དེང་སྐབས་དཔལ་འབྱོར་དང་རིག་གནས་གང་ཅིར་འཕེལ་རྒྱས་འགྲོ་བའི་སྐབས་འདིར་ང་ཚོས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁག་དུས་རབས་དང་བསྟུན་ནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་བཏང་སྟེ་འཛམ་གླིང་རིག་གཞུང་བང་མཛོད་ནང་རིན་ཐང་འཚམ་པའི་གནས་ཤིག་ཏུ་འཇོག་ཐུབ་ཐབས་བྱ་རྒྱུ་ནི་ང་ཚོའི་འགན་འབབ་ཅིག་རེད་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བྱ་གཞག་ཅིག་ཀྱང་རེད།
འདིར་ཁོ་བོས་རང་རེའི་བོད་ཀྱི་ལྷ་རིས་སྒྱུ་རྩལ་ལས་ཆོས་སྐྱོང་སྲུང་མའི་རིགས་ཁྲོ་བོ་ཁྲོ་མོའི་བྱད་གཟུགས་སྐོར་རགས་ཙམ་གླེང་བར་འདོད་དེ། དེ་ཡང་ཁ་བ་ཅན་གྱི་ལྗོངས་འདིར་ཕྱོགས་བཞི་མཚམས་བརྒྱད་དུ་མི་སྡེ་ཡོད་སར་དགོན་སྡེ་མ་ཆགས་པ་མེད།དགོན་སྡེ་ཞེས་རང་རེའི་ཡུལ་ན་བོན་ནམ་ནང་པ་ཅི་ཡིན་ཡང་གནས་ལྔ་རིག་པའི་བང་མཛོད་དུ་ཆགས་ཡོད་ལ། སྲོལ་རྒྱུན་རིག་གནས་ཀྱི་ཞིབ་འཇུག་ལྟེ་གནས་ཤིག་ཀྱང་རེད། སྐབས་འདིའི་བརྗོད་བྱ་གཙོ་བོར་གྱུར་པའི་ཁྲོ་བོ་ཁྲོ་མོའི་གཟུགས་བརྙན་དེ་མཇལ་བ་ཙམ་གྱིས་འཇིགས་རུང་གི་རྣམ་པ་བརྗོད་པར་དཀའ་བའི་བག་ཆགས་དེ་སྐྱེ་བོ་མང་ཆེ་བར་ཡོང་གི་ཡོད།
དེ་དག་བོན་གྱི་གསང་ཁང་ངམ་ནང་པའི་དགོན་ཅི་ཡིན་ཡང་ཚང་མར་མཇལ་རྒྱུ་འདུག་པས་རང་ཉིད་ཀྱིས་དེའི་ཐད་དོགས་འཆར་རམ་ལྟ་སྟངས་མི་འདྲ་བ་ཅུང་ཟད་ཡོད་པ་ཞུ་བར་འདོད།ཁྲོ་བོ་ཁྲོ་མོའི་གཟུགས་བརྙན་དེ་དག་བོད་ཀྱི་རི་མོའི་སྒྱུ་རྩལ་བང་མཛོད་ནང་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ལྡན་པའི་ནོར་བུ་ལྟ་བུ་ཞིག་ཏུ་མཐོང་ལ། བོན་པོ་དང་ནང་པའི་དད་ལྡན་ཚོས་སྒྱུ་རྩལ་གྱི་བརྩམ་བྱ་དེ་དང་པོ་སུས་བསྒྲུབ་མིན་ལ་བཞེད་པ་མི་མཐུན་པ་ཡོང་དང་ཡོང་བཞིན་པར། ཕྲ་མིན་རགས་པའི་ལྟ་ཚུལ་ཅུང་ཟད་བཀོད་པ་གཤམ་གསལ།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་རི་མོ་དང་པོ་བལ་ལུགས་རྒྱུད་ལས་རིམ་བཞིན་བྱི་སྨན་མཁྱེན་བཅས་གསུམ་གསུངས་པར། བལ་པོའི་འབྲི་རྒྱུན་ལས་བོད་ཀྱི་རི་མོའི་ལུགས་འདི་འབྱུང་ཡོད་པ་ལྟ་བུར་མཐོང་ཡང༌། དེ་ནི་ནང་པ་སངས་རྒྱས་ཀྱི་ཆོས་རྒྱ་གར་ནས་དར་བས། རྒྱ་གར་གྱི་མྱགས་ཤིག་དང་བསྟུན་རྒྱུ་ཡིན་པ་ཐེ་ཚོམ་མེད།འོན་ཀྱང་གཡུང་དྲུང་བོན་ནི་ནང་པ་སངས་རྒྱས་བཞིན་འདྲ་སྐུར་དད་མོས་བྱེད་པའི་ཆོས་ལུགས་གཅིག་མཚུངས་ཤིག་སོང་ཅིང་བོད་རང་གི་རི་མོའི་འབྲི་རྒྱུན་ཞིག་སྔ་ས་ནས་ཡོད་པའང་ཁས་ལེན་བྱེད་དགོས་པ་མ་ཟད། ལྷག་པར་དུ་སློབ་དཔོན་པདྨ་འབྱུང་གནས་བོད་ཡུལ་དུ་ཞབས་བཅག་དུས་སྲིད་པ་ཆགས་པའི་ལྷ་དགུ་དང༌།བསྟན་མ་བཅུ་གཉིས།དམ་ཅན་རྡོར་ལེགས་སོགས་བོད་ཀྱི་ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས་ཏེ་ནང་པ་སངས་རྒྱས་པའི་ཆོས་སྐྱོང་སྲུང་མར་ཁས་ལེན་བྱས་པར་གྲགས་པའི་ལྷ་སྲིན་དེ་དག་གི་ཞབས་འདེགས་ཞུ་ཡུལ་བསྒྱུར་བ་ཙམ་ལས་གཟུགས་བསྒྱུར་བ་ནི་དེབ་ཐེར་གང་ལའང་མི་གསལ།ནང་པའི་ཆོས་སྐྱོང་སྲུང་མ་ཁྲོ་བོ་ཁྲོ་མོའི་སྐུ་ འདྲ་རྣམས་ཀྱང་གཡུང་དྲུང་བོན་གྱི་སྐུ་རྟེན་ཕུལ་བ་དང༌། སྲིན་རྒྱལ་སོགས་དང་བསྡུར་ན་ཕྱག་མཚན་གྱི་དབྱེ་བ་ཙམ་ལས་མི་འདུག དེ་བཞིན། ཆོས་རྒྱལ་སྲོང་བཙན་སྐབས་ནང་པ་སངས་རྒྱས་པའི་བསྟན་པ་བོད་ལ་དར་ཁྱབ་ཀྱི་དབུ་ཚུགས་པས་ད་དོགས་འཆར་རམ་ལྟ་སྟངས་མི་འདྲ་བ་ན། རྒྱལ་པོས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཅུ་གཉིས་ཙམ་གསར་བཞེངས་མཛད་ཡོད་པ་དང་ཆབས་ཅིག་ལྷ་སྐུའི་རྟེན་མང་པོ་བཞེངས་ཡོད། ལྷག་པར་དུ་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་གཙོ་འཁོར་དགུའམ་བཅུ་གཅིག་གི་གྲས་སུ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ཁུ་དང༌། ཁྲོ་བོ་རྟ་མགྲིན་དམར་པོ།སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་སོགས་བཞེངས་ཡོད་པ་མཐའ་དག་鉄བཀའ་ཆེམས་བཀའ་འཁོལ་མ་ལས་རྒྱལ་པོར་ཞལ་གཟིགས་བྱུང་སྟེ་བལ་པོའི་བཟོ་བོར་མཐོང་ངམ། བཞེངས་ཐུབ་བམ་ཞེས་དྲིས་པས་བཞེངས་ཐུབ་ཅེས་ཟེར་ནས།དེ་དག་ལྡེར་སྐུར་བཞེངས་གསུངས་འདུག