་ཚུལ་གྱི་ངོ་བོ་ལ་ཁྱད་མེད་ན། མདོ་སྡེ་རྒྱན་ལས། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །ཞེས་སོགས་ཀྱིས་དང་པོར་ཆོས་དབྱིངས་ཀུན་འགྲོའི་དོན་དུ་རྟོགས་པ། གཉིས་པར་མཆོག་གི་དོན་དུ་རྟོགས་པ་སོགས་སུ་གསུངས་པ་ཅི་ཞེ་ན། དེ་ནི་མཉམ་གཞག་ཏུ་བདག་གཞན་མཐའ་དག་ཆོས་དབྱིངས་སུ་དབྱེར་མི་ཕྱེད་པར་རྟོགས་པའི་ཤུགས་ཀྱིས། རྗེས་ཐོབ་ཏུ་རང་ལ་བདོག་པ་ཐམས་ཅད་གཞན་ལ་གཏོང་བར་འཛིན་ཆགས་ཅི་ཡང་མེད་པའི་སྦྱིན་པ་ལྷག་པ་དང། མཉམ་གཞག་ཏུ་ཚུལ་ཁྲིམས་དང་ཚུལ་འཆལ་གཉི་ག་སྟོང་པར་རྟོགས་པའི་ཤུགས་ཀྱིས་རྗེས་ཐོབ་སྒྱུ་མའི་སྣང་བ་ཙམ་ལ་དེ་གཉིས་གར་མཆོག་དམན་དང་འདོར་ལེན་ཞིབ་མོར་བྱེད་དགོས་པར་བསྙོན་མེད་དུ་གཟིགས་ཏེ་ཚུལ་ཁྲིམས་ལྷག་པ་སོགས་འབྱུང་བས། འདིའི་རྩ་བའང་ལས་དང་པོ་བའི་ས་ནས་བཟུང་སྟེ་སྦྱིན་སོགས་ཐབས་ཀྱི་ཆ་དང་ཤེས་རབ་གཉིས་ཀ་ཟུང་འབྲེལ་དུ་ཉམས་སུ་བླངས་པའི་སྟོབས་ཀྱིས་གཅིག་གིས་གཅིག་ལ་ནུས་པ་བཏོན་པ་ཡིན་ནོ། །དེ་ནས་མི་སློབ་པའི་ལམ་སྟོན་པ་ལ། བོ་དྷི་སྭཱཧཱ་ཞེས་འབྱུང་ཞིང། དེ་སློབ་དཔོན་ཕྱག་ན་རྡོ་རྗེའི་འབྲེལ་པ་སེང་གེ་རྒྱལ་མཚན་གྱིས་བསྒྱུར་བར། བྱང་ཆུབ་ཏུ་གྱུར་ཅིག་ཅེས་བསྒྱུར། གཞན་མང་པོར་བྱང་ཆུབ་ཏུ་སོངས་ཤིག་ཅེས་བཤད་པ་སྔ་མ་རྣམས་ཀྱིས་ཟླས་དྲངས་ཏེ་མཐར་ཐུག་གི་བགྲོད་ཡུལ་ཡིན་པ་ལ་བསམས་པར་སྣང་ངོ་། །འོན་ཀྱང་ལམ་དེ་དང་དེར་སོངས་ཤིག་ཅེས་པ་མ་འོངས་པ་ན་ཐོབ་རྒྱུའི་ལམ་དེའི་དབང་དུ་བྱས་པ་ཡིན་ན་བྱང་ཆུབ་ཏུ་སོང་ཞིག་ཅེས་པ་དགོས་ཀྱང། འདིར་ད་ལྟ་རང་རྒྱུད་ལ་ལྡན་པའི་ལམ་དེ་དང་དེའི་སྒོ་ནས་སོངས་ཤིག་ཅེས་པ། དཔེར་ན་ཆུ་བོར་གྲུ་གཟིངས་ལ་སོང་ཞེས་པའམ། བྱ་ནམ་མཁའ་ལ་སོང་ཞེས་པ་ལྟ་བུ་རྟེན་དང་བརྟེན་པ་དུས་མཉམ་གྱི་དབང་དུ་བྱས་པ་ཡིན་པས། བྱང་ཆུབ་མི་སློབ་པའི་ལམ་དེའི་སྒོ་ནས་ཡང་བགྲོད་ས་མེད་པས་སོངས་ཤིག་ཅེས་པ་མི་དགོས་ཏེ། དེ་ལྟ་མ་ཡིན་ན་སོ་སྐྱེ་ལའང་ཕ་རོལ་ཏུ་སོངས་ཤིག་ཅེས་པ་སྦྱར་ཆོག་པའི་ཕྱིར་རོ། །འདིར་སོང་བ་ཞེས་པ་ལྟ་བུའམ། སོང་ངོ་ཞེས་པ་ལྟ་བུའི་སྒྲ་མ་སྦྱར་བར་སོངས་ཤིག་ཅེས་བསྐུལ་ཚིག་གིས་གསུངས་པ་ནི་ཡོན་ཏན་གོང་མ་དེ་དག་ཐམས་ཅད་ཀྱང་སྒྲུབ་པ་བཞི་དང་སྦྱོར་བ་བཞིའི་སྒོ་ནས་ནན་ཏན་གྱིས་སྒྲུབ་དགོས་པར་ཤེས་པའི་ཆེད་ཡིན་ནོ། །བྱང་ཆུབ་ནི་པཎ་ཆེན་གྱི་ལམ་སྒྲོན་འགྲེལ་པར། བྱང་ཆུབ་ཅེས་བྱ་སྟེ་སྒྲིབ་གཉིས་མ་ལུས་པར་བྱང་ཞིང། ཇི་ལྟ་ཇི་སྙེད་ཀྱི་ཆོས་མ་ལུས་པ་ཆུབ་པའི་ཕྱིར། ཞེས་པ་ལྟར་བྱང་བ་དང་ཆུབ་པའི་དོན་སོ་སོར་ཕྱེ་སྟེ་སྤངས་རྟོགས་གཉི་ག་ལ་སྦྱར་ཡང་རུང་མོད། གཙོ་བོ་ནི། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཞེས་ཆགས་ཐོགས་དམན་པའི་སྒྲིབ་པ་མ་ལུས་པ་ཟད་པར་སྤངས་པའི་མཐུས་ཆོས་ཐམས་ཅད་ཅིག་ཅར་མངོན་སུམ་དུ་གཟིགས་པ་གཞན་དོན་རྣམ་པ་ཐམས་ཅད་པ་འགྲུབ་པ་ལ་མེད་མི་རུང་གི་ཆེད་དུ་བྱ་བའི་གཙོ་བོ་ཡེ་ཤེས་ལ་བྱེད་དགོས་ཏེ། ཉི་ཁྲིར། བཅོམ་ལྡན་འདས། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་ལྟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དེ་བཞིན་ནོ། །ཞེས་ཆོས་ཐམས་ཅད་ཀྱི་སྟེང་དུ་གཞི་བདེན་གཉིས་ཇི་ལྟར་གནས་པ་བཞིན་དུ་གཟིགས་པ་མཐར་ཐུག་པའི་ཡེ་ཤེས་ལ་བྱང་ཆུབ་ཏུ་གསུངས་སོ། །
