中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། ལྷ་ས་གཙུག་ལག་ཁང་གི་ཀ་ཐུང་རྟགས་ཅན་བཞི།
དུས་ཚོད།2019-11-22 16:51:41     རྩོམ་གྱི་ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ།    ཆུང་། | འབྲིང་། | ཆེ།
ཀ་བ་སྦྲུལ་མགོ་ཅན། ལྷ་ས་གཙུག་ལག་ཁང་གི་ཁྱམས་ར་ནང་མའི་མཐའ་བསྐོར་གྱི་ཀ་ཐུང་རྟགས་ཅན་བཞིའི་གྲས་ཤིག་སྟེ། 《བཀའ་ཆེམས་བཀའ་ཁོལ་མ་》དང་《ཆོས་འབྱུང་མེ་ཏོག་སྙིང་པོ》 《མཁས་པའི་དགའ་སྟོན་》སོགས་ལོ་རྒྱུས་མང་པོར་རྒྱལ་པོ་སྲུང་བཙན་སྒམ་པོས་ཀ་བ་འདི་དང་ཉེ་བའི་སར་གཙུག་ལག་ཁང་འདི་མི་དང་མི་མིན་གྱི་གནོད་འཚེ་ལྡོག་པའི་ཆེད་དུ་དྲག་སྔགས་ནུས་མཐུའི་གཏེར་ཁ་སྦས་ཡོད་ཞེས་གསལ།
 
 ཀ་བ་བུམ་པ་ཅན།  ལྷ་ས་གཙུག་ལག་ཁང་གི་ཁྱམས་ར་ནང་མའི་མཐའ་བསྐོར་གྱི་ཀ་ཐུང་གྲས་སུ་རྟགས་ཅན་བཞི་ཡོད་པའི་ནང་གསེས་ཞིག་སྟེ། ཀ་བ་འདི་གང་ཡིན་ད་ཕན་ཇོ་བོ་རྗེ་ཨ་ཏི་ཤས་ངོ་མཁྱེན་པ་མ་གཏོགས་སུས་ཀྱང་ངོས་འཛིན་མ་ཐུབ་ཅིང་། ཇོ་བོ་རྗེས་གསང་བ་སྲུང་བའི་ཕྱིར་དུ་གཙུག་ལག་ཁང་གི་ཕྱོག་གང་དུ་ཡོད་མེད་གསལ་བོར་གསུངས་མེད། 《བཀའ་ཆེམས་བཀའ་ཁོལ་མ་》དང་《ཆོས་འབྱུང་མེ་ཏོག་སྙིང་པོ》 《མཁས་པའི་དགའ་སྟོན་》སོགས་མང་པོ་ཞིག་ལས། རྒྱལ་པོ་སྲུང་བཙན་སྒམ་པོས་ཀ་བ་འདིའི་ཉེ་བའི་སར་རིན་པོ་ཆེའི་གཏེར་སྦས་བར་གསུངས་པ། ཀ་བའི་གཏེར་རྟགས་མཚན་མར་བརྟགས་ན་དོན་དངོས་དང་མཐུན་ནམ་སྙམ། སྣར་ཐང་མཁན་ཆེན་མཆིམས་ནམ་མཁའ་གྲགས་ཀྱིས་ཕྱོགས་བསྒྲིགས་མཛད་པའི་《ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་》ལས། ཀ་བ་འདི་ནས་འདོམ་གསུམ་དང་ཕྱེད་ཀ་གཞལ་བའི་གདུང་གསེབ་ནས་བཀའ་ཆེམས་ཤོག་དྲིལ་གསུམ་སྟེ།   ༡.བློན་པོ་རྣམས་ཀྱིས་བསྒྲིགས་པའི་《ཟླ་བ་འདོད་འཇོ》  ༢. བཙུན་མོ་རྣམས་ཀྱིས་མཛད་པའི་《དར་དཀར་གསལ་བ》  ༣.རྒྱལ་པོ་ཉིད་ཀྱིས་མཛད་པའི་《བཀའ་ཆེན་བཀའ་ཁོལ་མ》བཅས་གཏེར་ནས་བཏོན་གནང་ཐོག ཉིན་མོ་ཅིག་ལ་ཇི་ཙམ་བྲིས་ཟིན་པ་དེ་མ་གཏོགས་བཤུས་མི་ཆོག་ཅེས་གཏེར་བདག་གིས་བཀའ་ཆ་བྱས་པ་ལྟར། ཇོ་བོ་རྗེའི་སློབ་མ་རྣམ་འབྱོར་པ་སོགས་བཞིས་ཁག་བགོས་ནས་བཤུས་པ་གནང་། མཇུག་ནས་ཕྲན་ཙམ་བཤུས་མ་ཚར་བ་དང་། བཀའ་ཆེམས་ཀྱི་ནང་དོན་ཞིབ་ཆ་རྣམས་མི་ངན་གྱིས་གཏོར་བཤིག་མི་འབྱུང་ཆེད་བྲིས་བཤུས་མ་མཛད་པར་སྔར་གྱི་རང་གནས་སུ་འཇོག་པར་མཛད་ཅེས་ཇོ་བོ་རྗེའི་རྣམ་ཐར་དང་《བཀའ་ཆེམས་ཀ་ཁོལ་མའི་》གླེང་གཞི་གཉིས་ལས་གསལ།
 
