中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། ཇོ་བོ་ཤཱཀྱ་མུ་ནེ་དང་མི་བསྐྱོད་རྡོ་རྗེ་གཉིས་ཀྱི་རྟེན་གནས་ལ་འགྱུར་བ་ཇི་ལྟར་བྱུང་ཚུལ་སྐོར་གླེང་བ།
དུས་ཚོད།2021-03-30 14:54:06     རྩོམ་གྱི་ཡོང་ཁུངས། ཀྲུང་གོའི་བོད་རིག་པའི་དྲ་བ།     ཆུང་། | འབྲིང་། | ཆེ།
    ཇོ་བོ་ཤཱཀྱ་མུ་ནེ་དང་མི་བསྐྱོད་རྡོ་རྗེ་གཉིས་ནི་ནང་བསྟན་གྱི་རྟེན་གལ་ཆེ་བ་གཉིས་ཡིན་ཏེ།  ཤོད་རྒྱུན་ལ་ཇོ་ཤཱཀྱ་རྣམ་གཉིས་ནི་སྟོན་པ་ཤཱཀྱ་ཐུབ་པ་ཞལ་བཞུགས་པའི་སྐབས་བཞེངས་ཤིང་།  སྟོན་པ་སྐུ་དངོས་ནས་རབ་གནས་མཛད་པར་གྲགས་པས་ལོ་རྒྱུས་དང་རིག་གནས་གང་གི་ངོས་ཐད་ནས་བལྟས་ན་འཛམ་གླིང་གི་གཅེས་ནོར་དུ་བགྲང་ཆོག་པར་དོགས་པའི་གཞི་ཡེ་ནས་མེད།  དེའང་སྲོང་བཙན་སྒམ་པོས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་སྲས་མོ་གཉིས་ཁབ་ཏུ་བཞེས་པ་དང་བསྟུན།  ཇོ་ཤཱཀྱ་རྣམ་གཉིས་ཀྱང་རྫོངས་སྐལ་དུ་བྱིན་ནས་བོད་ཡུལ་དུ་ཐོག་མར་གདན་དྲངས།  བཙུན་མོ་བལ་བཟའ་ཁྲི་བཙུན་གྱིས་ཁྱེར་ཡོང་བའི་ཇོ་བོ་མི་བསྐྱོད་རྡོ་རྗེའི་བརྟེན་གནས་སུ་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པ་དང་།  དེར་མཐུད་རྒྱ་བཟའ་ཀོང་ཇོས་ཁྱེར་ཡོང་བའི་ཇོ་བོ་ཤཱཀྱ་མུ་ནེའི་བརྟེན་གནས་སུ་རྒྱ་སྟག་ར་མོ་ཆེ་བཞེངས་པར་གྲགས་པ་འདི་ཆོས་འབྱུང་ལོ་རྒྱུས་ཀུན་མཐུན་ཞིང་བོད་མི་ཀུན་གྱི་ངག་རྒྱུན་དུའང་རླུང་ལྟར་གྲགས།
     ཡིན་ནའང་དེང་སྐབས་ཇོ་ཤཱཀྱ་རྣམ་གཉིས་ཀྱི་བརྟེན་གནས་ལ་འགྱུར་བ་བྱུང་སྟེ།  ཇོ་བོ་ཤཱཀྱ་མུ་ནེ་ནི་གཙུག་ལག་ཁང་གི་རྟེན་དང་།  མི་བསྐྱོད་རྡོ་རྗེ་ནི་ར་མོ་ཆེའི་རྟེན་གཙོ་བོར་གྱུར་འདུག་པ་འདི་ལོ་རྒྱུས་དོན་རྐྱེན་ག་འདྲ་ཞིག་གིས་བསྐྱེད་མིན་ཐད་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་ལྟ་བ་མི་མཐུན་པ་ཁ་ཤས་མཆིས་པར།  ལྟ་བ་དེ་དག་གུང་བསྒྲིགས་ནས་ལོ་རྒྱུས་དེབ་ཐེར་ན་བདེན་པའི་ལུང་ག་འདྲ་མཆིས་མིན་ལ་ཅུང་ཟད་ལྟ་བར་འདོད་དེ།
