中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། རི་བོང་བློ་ལྡན་དང་ཨ་ཁུ་སྤྱང་ཀི
དུས་ཚོད།2019-08-26 11:23:05     རྩོམ་གྱི་ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།    ཆུང་། | འབྲིང་། | ཆེ།
  རི་བོང་བློ་ལྡན་ལམ་གྱི་བཞི་མདོ་ཞིག་ན་ཤི་ཁུལ་གྱིས་ཡོད་དུས་ཤིག་ལ། ཨ་མ་རྒན་མོ་ཞིག་གི་རྒྱབ་ཏུ་སླེ་བོ་ཁུར་ཞིང་དེ་ནང་དུ་ཀ་ར་ཁུག་མ་གང་བཅུག་ནས་ཐོན། ཨ་མ་རྒན་མོས་ལམ་བར་དུ་རི་བོང་ཡོད་པ་མཐོང་བས། དགོད་ཞོར་དུ་ཅི་འདྲའི་རི་བོང་ཚོན་པོ་ཞིག་རེད་ཨང་། ཁྱིམ་དུ་ལོག་སྟེ་ཤ་ཁུ་མངར་མོ་ཞིག་བསྐོལ། ཞེས་རི་བོང་གི་སུག་ཐུ་ནས་བཟུང་སྟེ་རྒྱབ་ཀྱི་སླེ་བོའི་ནང་དུ་འཕངས། ཨ་མ་རྒན་མོས་དོ་དགོང་ཁྱིམ་དུ་ལོག་སྟེ་རི་བོང་གི་ཤ་ཁུ་མངར་མོ་འཐུང་དགོ་བསམ་བཞིན་པའི་སྒང་དེར། རི་བོང་གིས་མིག་དལ་གྱིས་ཕྱེ་ནས། ཀ་ར་ཁུག་མ་གང་བོ་ཁྱེར་ཏེ་བྲོས་སོང་བས། ཨ་མ་རྒན་མོས། ཨ་ལ་ཞལ་འདི་ངའི་ཀ་ར་བརྐུས་ཐལ། ཞེས་རི་བོང་གི་རྗེས་ཅི་ལྟར་སྙེག་མ་ཆོད། དེ་ནས་རི་བོང་བྲོས་བྲོས་ཏེ་མི་མེད་ལུང་སྟོང་གི་ས་ཆ་ཞིག་ནས་རྡོ་ཕ་བོང་ཞིག་སྟེང་སུ་བཙོག་སྟེ་ཉི་མར་སྲོ་བཞིན་ཀ་ར་ཟ་བཞིན་ཡོད་དུས། གློ་བུར་དུ། སྤྱང་ཀི་ཞིག་ཐོན་བྱུང་། སྤྱང་ཀིས་དགོད་ཞོར་དུ། ཁྱེད་ཀྱི་བཟའ་ཚུལ་ལ་བལྟས་ན་ཅི་འདྲའི་ཞིམ་ཨང་སྙམ་པ་དེ་ཅི་ཞིག་ཟ་བཞིན་ཡོད། ཅེས་དྲིས། རི་བོང་བློ་ལྡན་གྱིས་འདང་ཞིག་རྒྱབ་སྟེ། ཨ་ཁུ་སྤྱང་ཀི་ངས་ཟ་བཞིན་པ་འདི་ནི་མིག་རེད། ཅེས་བཤད་པར། སྤྱང་ཀི་དགོད་ཞོར་དུ། དེ་ན་ངའི་ཁ་ནང་དུ་ཅིག་འཇོག་རོགས། ཞེས་བཤད། དེ་ནས་རི་བོང་གིས་སྤྱང་ཀིར་མིག་གཉིས་ཀ་ཚུམས། ཞེས་བཤད་པ་ན། སྤྱང་ཀིས་མིག་གཉིས་ཀ་བཙུམ་པས་རི་བོང་གིས་སྤྱང་ཀིའི་ཁ་ནང་དུ་ཀ་ར་བཞག་པར། སྤྱང་ཀིས། རི་བོང་བློ་ལྡན་འདི་ཅི་འདྲའི་ཞིམ་པ་ལ་ཨང་། ད་རུང་ང་ལ་ཅུང་ཙམ་ཞིག་སྟེར་རོགས། ངས་བྲོ་བའང་གང་ཡིན་མ་ཤེས་ཐལ། ཞེས་བཤད། རི་བོང་གིས། ཨ་ཁུ་སྤྱང་ཀི སྲོག་ཆགས་ཚང་མར་མིག་གཉིས་ལས་མེད་པ་ཁྱེད་ཀྱིས་ཀྱང་ལོས་ཤེས། ད་ཁྱེད་ལ་དེ་འདྲའི་མིག་མང་པོ་ཞིག་གང་ན་སྟེར་རྒྱུ་ཡོད་དམ། ཟ་འདོད་ན་རང་གི་མིག་གཉིས་ཟོ། ཞེས་བཤད། སྤྱང་ཀི་དགོད་ཞོར་དུ། རང་གི་མིག་གཉིས་ཟ་འདོད་མོད། ཁྱེད་ཀྱིས་ང་ལ་རོགས་ཤིག་བྱོས། ཞེས་པར། རི་བོང་གིས། ཆོག་ཀི དེ་ངས་ཁྱེད་ལ་རོགས་བྱས་ན་ཆོག ཅེས་ཟེར་ཞོར་དུ། རྡོ་ཞིག་བཟུང་སྟེ་སྤྱང་ཀིའི་མིག་ནང་དུ་རྒྱབ་པས་མིག་ཡ་གཅིག་ཕྱིར་བཏོན་པ་ན། སྤྱང་ཀིའི་ཁ་ནས། ཨུམ་ཨུམ། ཞེས་ཤོར། དེ་ནས་རི་བོང་གིས་སྤྱང་ཀིར། ཨ་ཁུ་སྤྱང་ཀི ཁྱེད་ཀྱི་མིག་ཚུམས་དང་ངས་ཁྱེད་ཀྱི་ཁ་ནང་དུ་མིག་འཇོག ཅེས་བཤད་དེ། སྤྱང་ཀིའི་མིག་བཙུམ་དུ་བཅུག་སྟེ་སྤྱང་ཀིའི་ཁ་ནང་དུ་ཀ་ར་ཞིག་བཞག་པར། སྤྱང་ཀིས། ཨུམ་ཨུམ། རང་གི་མིག་ཀྱང་ཅི་འདྲའི་ཞིམ་པ་ལ། རི་བོང་ལེ་ལེ་ཁྱེད་ཀྱིས་ངའི་མིག་གཅིག་ཤོས་ཀྱང་ལེན་རོགས། ཞེས་བཤད་པ་ན། རི་བོང་གིས་ཨ་ཁུ་སྤྱང་ཀིའི་མིག་ནང་རྡོ་ཡིས་བསྐོར་བར། སྤྱང་ཀིའི་མིག་གཅིག་ཤོས་ཀྱང་་ཁྲག་འཛེག་ཞོར་དུ་ཕྱིར་བཏོན། དེ་དུས་རི་བོང་གིས་ཁྲག་འཛེགས་བཞིན་པའི་སྤྱང་ཀིའི་མིག་རང་གི་ཁ་ནང་དུ་བཞག་པར། སྤྱང་ཀིས། ད་ཐེངས་ཀྱི་མིག་འདི་ཅི་འདྲའི་སྐྱུར་བ་ལ། ཟ་སྲོལ་ཞིག་མི་འདུག རི་བོང་། ད་ངའི་མིག་གིས་ལམ་མི་མཐོང་བས་ཁྱེད་ཀྱིས་ང་ལ་ལམ་སྣ་འཁྲིད་རོགས། ཞེས་བཤད་པར། རི་བོང་གིས་སྤྱང་ཀི་ཁྲིད་དེ་བྲག་སྟེང་ཞིག་ཏུ་སོང་། དེ་ཁ་རུ་བཙག་རླུང་ཆེ་བས་སྤྱང་ཀི་འདར་བཞིན་དུ་བསྡད། རི་བོང་གིས་བུད་ཤིང་འཐུས་ཏེ་མེ་སྤར་བར་སྤྱང་ཀི་འདར་ཞོར་དུ་སྔུན་ལ་ནུར། རི་བོང་གིས་སྤྱང་ཀིར། ཨ་ཁུ་སྤྱང་ཀི ཁྱེད་གཞུག་ཏུ་ནུར། ཁྱེད་གཞུག་ཏུ་མ་ནུར་ན་ཁྱེད་ཀྱི་རྔ་མ་བསྲེག་རྒྱུ་རེད། ཅེས་བཤད་པར། སྤྱང་ཀི་གཞུག་ཏུ་ཅུང་ཙམ་ཞིག་ནུར། དེ་ནས་ཡང་རི་བོང་གིས། ཨ་ཁུ་སྤྱང་ཀི ཁྱེད་གཞུག་ཏུ་ཅུང་ཙམ་ནུར། ཁྱེད་གཞུག་ཏུ་མ་ནུར་ན་ཁྱེད་ཀྱི་ཁ་སྤུ་ཚུག་རྒྱུ་རེད། ཅེས་བཤད་པར། ཡང་སྤྱང་ཀི་གཞུག་ཏུ་ཅུང་ཙམ་ཞིག་ནུར། དེ་ནས་སྤྱང་ཀི་འདར་ཞོར་མེར་སྲོ་བཞིན་པའི་སྐབས་དེར། དེ་ནས་ཡང་རི་བོང་གིས། ཨ་ཁུ་སྤྱང་ཀི ཁྱེད་གཞུག་ཏུ་ཅུང་ཙམ་ནུར། ཁྱེད་གཞུག་ཏུ་མ་ནུར་ན་ཁྱེད་ཀྱི་སྡེར་མོ་ཚུག་རྒྱུ་རེད། ཅེས་པར། སྤྱང་གི་ཤེད་ཀྱིས་གཞུག་ཏུ་ནུར་བྱས་ཚེ། དེ་མ་ཐག་བྲག་དམར་རྩེ་ནས་ལྷུང་སོང་།རི་བོང་དགའ་ནས་བྲག་ཁ་ལ་སོང་སྟེ་བྲག་ནང་ལ་བལྟས་ཚེ། སྤྱང་ཀིས་བྲག་བར་གྱི་ཤིང་གི་ཡལ་ག་ཞིག་ལ་སོ་བཏབ་ནས་བསྡད་ཡོད་པ་མཐོང་། རི་བོང་གིས་ཨ་ཁུ་སྤྱང་ཀི ཁྱོད་ཕ་བཟང་གི་བུ་ཡིན་ན་ཨ་ཨ་ཞེས་དང་ཕ་ངན་གྱི་བུ་ཡིན་ན་ཨུམ་ཨུམ་ཞེས་ལན་ཐོབས་ཞེས་འབོད་སྐད་བཏང་།སྤྱང་ཀིས་ཁོ་རང་ཕ་བཟང་གི་བུ་ཡིན་བསམ་ནས་ཨ་ཞེས་ངག་ནས་ཤོར་བ་དང་མཉམ་དུ་བྲག་འདབ་ལ་ལྷུང་སྟེ་ཀླད་ཞོའང་དཀར་སོབ་བེ་བྲག་སྟེང་དུ་འཐོར་སོང་ངོ་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།