ཀ་བ་ཤིང་ལོ་ཅན།  ལྷ་ས་གཙུག་ལག་ཁང་གི་ཁྱམས་ར་ནང་མའི་མཐའ་བསྐོར་གྱི་ཀ་ཐུང་གྲས་སུ་རྟགས་ཅན་བཞི་ཡོད་པའི་ནང་གསེས་ཞིག་སྟེ། ལོ་རྒྱུས་འགའ་ཞིག་ཏུ། འོད་དཔག་མེད་ཀྱི་ལྷ་ཁང་གི་སྒོའི་གཡས་གཡོན་མདུན་གསུམ་གང་རིགས་ཤིག་ཏུ་ཡོད་པར་བཤད། ཀ་བ་འདིའི་ཉེ་བའི་སར་གཏེར་གང་ཞིག་སྦས་པའི་སྐོར་ལ་གསུང་ཚུལ་མི་མཐུན་པ་ཡོད། 《རྒྱལ་རབས་གསལ་བའི་མེ་ལོང་》དང་《མཁའ་བའི་དགའ་སྟོན》སོགས་ལས་ཀ་བ་འདིའི་ཉེ་བའི་སར་རིན་པོ་ཆེའི་གཏེར་སྦས་པར་གསུངས། 《བཀའ་ཐང་སྡེ་ལྔའི་རྒྱལ་པོ་བཀའ་ཐང་》ལས་ཀ་བ་འདི་དང་ཉེ་བའི་སར་ཆོས་གཏེར་སྦས་ཡོད་པར་གསུངས་པ་དང་། 《བཀའ་ཆམས་བཀའ་ཁོལ་མ》་དང་། 《ཆོས་འབྱུང་མེ་ཏོག་སྙིང་པོ》《 མཁས་པ་ལྡེའུའི་ཆོས་འབྱུང》 《རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》རྒྱས་བསྡུས་བཅས་མཐུན་པར་སྣང་། 《བཀའ་ཆེམས་བཀའ་ཁོལ་མ》ཡི་གཏེར་བྱང་དུམ་བུའི་ནང་། ཀ་བ་འདི་དང་ཉེ་བའི་སར་གསོ་རིག་སྨན་དཔྱད་ཀྱི་གཞུང་ཁག་གཅིག་གཏེར་དུ་སྦས་ཞེས་གསལ།
 
ཀ་བ་སེང་མགོ་ཅན།  ལྷ་ས་གཙུག་ལག་ཁང་གི་ཁྱམས་ར་ནང་མའི་མཐའ་བསྐོར་གྱི་ཀ་ཐུང་རྟགས་ཅན་བཞིའི་གྲས་ཤིག་སྟེ། ཀ་བ་འདི་དང་ཉེ་བའི་སར་རྒྱལ་པོ་སྲུང་བཙན་སྒམ་པོས་གཙུག་ལག་ཁང་འདིར་མི་དང་མི་མིན་གྱི་གནོད་འཚེ་ཕྱིར་བཟློག་བྱེད་པའི་གསང་སྔགས་ཀྱི་རིགས་རྣམས་གཏེར་དུ་སྦས་ཞེས་《བཀའ་ཆེམས་ཀ་ཁོལ་མ་》དང་། 《ཆོས་འབྱུང་མེ་ཏོག་སྙིང་པོ》《མཁས་པའི་དགའ་སྟོན》བཅས་ལས་གསལ། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།