དེས་ན་དངོས་བསྟན་གཙོ་བོ་ནི་གོང་དུ་སྟོང་ཉིད་རྟོགས་པའི་སྟེང་ནས་ལམ་བགྲོད་ཚུལ་རིམ་པར་གསུངས་པའི་མུ་ཡིན་པས། དེའི་རིགས་འདྲའི་རྒྱུན་ཕྱི་མ་ལྡོག་ཆ་ནས་ཕྱེ་བའི་ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་ལ་བྱེད་དགོས་ཀྱང། སྤྱིར་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་སེམས་ཆེན་པོ་ཞེས་བྱ་བ་ཀུན་ལ་རང་ལས་ལྷག་པར་གཅེས་པས་རང་ཉིད་ཀུན་གྱི་བླ་མར་གྱུར་པ་ཇི་སྙེད་པ་རྟོགས་པའི་རྣམ་མཁྱེན་ཐབས་གཙོ་བོར་གྱུར་པ་དང། སྒྲིབ་པ་ཐམས་ཅད་སྤངས་པའི་སྤོང་བ་ཆེན་པོ་དང། ཇི་ལྟ་བ་གཟིགས་པའི་རྟོགས་པ་ཆེན་པོ་སྟེ་ཆེད་དུ་བྱ་བ་ཆེན་པོ་གསུམ་ག་འདིར་ཚང་དགོས་ཏེ། གོང་དུ་བླ་ན་མེད་པ་ཞེས་པ་དང། སྒྲིབ་པ་མེད་ཅིང་ཞེས་པ་དང། ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་པ་གསུམ་གྱིས་དེ་གསུམ་བསྟན་པ་འདིར་བོ་དྷི་ཞེས་པའི་སྔགས་འདིས་སྡུད་དགོས་པའི་ཕྱིར་རོ། །སྔགས་འདི་ལ་ཨོཾ་ཡོད་པ་དང་མེད་པའི་དཔེ་རྒྱུན་གཉིས་འབྱུང་ཡང་ཡོད་པ་དག་པར་བྱེད་དགོས་ཏེ། འདིའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ་ལས། ཏདྱ་ཐཱ་དང་ཨོཾ་སྤེལ་ནས་ཞེས་གསུངས་ལ། ཤྲཱི་མཧཱ་ཛ་ནས་ཀྱང། ཨོཾ་དང་སྭཱཧཱ་ཞེས་བྱ་བ་ནི་བཟླས་པའི་འབྲས་བུ་ཐོབ་པའི་དོན་དུ་བྱིན་གྱིས་བརླབས་པའི་སྒྲའོ། །ཞེས་བཤད་དོ། །བྱིན་གྱིས་རློབ་ཚུལ་རྒྱུད་རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་སྟེར་དཔལ་དང་གཡང། །སྐལ་བཟང་རྣམ་པ་དང་ལྡན་དང། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་ཡིན་ནོ། །ཞེས་འཕྲལ་ཡུན་གྱི་ཕན་ཡོན་མང་དུ་འབྱུང་བར་གསུངས་སོ། །ཕྱི་རོལ་རིག་བྱེད་པ་རྣམས་ཨོཾ་ལ་དེ་འདྲའི་ཡོན་ཏན་ཡོད་པར་འདོད་པ་ནི། ཀུན་སློང་ལ་མ་ལྟོས་པར་སྒྲ་དེར་ངོ་བོ་ཉིད་ཀྱིས་དེ་འདྲའི་ནུས་པ་ཞིག་ཡོད་པར་སྨྲ་བ་ཡིན་ལ། རྒྱུད་འདིའི་དགོངས་པ་ནི་སྔགས་དེའི་མཚོན་དོན་དྲན་པའི་སྒོ་ནས་བརྗོད་ན་ཕན་ཡོན་དེ་ལྟ་བུ་འབྱུང་བ་ཡིན། མཚོན་དོན་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་སྔགས་ཀྱི་དེ་ཁོ་ན་ཉིད་བཤད་པའི་ལེའུར་དབྱངས་ཀྱི་དང་པོ་དང་ལྔ་པ། པ་སྡེའི་ཐ་མ་གསུམ་ཚོགས་པས་ཨོཾ་གྲུབ་ཅིང། དེ་གསུམ་གྱིས་ཐུགས་གསུང་སྐུ་རྡོ་རྗེ་གསུམ་མཚོན་པར་གསུངས་ལ། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དོན་དྲན་པའི་ཁོངས་སུ་མདོ་རྒྱུད་མཐའ་དག་འདུ་བ་ཡིན་ཏེ། མདོ་ལུགས་ཀྱི་ཐབས་ཐམས་ཅད་སྐུ་གསུང་གཉིས་འགྲུབ་བྱེད་དང། ཤེས་རབ་ཀྱི་ཆ་ཐམས་ཅད་ཐུགས་འགྲུབ་བྱེད་ཡིན་ཞིང། དེ་གཉིས་སུ་མ་འདུས་པ་མེད། རྒྱུད་བྱ་སྤྱོད་གཉིས་ཀྱི་ལམ་མཐའ་དག་བསམ་གཏན་བཞིར་འདུ་བའི་བསམ་གཏན་དང་པོའི་བཟླས་བརྗོད་ཀྱི་ཡན་ལག་གསུམ་སྐུ་འགྲུབ་བྱེད་ཡིན་ལ། ཡན་ལག་ཕྱི་མ་དང་མེ་གནས་ཀྱི་བསམ་གཏན། སྒྲ་གནས་ཀྱི་བསམ་གཏན་རྣམས་གསུང་འགྲུབ་བྱེད་ཡིན་པས་མཚན་བཅས་ཀྱི་ལམ་ཐམས་ཅད་དེར་འདུས། སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན་ནི་ཐུགས་འགྲུབ་བྱེད་ཡིན་ཞིང་མཚན་མེད་ཀྱི་ལམ་ཀུན་དེར་འདུའོ། །འབྲས་བུའང་སྤྱོད་རྒྱུད་ལ་རིགས་གསུམ་འདུས་པའི་ལོངས་སྐུ་རྣམ་སྣང་གི་སྒྲུབ་ཐབས་ཤིག་ལོགས་སུ་བྱས་པ་མ་གཏོགས། རིགས་གསུམ་དུ་བྱེད་པ་བྱ་སྤྱོད་གཉིས་འདྲ་ཞིང། དེའང་དོན་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ཡིན་ནོ། །རྣལ་འབྱོར་རྒྱུད་དེ་ཉིད་བསྡུས་པའི་དུམ་བུ་བཞིས་ལམ་འབྲས་ཐམས་ཅད་ཕྱག་རྒྱ་བཞིར་བསྡུས་ཤིང། ཕྱག་ཆེན་སྐུ། ཆོས་རྒྱ་གསུང། དམ་རྒྱ་ཐུགས་འགྲུབ་བྱེད་ཡིན་ལ། ལས་རྒྱ་ནི་དེ་གསུམ་གྱི་འཕྲིན་ལས་ཡིན་པས་དེ་གསུམ་དུ་མ་འདུས་པའི་སྐྱོན་མེད་དོ། །བླ་མེད་ལ་སྐུ་འགྲུབ་བྱེད་བསྐྱེད་རིམ། གསུང་འགྲུབ་བྱེད་ཀུན་རྫོབ་སྒྱུ་མའི་རྫོགས་རིམ། ཐུགས་འགྲུབ་བྱེད་དོན་དམ་འོད་གསལ་གྱི་རྫོགས་རིམ་ཡིན་ལ་ཟུང་འཇུག་ནི་དེ་ཚོགས་པའི་སྟེང་ནས་འཇོག་དགོས་པས་དོན་དེ་གསུམ་དུ་ཐམས་ཅད་ཚང་སྟེ། མདོར་ན་ཐོབ་བྱའི་མཐར་ཐུག་སྐུ་གསུམ་དུ་ངེས་པས་འབྲས་བུའི་གྲངས་ངེས་ཀྱི་སྒོ་ནས་རྒྱུའི་ལམ་ཐམས་ཅད་ཀྱི་གྲངས་ངེས་ཀྱང་འགྲུབ་སྟེ། འདིའི་ཁོངས་སུ་མ་འདུས་པ་ཅི་ཡང་མེད་པས་གསུང་རབ་ཐམས་ཅད་ཡི་གེ་ན་གཅིག་ཏུ་འདུ་བ་ཞེས་དམ་པ་གོང་མ་རྣམས་གསུང་བའང་འདི་འདྲ་ལ་དགོངས་པ་ཡིན་ནོ། །འོ་ན་འདི་མདོ་སྔགས་གཉིས་ལས་གང་དུ་གཏོགས་སྙམ་ན། བི་མ་ལ་མི་ཏྲས་དབང་རྟུལ་ལ་གསང་སྟེ་བསྟན་པས་གསང་སྔགས་སུ་བཏགས་པར་གསུངས། སློབ་དཔོན་ཕྱག་ན་རྡོ་རྗེའི་འགྲེལ་པར། དང་པོའི་ཨེ་ཝཾ་མ་ཡ་ནས་བཟུང་འདུས་པ་སོགས་དང་ཕྱོགས་འདྲ་བར་གསུངས་ལ། འདིའང་དེའི་གནད་བསྡུས་པའི་གསང་སྔགས་རྣལ་མ་དང། ལས་ཚོགས་སྒྲུབ་བྱེད་ཀྱི་སྔགས་ལས་འདི་ཉིད་ཟབ་པར་གསུངས་ཏེ། དེ་ཉིད་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་གྱི་གདམས་ངག་འདི་མཚན་ཉིད་ཀྱི་ཐེག་པ་ཡིན་ནམ་སྔགས་ཀྱི་ཐེག་པ་ཡིན་ཞེས་ཐེ་ཚོམ་ཟ་ན། སེམས་ཅན་རྣམས་ཀྱི་བློའི་སྣང་བ་ལ་ཐ་དད་དུ་སྣང་མོད་ཀྱི། ཟབ་མོའི་ཆོས་ཉིད་ལ་ཐ་དད་མེད་དེ། དེ་འདྲ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་འདི་ནི་གསང་སྔགས་རྣམས་ཀྱི་དོན་གྱི་སྙིང་པོ་ཡིན་ནོ། །ཞེས་དང། ཞི་བ་དང། རྒྱས་པ་དང། དབང་དང། དྲག་པོའི་སྔགས་མ་ཡིན་ནོ། །འོ་ན་གང་ཡིན་ཞེ་ན་སྔགས་འདིའི་དོན་རྟོགས་པ་ཙམ་གྱིས་སེམས་གྲོལ་བ་ཡིན་ནོ། །སྔགས་འདིའི་དང་པོའི་ཡི་གེ་བཞི་ལས་བྱུང་བ་དང། བར་དུ་ཡི་གེ་བཞིའི་དོན་གསལ་བར་བསྟན་པ་དང། ཐ་མ་སྔགས་ཀྱི་དོན་རྣམ་པ་བཞི་ལ་བསྡུས་པས་སོ། །ཞེས་གསུངས་ལ། ཀླུ་སྒྲུབ་ཀྱིས་འདིའི་སྒྲུབ་ཐབས་མཛད་པ་བླ་མེད་དང་འགྲོས་མཐུན་ཞིང། ཀུན་སྙིང་གིས་རྣལ་འབྱོར་རྒྱུད་དང་བསྟུན་ནས་སྒྲུབ་ཐབས་མཛད་པས་གདུལ་བྱ་ཐུན་མོང་མ་ཡིན་པ་འགའ་ཞིག་ལ་ལྟོས་ཏེ་སྔགས་སུ་བྱས་ཆོག་གོ །དེའང་དཔེར་ན་སྔོན་གཏུམ་པོ་རབ་སྣང་སྡིག་པའི་བུ་ཡིན་པས་མར་གྱི་མིང་ཐོས་ནའང་མི་བཟོད་པར་ཁོང་ཁྲོ་སྐྱེ་ལ་གཉིད་མེད་པ་དེ་འཚོ་བྱེད་གཞོན་ནུས་མར་སྨན་དང་སྦྱར་ཏེ་བྱིན་ནས་གཉིད་བྱུང་བས། ཐབས་ཀྱིས་ཟར་འཇུག་རུང་ཡང་མར་ཟོ་ཞེས་ཟེར་མི་རུང་བ་བཞིན། དོན་ལ་དགོངས་པའི་ཕུགས་སྔགས་དང་བསྲེས་ནས་སྟོན་རུང་ཡང། དང་པོ་ནས་སྔགས་ལྟར་ཉམས་སུ་ལོངས་ཞེས་ཚིག་གིས་སྟོན་མི་རུང་ངོ་། །མདོ་སྔགས་གཉིས་ལམ་སྲོལ་སོ་སོ་བ་ཡིན་པས་དོན་ལའང་བསྲེ་མི་རུང་སྙམ་ན། དེ་གཉིས་གཅིག་ཏུ་བསྲེ་རུང་བར་མ་ཟད་ངེས་པར་འདྲེས་དགོས་པ་ཡིན་ཏེ། འགྲེལ་ཆེན་དྲི་མེད་འོད་ལས། རྡོ་རྗེ་ཐེག་པ་སྟེ་སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་དེའི་ཆེད་དུ་བྱ་བའི་གདུལ་བྱ་ལ་དང་པོ་ནས་སྔགས་ལུགས་སུ་བྱས་ནས་བསྟན་ན་སྟོན་པས་མདོ་སྔགས་སོ་སོར་གསུངས་པའི་དགོངས་པ་མ་ཕྱེད་པ་དང་སྐབས་འཆོལ་བའི་སྐྱོན་དུ་འགྱུར་ཏེ། རིམ་ལྔ་གསལ་སྒྲོན་ལས། ཤེས་རབ་སྙིང་པོའི་འགྲེལ་པར་བུམ་པ་ཅན་སྒོམ་པར་བཤད་པ་དང་རྒྱུད་སྡེ་འོག་མའི་སྐབས་འགའ་ཞིག་ཏུ་གོང་མའི་ལུས་ལ་གནད་དུ་བསྣུན་ལུགས་འགའ་ཞིག་གིས་བཤད་པ་ནི་མདོ་སྔགས་དང་རྒྱུད་སྡེ་གོང་འོག་གི་ལམ་གྱི་ཁྱད་པར་ལེགས་པོ་མི་ཤེས་པའི་རང་བཟོ་མཁན་གྱིས་བྱས་པ་ཡིན་པས་ཡིད་བརྟན་མི་རུང་ངོ་། །ཞེས་གསུངས་པའི་ཕྱིར། དེས་ན་འབྲས་བུ་སྔགས་ལམ་གྱིས་ཐོབ་བྱའི་མཐར་ཐུག་པ་དེ་ཟུར་ཙམ་བསྟན་ཀྱང་མདོའི་ཆེད་དུ་བྱ་བའི་གདུལ་བྱ་ལ་དང་པོར་དེ་མདོ་ལུགས་ཀྱི་ལམ་རྐྱང་པས་ཐོབ་ཐུབ་པའི་དབང་དུ་བྱས་ནས་བསྟན་ཅིང་ཉམས་སུ་བླངས་ཏེ་ཐུན་མོང་ལམ་སྦྱང་གི་རྟོགས་པ་སྐྱེས་ཟིན་པ་ན་གཟོད་འདི་ལ་སྔགས་ཀྱི་སྣོན་པ་ཞིག་མ་བཏབ་པར་འབྲས་བུ་དེ་ཐོབ་མི་ནུས་ཞེས་སྔགས་ལམ་སྟོན་པ་མ་གཏོགས། སྣོན་པ་འདེབས་རྒྱུའི་ཐབས་མཁས་ཀྱི་ལམ་དེ་དང་པོ་ནས་མཉམ་དུ་སྟོན་པ་མིན་པས་ཐེག་པ་སོ་སོ་བར་འགྲོ་བའི་ཕྱིར་ཏེ། རིམ་ལྔ་གསལ་སྒྲོན་ལས། ཕར་ཕྱིན་གྱི་ཐེག་པར་འབྲས་བུ་བྱང་ཆུབ་ཀྱི་བདེ་བའི་ཐབས་རྒྱུ་ལམ་གྱི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་མ་བསྟན་པས། འབྲས་བུའི་སྐབས་སུ་བདེ་བ་ཆེན་པོ་བཤད་དུ་ཆུག་ཀྱང་ཐེག་པ་གཉིས་ཁྱད་པར་ཆེ་བར་གསུངས་སོ། །ཞེས་གསུངས་པའི་ཕྱིར། གསུང་འདིའི་དངོས་ཤུགས་ཀྱི་ཚིག་དོན་ལ་ཆ་འབྱེད་ཚུལ་ཞིབ་ཆ་གཉིས་དགོས་ཏེ། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་པ་ལྟ་བུ་བཞེད་པ་འཇུག་པའི་ཡོན་ཏན་བཤད་པ་དེ་ལས་ལྷག་པའི་འབྲས་བུའི་ཡོན་ཏན་སྔགས་ལའང་བསྣན་ནས་བཤད་རྒྱུ་མེད་པས་དེར་མཐར་ཐུག་གི་བཤད་པ་འཇུག་པར་སྒྲོན་གསལ་ལས་གསུངས་པ་ལྟ་བུ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་གནད་དོན་རེ་རེ་ཙམ་བསྟན་ཡང། དེ་སྒྲུབ་བྱེད་ཀྱི་ལམ་དང་བཅས་ཏེ་མ་གསུངས་པས་སྔགས་ཀྱི་ཐེག་པར་མི་འགྱུར་བ་དང། ཡང་སེམས་ཙམ་པའི་ལུགས་ལ་སྲིད་པ་འཕོ་བའི་མདོ་ཐེག་དམན་གྱི་མདོ་ཡིན་ཀྱང་དེའི་ནང་གི །མིང་ནི་གང་དང་གང་གིས་སུ། །ཞེས་པའི་ཚིགས་བཅད་དེ་ཐེག་དམན་གྱི་མདོ་ཡིན་མི་དགོས་པ་བཞིན། ཤེར་སྙིང་མཚན་ཉིད་ཀྱི་ཐེག་པ་ཡིན་ཀྱང་ནང་གི་སྔགས་འདི་སྔགས་དངོས་གནས་པ་ཡིན་པ་མི་འགལ་བའི་ཚིག་ལ་ཆ་འབྱེད་ཚུལ་གཅིག་ཀྱང་ཤུགས་ལ་བསྟན་པ་ཡིན་ནོ། །སྤྱིར་མདོ་ཐམས་ཅད་སྔགས་ལ་གཞོལ་བ་ཡིན་མོད་ཀྱང། དེའི་ནང་ནས་ཤེར་མདོ་ནི་ནང་དུ་འདི་ལྟར་སྔགས་བསྲེས་ནས་འབྱུང་ཚུལ་དང། མདོ་གཞན་ལ་མི་འདྲ་བའི་སྦས་དོན་གྱི་བཤད་པ་འོང་ཚུལ་དང། མཚན་ལའང་རྒྱལ་བའི་ཡུམ་ཞེས་ངེས་དོན་གྱི་ཕྱག་རྒྱ་ཆེན་པོར་འཁྲིད་བཞེད་པའི་རྣམ་པ་སོགས་སྒོ་དུ་མ་ནས་མདོ་གཞན་དང་མི་འདྲ་བའི་སྔགས་ལ་ཉེ་བར་གཞོལ་ཚུལ་ཞིག་ཡོད་པ་ཤེས་པར་བྱའོ། །དེ་ལྟར་ན་འདིའི་སྒྲུབ་ཐབས་རྣམས་ཀྱང་སྔགས་ལ་འཇུག་རན་གྱི་གདུལ་བྱ་ཐུན་མོང་མ་ཡིན་པ་དེའི་དབང་དུ་བྱས་པས་དེ་ལ་ལྟོས་ཏེ་སྔགས་ཡིན་ཀྱང་སྤྱིར་སྔགས་ཡིན་མི་དགོས་སོ། །ཐུན་མོང་བའི་དབང་དུ་བྱས་ཚེ་བི་མ་ལ་དང་ཇོ་བོའི་གསུང་བཞིན་གསང་སྟེ་བསྟན་པ་ལ་སྔགས་སུ་བཏགས་པར་བྱེད་ཚུལ་ནི། སྤྱིར་ཤུགས་བསྟན་དང་སྦས་དོན་མི་འདྲ་སྟེ། ཤུགས་བསྟན་ནི་གཞུང་གང་ལའང་ཡོད་ཅིང་དངོས་བསྟན་གྱི་དོན་ལ་དཔྱད་པའི་རིགས་པའི་སྟོབས་ཀྱིས་རྟོགས་ནུས་པ་ཞིག་ཡིན། སྦས་དོན་ནི་བླ་མའི་མན་ངག་གིས་མ་བསྟན་པར་རང་དབང་དུ་དཔྱད་པས་རྟོགས་མི་ནུས་པ་ཞིག་ཡིན། མདོ་སྡེ་གཞན་ལ་སྦས་དོན་གྱི་ཐ་སྙད་མེད་པར་ཤེར་མདོ་ལ་འབྱུང་བ་དེ་བླ་མེད་ཀྱི་རྒྱུད་མཐར་ཐུག་པ་རྣམས་དང་ཁད་ཉེ་བའི་རྟགས་ཡིན་ཏེ། དངོས་སུ་ཡུལ་སྟོང་ཉིད་གསུང་བ་དེའི་སྦས་དོན་ལ་ལམ་ཞིག་སྟོན་ཚུལ་ཡོད་ཚེ་མཐོང་ལམ་གྱི་ཡེ་ཤེས་དང་མཐར་ཐུག་གི་སྐུ་སོགས་ཀྱང་སྟོན་ཚུལ་ཡོད་དགོས་པས་ཚུལ་བཞིའི་དོན་ཚང་བར་འབྱུང་ངོ་། །དེས་ན་སྔགས་འདི་ཤེས་རབ་སྙིང་པོའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྟོན་བྱེད་ཡིན་པས་སྔགས་སུ་གསུངས་ཏེ། གཞུང་རིལ་པོས་སྟོང་ཉིད་གཙོ་བོར་བསྟན་ནས་དེ་ཉམས་སུ་ལེན་ཚུལ་ཇི་ལྟར་ཡིན་སྙམ་པ་ལ། གཞུང་དོན་ལམ་གྱི་རིམ་པར་བསྒྲིགས་ཏེ་གདུལ་བྱ་དབང་པོ་ཤིན་ཏུ་རྣོ་ཤོས་མགོ་སྨོས་པ་ཙམ་གྱིས་གོ་བ་རྣམས་ལ་འདིས་སྟོན་པ་ཡིན་ནོ། །
དེས་ན་ཤེར་ཕྱིན་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཞེས་རླུང་ལྟར་གྲགས་ཀྱང་མདོ་རྣམས་རྒྱ་ཆེ་བས་གཞུང་ཚིག་ཕལ་ཆེར་ལ་མི་ངེས་ཤིང། ཤེར་སྙིང་ནི་ཀུན་གྱི་བློ་ལ་ཡོད་པས་འདིའི་སྟེང་ནས་དངོས་བསྟན་སྦས་དོན་གཉིས་བྱུང་ཚུལ་གོ་སླ་བར་བཤད་ན། རྒྱན་ལས་སྐབས་གོང་འོག་ཏུ་ལམ་ལྔ་ཚན་ཡང་ཡང་གསུངས་པ་དེ་ལམ་རྐྱང་པའི་ལུགས་སུ་འདོད་པ་རྣམས་སྐབས་ཕྱི་མ་དག་གི་སྦྱོར་མཐོང་སོགས་བཏགས་པ་ཙམ་དུ་འདོད་ཀྱང། ལམ་ཁུག་པའི་ལུགས་ཀྱི་སྒོམ་ཚུལ་དང་དགོས་པ་མི་འདྲ་བ་སོ་སོར་ཡོད་པས་སྦྱོར་མཐོང་སྒོམ་ལམ་སོགས་དངོས་ཡིན་པར་འདོད་དོ། །དེ་ལྟར་ན་རྒྱན་དང་སྦྱོར་རྒྱུའི་མདོ་རྒྱས་འབྲིང་བརྒྱད་སྟོང་སྡུད་པ་སོགས་ཀྱང་ལམ་ལྔ་ཚན་དུ་མ་བསྐྱར་ནས་གསུངས་པ་ཡིན་ལ། ཤེར་སྙིང་འདིར་ཚིག་ཉུང་བས་སྦས་དོན་མངོན་རྟོགས་ལས་ལྔ་ཚན་གཅིག་ལས་མ་གསུངས་སོ། །དེའང་མདོའི་མཚམས་འབྱེད་ཚུལ་མཧཱ་ཛ་ནས་གཞན་དུ་བཤད་ཀྱང། ཇོ་བོའི་དགོངས་པ་དྲི་མེད་བཤེས་གཉེན་དང་མཐུན་པས་དེའི་ལུགས་བཞིན་བཤད་ན། སྤྱན་རས་གཟིགས་ཀྱིས་ཤཱ་རིའི་བུ་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཞེས་པ་འདིས་ཚོགས་སྦྱོར་གཉིས་བསྟན་པ་ཡིན་ལ། འདིའི་ནང་ནས་ཀྱང་སྤྱོད་པ་སྤྱད་པར་འདོད་པ་ཞེས་པ་ཡན་ཆད་ཀྱིས་ཐེག་པ་ཆེན་པོའི་རིགས་ལ་གནས་པའི་གང་ཟག་དེ་སྙིང་རྗེའི་གཞན་དབང་དུ་གྱུར་ནས་སེམས་བསྐྱེད་ཅིང་དེས་ཟིན་པའི་ཚོགས་གཉིས་ཀྱི་སྤྱོད་པ་རྒྱ་ཆེ་བ་ལ་གཙོ་བོར་སློབ་པའི་ཚོགས་ལམ་གཙོ་བོ་དང་སྦྱོར་ལམ་ཞར་བྱུང་ལྟ་བུར་བསྟན། འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ་ཞེས་པས་ཆོས་ཉིད་ལ་གསལ་སྣང་ཐོབ་པ་མཐོང་ལམ་དང་ཆ་འདྲ་བར་དོན་སྤྱིའི་གསལ་སྣང་གི་སྒོ་ནས་བལྟ་བའི་སྦྱོར་ལམ་གཙོ་བོ་དང། དེའི་དོན་ཐོས་བསམ་གྱིས་ངེས་པ་ཙམ་རྙེད་པའི་ཚོགས་ལམ་ཞར་བྱུང་དུ་བསྟན། ཕུང་པོ་ལྔ་པོ་དེ་དག་ལ། ཞེས་པ་ནས། མ་ཐོབ་པའང་མེད་དོ། །ཞེས་པའི་བར་གྱིས་མཐོང་ལམ་བསྟན་ཏེ། དེའི་ཚེ་ཆོས་ཐམས་ཅད་ཀྱི་སྟེང་གི་བདེན་འཛིན་ཀུན་བཏགས་སྤོང་དགོས་པས་ཆོས་དབྱིངས་ཀུན་འགྲོའི་ཚུལ་གྱིས་རྟོགས་པ་ཞེས་ཤེས་བྱ་མཐའ་དག་གི་སྟེང་གི་སྟོང་ཉིད་མངོན་སུམ་དུ་རྟོགས་དགོས། སྒོམ་ལམ་གྱི་སྐབས་དེས་རྟོགས་ཟིན་དེ་ཉིད་གོམས་པར་བྱེད་པ་མ་གཏོགས་སྔར་མ་རྟོགས་པའི་ཆོས་ཉིད་གསར་དུ་རྟོགས་རྒྱུ་མེད་པས་དམིགས་པ་ཐམས་ཅད་བསྡུས་ནས་མཐོང་ལམ་གྱི་སྐབས་སུ་བཤད་ཅིང། སྒོམ་ལམ་ལ་ཡུལ་གྱི་ཆ་ནས་དམིགས་པ་ཟུར་པ་མ་གསུངས་སོ། །མཐོང་ལམ་གྱི་དམིགས་པར་སྟོན་ཚུལ་ཡང་ཕུང་པོ་ལྔ་ལ་རྒྱས་ཙམ་དང། སྐྱེ་མཆེད་བཅུ་གཉིས་རྐང་གྲངས་ཙམ། ཁམས་བཅོ་བརྒྱད་དང་རྟེན་འབྲེལ་བཅུ་གཉིས་ཐོག་མཐའ་རེ་ཙམ་སྨོས་སོ། །དམིགས་པ་དེ་དག་གི་སྟེང་དུ་སྦྱོར་རྒྱུའི་རྣམ་པ་ནི་ཟབ་མོ་རྣམ་པ་བརྒྱད་གསུངས་ལ། དེ་