    གཅིག  མང་སྲོང་སྐབས་རྒྱ་དམག་ལྷ་སར་ལྷགས་པར་དོགས་ནས་རྒྱ་བཟའི་ཞལ་ཆེམས་ལྟར་བརྟེན་གནས་བསྒྱུར་པ།  བོད་ཀྱི་ཆོས་འབྱུང་རྙིང་བ་དག་ན་རྒྱལ་པོ་སྲོང་བཙན་སྒམ་པོ་དང་།  རྒྱ་བཟའ་བལ་བཟའ་གསུམ་ནི་དུས་མཉམ་གཅིག་ཏུ་ཐུགས་ཀར་ཐིམ་པར་བཤད་ལ།  སྐབས་དེར།  རྒྱ་བཟའི་ཞལ་ནས་ལྷ་ཤཱཀྱ་མུ་ནེ་ར་མོ་ཆེ་ནས་གདན་དྲོངས་ལ།  འཕྲུལ་སྣང་གི་གློ་འབུར་དུ་སྦོས་ཞེས་ཞལ་བཀོད་མཛད་པས།  བློན་པོ་རྣམས་ཀྱིས་ཁོ་མོའི་ཞལ་ཆེམས་ལྟར་མཛད་པར་བཤད།  དེ་ལྟར་ཞལ་བཀོད་མཛད་དོན་ནི་རྒྱ་དམག་བོད་དུ་ཡོང་ནས་ཇོ་བོ་འཁྱེར་འགྲོ་བར་དོགས་པ་ཡིན་པར་བཤད།  ཡང་དེབ་ཐེར་འགའ་ཤས་ན།  མང་སྲོང་གི་སྐབས་སུ་རྒྱ་བོད་མ་མཐུན་པས་རྒྱ་དམག་ལྷ་སར་བསླེབ་ལ་ཉེ་སྐབས། ཀོང་ཇོའི་ཞལ་བཀོད་བཞིན་བསྒྲུབས་པ་ཡིན་པར་བཤད་ནའང་།  ༼ཐང་ཡིག་གསར་རྙིང༽ལས་བོད་དང་འབྲེལ་བའི་ལོ་རྒྱུས་གསལ་པོར་མཆིས་ཡང་།  བཙན་པོའི་དུས་སྐབས་སུ་རྒྱ་དམག་ལྷ་སར་ཐོན་པའི་ལོ་རྒྱུས་སྐོར་ནི་ཚིག་གཅིག་ཀྱང་མི་འདུག་པས།  དངོས་གནས་དེ་ལྟ་བུའི་ལོ་རྒྱུས་ཀྱི་དོན་རྐྱེན་བྱུང་ཡོད་མེད་ལ་ངག་རྒྱུན་གྱི་ཤོད་སྟངས་ཙམ་ལས་ལོ་རྒྱུས་ཀྱི་བདེན་པའི་ལུང་ཁུངས་གསལ་བོ་མིག་སྔར་མཐོང་དུ་མེད།
    ༼དབའ་བཞེད༽ལྟར་ན་སྐབས་འདིར་ཤཱཀྱ་མུ་ནེ་ནི་ར་མོ་ཆེ་ན་བཞུགས་པ་ལས་ར་སར་ཡོད་པར་མི་སྣང་ལ།  མང་སྲོང་སྐབས་ཇོ་བོ་གནས་སྤར་བའང་ལོ་རྒྱུས་དང་མི་མཐུན་པས་ན།  གྱིམ་ཤིང་ཀོང་ཇོས་ཕྱིར་ར་སའི་གཙང་ཁང་ལྷོ་མ་ནས་ཤཱཀྱ་མུ་ནེ་དྲངས་ཞེས་པ་ཡང་རྒྱུ་མེད་རྐྱེན་མེད་ཡིན་ལ་ལོ་རྒྱུས་དང་མི་མཐུན་པར་སྙམ།  འདི་ལ༼དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས༽ལྟར་ན།  ཐོག་མ་ནས་ཇོ་བོ་མི་བསྐྱོད་རྡོ་རྗེ་ནི་གཙང་ཁང་ལྷོ་མ་ན་གནས་སོ།  ཁྲི་ལྡེ་སྲོང་བཙན་གྱི་ཡུམ་ནི་གྱིམ་ཤིང་ཀོང་ཇོ་ཡིན་ཞེས་པ་ལྟར།  སྐབས་འདིར་ཡང་ཀོང་ཇོའི་ཆེ་བ་ཙམ་བརྗོད་ཐབས་རེད་བསམ།  ཡིན་ནའང་།  མོས་ཇོ་བོ་མི་བསྐྱོད་རྡོ་རྗེ་གཙུག་ལག་ཁང་གི་གཙང་ཁང་ལྷོ་མར་ཡོད་པ་དབུས་མར་སྤྱན་དྲངས་པ་རེད་ཅེས་བསམ་ནའང་འགལ་བ་མི་འདུག་སྙམ།
     གཉིས།  ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བན་བོན་རྩོད་པ་བརྒྱུད་བརྟེན་གནས་བསྒྱུར་བ།  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐུ་ན་ཕྲ་བའི་དུས་ཞང་མ་ཞང་ཁྲོམ་པ་སྐྱེས་སོགས་ནས་བོན་སྤེལ་ཏེ་ཆོས་བསྣུབས་པའི་དུས་སུ་ཇོ་ཤཱཀྱ་རྣམ་གཉིས་ལའང་ཆག་འཇིག་བྱུང་ཡོད་ངེས་ལ།  ཕྱིས་སུ་ཁྲི་སྲོང་ལྡེ་བཙན་ནར་སོན་རྗེས་ཐུབ་བསྟན་རྒྱ་ཆེར་སྤེལ་བ་ནི་ལོ་རྒྱུས་སུ་ཡོངས་སུ་གྲགས་པའི་གཏམ་ཡིན།
    འདིར་༼རྦ་བཞེད་ཕྱོགས་བསྒྲིགས༽གཞིར་བཟུང་ན།  མ་ཞང་ཁྲོམ་པ་སྐྱེས་ཀྱི་དུས་སུ།  ར་མོ་ཆེའི་རྒྱ་ལྷ་ཤཱཀྱ་མུ་ནེ་སླར་རྒྱ་ཡུལ་དུ་བསྐྱལ་ཟེར་ནས་འགྲེང(འབྲེང)པའི་དྲ་བར་བཅུག་ནས་སྒོར་སྟོན།  དེ་ནས་མི་སུམ་བརྒྱས་དྲུད་ནས་མཁར་བྲག་དམར་གདོང་ནས་མ་འཁུལ་ནས་བྱེ་དམ་དུ་སྦས།  རྒྱ་ལྷའི་མེས་པོ་དང་པོ་རྒྱ་གར་ཡུལ་ནས་འོངས་ངེས་ཏེ།  རྒྱ་གར་དང་ཉེ་བ་མང་ཡུལ་དུ་བསྐྱལ་བར་ཆད་ནས་བྱེ་དོང་ནས་བཏོན་ནས།  དྲེའུ་གཉིས་ལ་ཁྱོགས་བགྱིས་ནས་ཡར་ལ་བསྐྱལ།  ཞེས་དེབ་འདིའི་ཡིག་ཆ་བཞི་བོ་ཆ་མཐུན།
     གསུམ།  འུ་དུམ་བཙན་གྱིས་ཆོས་བསྣུབས་པ་རྐྱེན་བྱས་ཏེ་བརྟེན་གནས་བསྒྱུར་བ།  དར་མ་འུ་དུམ་བཙན་གྱི་རིང་ལ་ནང་ཆོས་ལ་གཏོར་བརླག་ཆེན་པོ་བཏང་ལ།  རབ་ཏུ་བྱུང་བ་རྣམས་སྐྱ་སར་ཕབ་པ་སོགས་ཀྱི་ལོ་རྒྱུས་ལ་དཔག་ན།  སྐབས་འདིར་ཇོ་ཤཱཀྱ་རྣམ་གཉིས་སོགས་ཆོས་ཀྱི་རྟེན་དང་བརྟེན་པ་ཁག་ལའང་གོད་ཆག་བྱུང་ཡོད་པ་དེབ་ཐེར་ཁག་ཏུ་བདེན་པའི་ཁུངས་ཐུབ་ཡང་།  འདིའི་སྐབས་ཇོ་ཤཱཀྱ་རྣམ་གཉིས་ཀྱི་གནས་ལ་འགྱུར་བ་བྱུང་བའི་སྐོར་ལའང་ལོ་རྒྱུས་དེབ་ཐེར་ན་འཁོད་ཡོད་དེ།
     འདིའི་སྐོར་ནས་རྦ་བཞེད་དང་།  ཆོས་འབྱུང་གི་ཡི་གེ་ཞིབ་མོ།  དབའ་བཞེད་གསུམ་གའི་བཞེད་པ་མཐུན་ལ།  དེ་དག་ལ་ཅུང་བདེན་པའི་རང་བཞིན་ཡོད་པར་སྙམ་པས་འདིར་བཀོད་ན།  བཙན་པོས་རྒྱ་ལྷ་ཤཱཀྱ་མུ་ནེ་ཡས་མར་འོངས་པ་ཡར་སྐྱོལ།  མས་ཡར་འོངས་པ་སླར་མར་བསྐྱལ་བར་བྱས།  ར་མོ་ཆེའི་སྒུལ་བས་མ་ནུས་ཞེས་སྙན་དུ་གསོལ་བས།  རྗེའི་ཞལ་ནས་གཟུ་བ་ཆུག་ལ་བོར་ཞེས་བསྐོ་བས།  ཁང་པ་བྱེ་མས་བཀང་ནས་གཟུ་བས་བོར།  ལྷའི་སྙན་གཡོན་པ་ཐེབ་པ་ལ་བཙལ།  དེ་ནས་འབྲེང་པའི་དྲ་བར་ངག་བཅུག་ནས་དྲུད་པས་ཐེམ་ཁར་མི་དང་ཐག་པ་ཀུན་ཆད།  སྔོན་ཀྱང་ཞང་མ་ཞང་གིས་སྐུ་ས་ཐེམས་སུ་བཅུག་གོ་མཆིས་ནས་སྐུ་བྱེ་དོང་དུ་སྦས།  ར་སའི་སྐུ་མར་སྐྱོལ་ཅེས་བསྒོ་བས། ……ཤཱཀྱ་མུ་ནེའི་བཞུགས་ཁང་བྱེ་མས་རྫངས།  སྒོ་འདགས་པས་བྱུགས་པས་རྒྱལ་པོ་དགར་རེ་བའི་བཙུན་པ་ཆང་འཐུང་བའི་གཟའ་ཟླ་ལ་སོགས་པ་བྲིས་ཏེ།  རྡོར་མཚོར་བོར་ནས་གསོལ་བ་བཏབ་པས།  དེ་ཅི་ཙུག་ཡིན་དྲིས།  ལྷ་ཤཱཀྱ་མུ་ནེ་ཆུར་བོར་བྱས་པས་དེ་ཤིན་ཏུ་ལེགས་ཟེར།  ཞེས་སྐབས་དེའི་ལོ་རྒྱུས་སྣང་ཚུལ་གསལ་པོར་བཀོད་འདུག་པས།  ར་མོ་ཆེའི་སྐུ་ནི་བྱེ་དོང་དུ་སྦས་པ་དང་།  ར་ས་གཙུག་ལག་ཁང་དུ་བྱེ་མ་བརྫངས་ཏེ་བཞག་པར་ངེས།  འདིར་ཇོ་ཤཱཀྱ་རྣམ་གཉིས་ཀྱི་དབྱེ་བ་གསལ་པོར་ཕྱེས་མི་འདུག་མོད།  ཡིན་ནའང་།  གོང་གི་ལོ་རྒྱུས་དུས་སྐབས་དག་གི་འབྲེལ་ཡོད་ཚིག་ལས་ཁྲི་སྲོང་གི་ཚེ་མཇུག་ཏུ་ཤཱཀྱ་མུ་ནེ་ནི་ར་མོ་ཆེར་བཞུགས་པ་ཤེས་པས།  སྐབས་འདིར་ཇོ་བོ་ཤཱཀྱ་མུ་ནེ་བྱེ་དོང་དུ་སྦས་པ་དང་།  མི་བསྐྱོད་རྡོ་རྗེ་སྔར་བཞིན་གཙུག་ལག་ཁང་དུ་བཞུགས་པ་རྟོགས་ཐུབ།  ཇོ་བོ་རྣམ་གཉིས་ནི་སྟོན་པ་ཤཱཀྱ་ཐུབ་པའི་དགུང་ལོ་བརྒྱད་དང་བཅུ་གཉིས་སྐབས་ཀྱི་ཆ་བྱད་ལྟར་བཞེངས་པ་ཡིན་པས།  འདིར་གཉིས་ཀ་ལ་ལྷ་ཤཱཀྱ་མུ་ནེ་ཞེས་བཀོད་ནའང་འགལ་བ་ཆེར་མི་འདུག་སྙམ།
    འུ་དུམ་བཙན་བགྲོངས་པའི་ལོ་རྒྱུས་དོན་རྐྱེན་ལས་བསླབ་བྱ་བླངས་ཏེ།  འོད་སྲུངས་དང་ཡུམ་བརྟན་གྱི་སྐབས་སྲིད་དབང་བདེ་འཇགས་ཀྱི་དགོས་མཁོར་དམིགས་ནས་སངས་རྒྱས་ཆོས་ལུགས་ལ་མི་དགའ་བ་བྱས་པའི་ལོ་རྒྱུས་མི་འདུག་པས།  སྐབས་དེར་མེས་པོའི་རིང་ནས་མཆོད་བཀུར་བྱས་པའི་ཇོ་ཤཱཀྱ་རྣམ་གཉིས་ཕྱིར་མཆོད་སྟེགས་སུ་བཞག་པ་ནི་དོན་དངོས་དང་མཐུན་པར་འདོད།  ༼དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས༽ལས།  ཞེས་འོད་སྲུངས་དང་ཡུམ་བརྟན་གྱི་སྐབས་སུ། ཇོ་བོ་རྣམ་གཉིས་ཕྱིར་མཆོད་གནས་སུ་བྱས།  ནང་ཆོས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ནའང་།  བཙན་པོའི་དུས་སུ་ལོ་ངོ་ཉིས་བརྒྱ་ལྷག་གི་རིང་ལ་རྒྱ་ཆེར་སྤེལ་རྐྱེན་དཔོན་རིགས་དང་དམངས་ཁྲོད་ནའང་ཐུབ་བསྟན་ལ་དད་པའི་སྟོབས་ཤུགས་ངེས་ཅན་ཡོད་སྲིད་ལ། འུ་དུམ་བཙན་ཡང་ཆོས་བསྣུབས་པ་རྐྱེན་བྱས་ཏེ་བགྲོངས་པ་ཡིན་པས། སྲས་ཀྱི་རིང་ལ་ཇོ་བོ་ཡང་མཆོད་སྟེགས་སུ་བཞག་པ་ནི་འགྲིག་པར་འདོད།
    ཆོས་འབྱུང་མཁས་པའི་དགའ་སྟོན༽ལས།  གནམ་ལྡེ་འོད་སྲུངས་སྐབས།  ཇོ་བོ་གཙང་ཁང་ལྷོ་མར་བཞུགས་པ་དབུས་མར་སྤྱན་དྲངས་ཏེ་སྔོན་ཞལ་བསྒྱུར་བར་ལུང་བསྟན་པ་དེ་ཡིན་ཞེས་དང་།  གཞན་ཡང་གོང་དུ་བཀོད་པ་བཞིན་གྱིམ་ཤིང་ཀོང་ཇོས་གཙང་ཁང་དབུས་མར་སྤྱན་དྲངས་ཞེས་ལྟ་བ་གཉིས་འདུག ཡིན་ནའང་།  གྱིམ་ཤིང་ཀོང་ཇོས་གདན་དྲངས་པ་ནི་བདེན་ཤས་ཆུང་ལ། དུས་སྐབས་འདིར་ད་གཟོད་དངོས་སུ་ཇོ་བོ་གཙང་ཁང་དབུས་མར་སྤྱན་དྲངས་པར་འདོད།
    མདོར་ན།  ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་ཞང་མ་ཞང་ཁྲོམ་པ་སྐྱེས་སོགས་ཀྱིས་ཆོས་བསྣུབས་སྐབས།  ར་མོ་ཆེའི་གཙོ་སྐུ་ཤཱཀྱ་མུ་ནེ་མང་ཡུལ་དུ་བསྐྱལ། ཕྱིས་སུ་ཁྲི་སྲོང་ལྡེ་བཙན་གྱིས་གདན་དྲངས་ཏེ་ར་མོ་ཆེར་བཞུགས་སུ་གསོལ་བ་དང་།  འུ་དུམ་བཙན་གྱིས་ཆོས་བསྣུབས་སྐབས་སུའང་།  ར་མོ་ཆེའི་རྟེན་ཇོ་བོ་ཤཱཀྱ་མུ་ནེ་བྱེ་འོག་ཏུ་སྦས་ནས་གཙུག་ལག་ཁང་གི་ཇོ་བོའི་བཞུགས་གནས་སུ་བྱེ་མ་བརྫངས་པ་སོགས་བྱས་པ་ལས།  ར་སའི་ཇོ་བོ་མི་བསྐྱོད་རྡོ་རྗེ་ཕྱིར་མ་བསྐྲད་པ་སོགས་ལ་བལྟས་ན།  དངོས་སུ་ཇོ་ཤཱཀྱ་རྣམ་གཉིས་ཀྱི་གནས་ལ་འགྱུར་བ་བྱུང་བ་ནི་འོད་སྲུངས་ཀྱི་སྐབས་སུ་ཡིན་པར་འདོད་དོ།། །།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།