བསྡུས་ན་རྣམ་ཐར་སྒོ་གསུམ་དུ་འདུ་སྟེ། ཆོས་ཐམས་ཅད་རང་གི་ངོ་བོར་བདེན་པས་སྟོང་པ་དང། རང་འཇོག་བྱེད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་ཉིད་མེད་པ་གཉིས་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད། འཁོར་བའི་ཆོས་རྣམས་འདུས་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཀྱང། དོན་དམ་པར་རྟེན་འབྲེལ་བཅུ་གཉིས་སོགས་མ་སྐྱེས་ཤིང་མ་འགག་པ་དང། རྣམ་བྱང་དོན་དུ་གཉེར་དགོས་ཀྱང་དོན་དམ་པར་དྲི་མ་སེམས་ལ་ཞུགས་པ་མེད་པས་དྲི་མ་མེད་ཅིང། རང་བཞིན་གྱིས་མྱ་ངན་ལས་འདས་པ་ལ་གཟོད་དྲི་མ་དང་བྲལ་བར་བྱར་མེད་པས་དྲི་མ་དང་བྲལ་བ་མེད་པ་སྟེ་བཞི་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང། དེ་ལྟར་ན་དོན་དམ་པར་སྐྱོན་བྲི་ཞིང་ཟད་པ་དང། ཡོན་ཏན་གང་ཞིང་རྒྱས་པར་སྨོན་དུ་མེད་པས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཡིན་ལ། རྣམ་ཐར་ཕྱི་མ་གཉིས་ཀྱང་དང་པོར་འདུ་བས་ཞི་སྒོ་གཅིག་པ་ཉིད་དོ། །རྣམ་པ་དེ་བརྒྱད་ཀྱི་སྒོ་ནས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀྱི་སྟེང་དུ་སྟོང་ཉིད་བསྒོམ་པའི་ལམ་བདེན་གྱིས་སྡུག་ཀུན་ཟད་པར་སྤངས་པའི་འགོག་བདེན་ཐོབ་པར་བྱེད་དགོས་ཀྱང། སྒྱུ་མའི་སེང་གེས་སྒྱུ་མའི་གླང་པོ་བསད་པ་བཞིན་བཏགས་པ་ཙམ་ལས་དོན་དམ་པར་མངོན་དུ་བྱེད་པའི་ཐབས་ཀྱི་ཡེ་ཤེས་དང། དེ་ལ་བརྟེན་ནས་འགོག་པ་ཐོབ་པ་གང་ཡང་མེད་པས་སྣང་སྟོང་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་ཚུལ་ནི། དེ་བཞིན་དུ་སྡུག་བསྔལ་བ་དང། ཞེས་པ་ནས། མ་ཐོབ་པའང་མེད་དོ། །ཞེས་པའི་བར་གྱིས་བསྟན། རྒྱ་དཔེ་འགའ་ཞིག་ཏུ་ཡེ་ཤེས་མེད་ཅེས་པའི་འཕྲོར། མི་ཤེས་པ་མེད་ཅེས་པ་ཞིག་ཡོད་པར་བཤད་ཀྱང་དོན་ལ་བརྟག་ན་མི་དགོས་སམ་སྙམ། སྒོམ་ལམ་ནི། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཞེས་པ་ནས། མཐར་ཕྱིན་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། མཐོང་ལམ་གྱི་སྐབས་སུ་རྟོགས་པའི་ཆོས་ཉིད་ཀྱི་དོན་དེ་ས་སོ་སོའི་ཡོངས་སྦྱོང་དང་འབྲེལ་བར་ཡུན་དུ་བརྟེན་ཅིང་གནས་ཏེ་གོང་ནས་གོང་དུ་རིམ་གྱིས་བགྲོད་ཅིང་སྒོམ་སྤང་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་ཕྲ་རགས་སོགས་ཕྱིན་ཅི་ལོག་གི་སྤང་བྱའི་རིགས་ལས་རིམ་པ་རིམ་པར་ཤིན་ཏུ་འདས་ཏེ་མྱང་འདས་སུ་བགྲོད་དགོས་པར་གསུངས་ལ། མཐར་ཐུག་གི་སྤོང་བ་ཆེན་པོ་སྐབས་འདིར་གསུངས་པ་ནི་སྤོང་བྱེད་ཀྱི་དངོས་གཉེན་སྒོམ་ལམ་ཡིན་པས་སྤང་གཉེན་སྦྱར་ནས་བསྟན་པ་ལ་སྐབས་འཆོལ་བའི་སྐྱོན་མེད་དོ། །ས་སོ་སོར་ཀུན་རྨོངས་ཉེར་གཉིས་དང་གནས་ངན་ལེན་བཅུ་གཉིས་སྤོང་ཚུལ་དབུ་མའི་མཐའ་དཔྱོད་དུ་གསུངས་པ་དམ་པ་འགའ་ཞིག་མི་བཞེད་ཀྱང། དྲི་མེད་བཤེས་གཉེན་གྱིས་སྐབས་འདིར་གསུངས་ལ་ཇོ་བོས་ཀྱང་དེ་སོར་བཞག་ཏུ་མཛད་སྣང་ངོ་། །ཁྱད་པར་གྱི་ལམ་རྡོ་རྗེ་ལྟ་བུ་མི་སློབ་པའི་ལམ་དང་བཅས་པ་ནི། དུས་གསུམ་དུ་རྣམ་པར་བཞུགས་པའི། ཞེས་པ་ནས། སངས་རྒྱས་སོ། །ཞེས་པས་བསྟན་ཏེ། སྔ་མའི་སངས་རྒྱས་ནི། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གི་སངས་རྒྱས་སར་གནས་པ། །ཞེས་པ་དེ་ཡིན་ལ། རྒྱུན་མཐའི་ཡེ་ཤེས་དེ་ནི་རྟོགས་པ་ཆེན་པོ་དང་སེམས་ཆེན་པོ་གཉིས་ཀྱི་དངོས་རྒྱུར་གྱུར་པས་སྐབས་འདིར་བསྟན་པ་ཡིན། ཆེན་པོ་གསུམ་གྱི་མི་སློབ་པའི་ལམ་ནི་གོང་དུའང་བཤད་ཟིན་པ་ལྟར་ཡིན་ནོ། །ལམ་ལྔ་མདོ་དང་སྦྱོར་ཚུལ་འདི་ཇོ་བོའི་འགྲེལ་པར་མཐུན་ཀྱང་དྲི་མེད་བཤེས་གཉེན་གྱིས་འདི་ལྟར་མ་བཤད་སྙམ་ན། ཞིབ་ཏུ་མ་བརྟགས་པ་ཡིན་ཏེ། དེས་མདོའི་མཚམས་འབྱེད་ལུགས་དགོངས་འགྲེལ་གྱི་དམིགས་པ་བཞི་དང་སྦྱར་བ་དེས་ལམ་ལྔ་གོ་དགོས་པའི་ཕྱིར་ཏེ། ཚོགས་ལམ་སྐབས་ཆོས་ཉིད་ལ་ཐོས་བསམ་གྱིས་དཔྱད་པ་གཙོ་བོར་གྱུར་པས་རྣམ་རྟོག་དང་བཅས་པའི་གཟུགས་བརྙན། སྦྱོར་ལམ་སྐབས་སྒོམ་བྱུང་ཐོབ་ཀྱང་མཐོང་ལམ་ལྟ་བུའི་སོ་སོར་རྟོག་པ་མ་ཐོབ་པས། དེར་ལྟོས་ན་ཞི་གནས་གཙོ་བོར་གྱུར་པས་རྣམ་རྟོག་མེད་པའི་གཟུགས་བརྙན་ཏེ་དེ་གཉིས་ཀ་དོན་སྤྱི་ལ་བརྟེན་པས་གཟུགས་བརྙན་ཞེས་བཤད། མཐོང་ལམ་སྐབས་ཡུལ་གྱི་དངོས་པོ་མཐའ་དག་གི་ཆོས་ཉིད་མངོན་སུམ་དུ་རྟོགས་པས་དངོས་པོའི་མཐའ་ཞེས་བཤད། སྒོམ་ལམ་ནི། སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །མཐོང་བ་ཞེས་བྱ་ཟག་པ་མེད། །ཅེས་པ་སྒྲ་ཇི་བཞིན་དུ་མི་འདོད་ཀྱང་མདོའི་ཚིག་རིས་ཡིན་པས་ཕྱོགས་ཙམ་སྤྱི་སྐད་ལ་གྲགས་ཆེ་བས་དམིགས་པར་ཡང་གཟུགས་བརྙན་གཉིས་དང་དངོས་པོའི་མཐའ་གསུམ་ཆར་འབྱུང་གི་ཟུར་དུ་བསྟན་མི་དགོས་སོ། །འོན་ཀྱང་གོམས་པ་ཇེ་ཆེར་སོང་བ་བཞིན་གྱིས་སྤངས་རྟོགས་གོང་ནས་གོང་དུ་བགྲོད་པའི་དགོས་པ་ཆེན་པོ་འགྲུབ་རྒྱུ་ཡོད་པས་ལག་རྗེས་ཀྱི་ཆ་ནས་དགོས་པ་ཡོངས་གྲུབ་ཀྱི་དམིགས་པར་བཤད་པ་དེ་དག་གིས་ལམ་ལྔར་སྦྱོར་ཚུལ་གོ་དགོས་སོ། །དེ་ཡན་ཆད་ཀྱི་མདོའི་དོན་ཐམས་ཅད་སྔགས་འདིས་བསྡུས་པ་ཡིན་ཏེ། བཅོམ་ལྡན་འདས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་ཞུགས་པ་དང་སྤྱན་རས་གཟིགས་ཀྱང་སྟོང་པ་ཉིད་ལ་མཉམ་པར་བཞག་སྟེ་གསུང་ཚུལ་གྱིས་སངས་རྒྱས་ནས་བཟུང་བཤེས་གཉེན་བར་མ་ཆད་པ་ལས་བརྒྱུད་ཅིང། ནང་གི་དོན་རྟོགས་ཤེས་རབ་དང་ལྡན་པའི་སྒོ་ནས་སྟོན་དགོས་ཚུལ་གྱི་མན་ངག་གླེང་གཞིས་བསྡུས་པ་རྣམས་ཏདྱ་ཐཱ་ཞེས་པས་བསྟན། སྐུ་གསུང་ཐུགས་གསུམ་གྱི་བདག་ཉིད་ཨེ་ཝཾ་གྱི་དོན་མཐར་ཐུག་པ་གླེང་གཞིའི་ཁོངས་ན་གནས་པ་དེ་ཉིད་ཨོཾ་ཞེས་པས་བསྟན། ཤཱ་རིའི་བུ་རིགས་ཀྱི་བུའམ། ནས། རྣམ་པར་བལྟ་བར་བྱ་ཞེས་པའི་སྦས་དོན་གྱི་ཚོགས་སྦྱོར་གཉི་ག་ག་ཏེ་ག་ཏེ་ཞེས་པས་བསྟན། ཕུང་པོ་ལྔ་པོ། ཞེས་པ་ནས། མ་ཐོབ་པའང་མེད་ཅེས་པའི་སྦས་དོན་གྱི་མཐོང་ལམ་པཱ་ར་ག་ཏེ་ཞེས་པས་བསྟན། དེ་ལྟ་བས་ན་ཞེས་སོགས་ཀྱི་སྦས་དོན་སྒོམ་ལམ་པཱ་ར་སཾ་ག་ཏེ་ཞེས་པས་བསྟན། དུས་གསུམ་དུ་ཞེས་སོགས་ཀྱི་མི་སློབ་ལམ་བོ་དྷི་ཞེས་པས་བསྟན་ཏོ། །
སྭཱཧཱ་ནི་གཞི་ཚུགས་ཞེས་བརྟན་པར་བྱེད་པའི་དོན་ཏེ། ལམ་ལྔའི་ཉམས་ལེན་གྱི་སྒོ་ནས་ཐོག་མའི་ཨོཾ་གྱི་མཚོན་དོན་དེ་སྒྲུབ་པར་བྱེད་པ་ལ་ཐུན་མོང་བའི་དབང་དུ་བྱས་ན། སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང། །ཞེས་པ་ལྟར་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་གཞི་ཚུགས་པར་བྱེད་པ་དང། རྒྱུད་སྡེ་འོག་མར་སྦྱར་ཚེ་ཟབ་པ་སྟོང་ཉིད་དང་གསལ་བ་ལྷའི་འཁོར་ལོ་ཟུང་འཇུག་གི་གཞི་ཚུགས་པར་བྱེད་པ་དང། བླ་མེད་ལྟར་ན་ལྷན་སྐྱེས་ཀྱི་བདེ་ཆེན་དང་སྟོང་པ་དབྱེར་མི་ཕྱེད་པའི་གཞི་ཚུགས་པར་བྱེད་དགོས་སོ། །སྔགས་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས་ཞེས་སོགས་གསུངས་པ་ནི་ཁ་ཅིག་ལམ་ལྔ་སོ་སོ་ལ་སྦྱར། ལ་ལ་སྒྱུ་མ་ལྟ་བུ་དང་རྣམ་ཐར་སྒོ་གསུམ་ལ་སྦྱར་ཡང། དོན་དམ་པ་རྟོགས་པར་བྱེད་པ་དང། མ་རིག་པ་སྤོང་བ་དང། གཟིགས་ཚུལ་དེ་ལས་གོང་ན་མེད་པ་དང། མི་མཉམ་པ་སངས་རྒྱས་སམ་ནམ་མཁའ་དང་མཉམ་པར་བྱེད་པ་དང། སྡུག་བསྔལ་མ་ལུས་པ་ལས་སྐྱོབ་པ་སོགས་དོན་གཅིག་པུ་ལ་སྒོ་དུ་མ་ནས་བསྔགས་པ་ཡིན་ནོ། །གཞུང་འདིར་མདོའི་དོན་ཐམས་ཅད་བསྡུས་པ་ཡིན་པས་གོང་འོག་བསྡེབས་ན་རྒྱན་གྱི་བསྟན་བྱའི་དངོས་བརྒྱད་དོན་བདུན་ཅུ་པོ་ཐམས་ཅད་ཚང་དགོས་ཀྱང་ལམ་ཆ་ཚང་བ་ཚར་གཅིག་ལས་མ་གསུངས་པས་རྒྱན་དང་ཇི་བཞིན་སྦྱར་དུ་མེད་ལ། འོན་ཀྱང་མདོ་རྒྱན་སྦྱོར་ཚུལ་ལ་དཔྱད་པ་འཇུག་པའི་སྒོ་ཙམ་ཞིག་དཔེར་མཚོན་ན། སེམས་བསྐྱེད་པ་དང་གདམས་ངག་དང། །ངེས་འབྱེད་ཡན་ལག་རྣམ་བཞི་དང། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་གསུངས་པའི་དང་པོ་སེམས་བསྐྱེད་པ་བྱང་ཆུབ་འདོད་པའི་མིང་གིས་བཏགས་པ་དེ། ཟབ་མོའི་སྤྱད་པ་སྤྱོད་པར་འདོད་པ་ཞེས་པས་བསྟན། གདམས་ངག་ནི་ཤཱ་རིའི་བུས་གུས་པ་དང་བཅས་སྤྱན་རས་གཟིགས་ལ་ཟབ་མོའི་གདམས་པ་དྲི་ལན་བྱས་པས་བསྟན། ངེས་འབྱེད་ཡན་ལག་སྦྱོར་ལམ་ནི་རྣམ་པར་བལྟ་བར་བྱ་སྟེ་ཞེས་པས་བསྟན། སྒྲུབ་པའི་རྟེན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་རིགས་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞེས་པས་བསྟན། ཐེག་ཆེན་སྒྲུབ་པའི་དམིགས་པ་ནི་ཕུང་པོ་ལྔ་པོ་ཞེས་སོགས་ཀྱིས་བསྟན། ཆེན་པོ་གསུམ་གྱི་བདག་ཉིད་ཆེད་དུ་བྱ་བ་ནི། སྒྲིབ་པ་མེད་པ་མྱ་ངན་ལས་འདས་པ་མཐར་ཕྱིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་པས་བསྟན། གོ་སྒྲུབ་འཇུག་སྒྲུབ་ཚོགས་སྒྲུབ་ངེས་འབྱུང་སྒྲུབ་པ་བཞི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་དང། ཟབ་མོའི་སྤྱད་པ་སྤྱོད་ཅེས་དང། བརྟེན་ཅིང་གནས་ཏེ་ཞེས་དང། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་ཞེས་པས་བསྟན་པ་ལྟ་བུ་གོ་རིམ་མཐར་ཆགས་མིན་ཀྱང་དོན་ཚང་བར་ཡོད་དོ། །དེ་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་བསྡུས་པ་ཤེར་མདོ་ཡིན་ལ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སོགས་ཀྱི་སྙིང་པོ་བསྡུས་པ་ཤེར་སྙིང་ཡིན་ཞིང། དེའི་དོན་བསྡུས་པ་སྔགས་འདི་ཡིན་པས་ཆོས་ཐམས་ཅད་ཀྱི་ཉིང་ཁུ་ཡིན་པར་རིགས་པས་འགྲུབ་ཅིང། དེས་ན་དེ་དག་ཀུན་གྱི་ཕན་ཡོན་སྡུད་པར་ཡང་རྗེས་སུ་དཔག་པར་བྱའོ། །རང་གི་དྲན་པ་གསོ་ཕྱིར་དང། །མདོ་ལས་ཉམས་ལེན་གནད་འཚོལ་བའི། །བློ་ཆེན་ཚེ་འཕེལ་བ་ལ་གདམས། །དགེ་བས་ཡུམ་དོན་རྟོགས་གྱུར་ཅིག།
ཤེས་རབ་སྙིང་པོའི་སྔགས་ཀྱི་རྣམ་བཤད་འདི་ནི་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འདི་ལ་འདི་ལྟ་བུའི་དོན་རྒྱ་ཆེ་བ་ཞིག་འོང་དགོས་རྒྱུར་འདུག་སྙམ་སྟེ། ཐུབ་པ་ཀུན་གྱི་ཡེ་ཤེས་ཀྱི་སྐུ་ཅན་ཡབ་གཅིག་༸འཇིགས་མེད་དབང་པོའི་ཞབས་ལ་གསོལ་བ་ནན་ཆེར་བཏབ་པས་གོ་ལུགས་འདི་འདྲ་ཞིག་བྱུང་བ་བྲི་བར་བརྩམས་པ་ན། རང་བཟོར་འགྱུར་དོགས་ཏེ་གཟོད་འགྲེལ་པ་རྣམས་ལ་བལྟས་པ་ན་རང་གི་གོ་ལུགས་དང་ཕྱོགས་མཐུན་པར་འདུག་པས་དེ་དག་ནས་ཀྱང་ཅུང་ཟད་བསྣན་ཏེ་མེ་བྱིའི་དགུན་མཚམས་སྐབས་ཉིན་གུང་གི་ཐུན་གསེང་ལ་སུག་བྲིས་སུ་བགྱིས་པ་ལས་ཤོག་བུར་འབེབས་པ་པོ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།དགེ་ལེགས་འཕེལ།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།