སྐབས་འདིར་ཞལ་གཟིགས་ཀྱི་ཐ་སྙད་ལ་དམིགས་བསལ་གྱི་འགྲེལ་པ་ཞིག་དགོས་པ་དེ་ནི་གཟིགས་པ་པོ་རང་སྣང་གི་སེམས་ལས་གྲུབ་པའམ་རང་ཉིད་ཀྱི་འདོད་པ་བཞིན་སྒྲུབ་པ་ལའང་གོ སྤྱན་རས་གཟིགས་བཅུ་གཅིག་ཞལ་ལ་ཡང་རྒྱལ་པོ་ལུགས་དང་དཔལ་མོ་ལུགས་ཞེས་གཉིས་ལས་རྒྱལ་པོ་ལུགས་ཀྱི་སྐུའི་ཞལ་རས་ལ་ཚོན་མདོག་དང་ཉམས་འགྱུར་ཐད་ཞི་དྲག་དབང་རྒྱས་ཀྱི་རྣམ་པ་མཚོན་པར་བྱས་ཡོད་པ་དེ་ནི་བོན་གྱི་ལུགས་དང་མཐུན་པར་འདུག དཔལ་མོ་ལུགས་ལ་ཞི་བའི་ཞལ་རས་དང་ཞལ་བཅུ་པ་ཁྲོ་ཞལ་ནག་པོ་སྐྲ་སེར་གྱེན་དུ་བརྫེས་པ་གཅིག་ལས་མེད།གཞན་ཡང༌།ཆོས་རྒྱལ་སྲོང་བཙན་སྒམ་པོ་ཕོ་བྲང་དམར་པོར་བཞུགས་དུས་གྱེ་རེའི་འཁྲིས་སུ་ཕེབས་པས་ཡིག་དྲུག་རང་བྱོན་ཞལ་གཟིགས་ནས་གསོལ་བ་བཏབ་པས་ཕ་རིའི་བྲག་ལ་སྤྱན་རས་གཟིགས་དང༌།སྒྲོལ་མ། རྟ་མགྲིན་གྱི་སྐུའི་སྣང་བརྙན་རང་བྱོན་དུ་ཤར་བ་ཕོགདེ་ནས་བལ་པོའི་བཟོ་བོར་ཇི་ལྟར་བྱོན་པ་བཞིན་བརྐོས་སུ་བཅུག་ཅེས་འཁོད་འདུག དེས་ན་ཁོ་བོའི་བསམ་པར་སྐུ་བརྙན་དེ་རྣམས་བོད་ལུགས་སམ་བོན་པོའི་ལྷ་སྐུའི་ཁྱད་ཆོས་དང་མཚུངས་པ་ཞིག་བཞེངས་ཡོད་པར་སྲིད། དེའི་རྒྱུ་མཚན་ནམ་དགོས་པ་ལ་བཀའ་ཆེམས་བཀའ་འཁོལ་མ་ལས་ཆོས་རྒྱལ་སྲོང་བཙན་གྱིས་སྐྱེ་བོ་ཐ་མལ་པ་རྣམས་ཆོས་ལ་བློ་ཁ་དྲངས་པའི་ཕྱིར་ཐོག་མར་སྒྲུང་དང་ལྡེའུ་བོན་རྣམས་བསྟན། རྒྱལ་པོས་མཛད་པའི་སྒྲུང་རྒྱུད་དང་ལྡེའུ་ཡི་བསྟོད་པ་ར་ས་འཕྲུལ་སྣང་གི་གློ་འབུར་ན་ བྲིས་ཡོད་ཅེས་འཁོད་ཡོད།
གཞན་ཡང་བོན་ཤ་བ་ནམ་མཁའ་ལ་འགྲོ་བ་ཡང༌། ཀ་བ་ཤིང་ལོ་ཅན་གྱི་ནང་ལོགས་སུ་གཡུང་དྲུང་བོན་གྱི་རྒྱུད་རིས་སུ་བྲིས། བོན་ཡ་འདམ་པའི་ཤ་བ་སྐད་འདོན་པ་དང༌།འདབ་ཆགས་མཁའ་ལ་འཕུར་བ་དང༌།རྟ་པ་བང་རྒྱུགས་པ་དང༌། བོན་གྱི་རྫུ་འཕྲུལ་དེ་རྣམས་ཀྱི་བསླབ་པ་གསུམ་ལ་བཀོད་དུ་བཏུབ་པ་ཡིན་པས། བོན་བྲིས་ན། ངའི་ཁྲིམས་བཅས་པ་རྣམས་བཙན་པར་བྱ་ལ། དམ་པ་ཆོས་ཀྱི་བདུད་རྩི་འཐུང་བར་འགྱུར་རོ། ཞེས་གསལ་པོར་གསུངས་ཡོད།
དེས་ན་ལྷ་སྐུ་རྣམས་བོན་གྱི་ཕྱི་ཚུལ་རྣམ་པ་ཇི་བཞིན་འབྲི་བ་ནི་སྤྱི་ཚོགས་ཀྱི་རྨང་གཞི་མེད་པའི་ནང་པ་སངས་རྒྱས་པའི་ཆོས་ཁྱབ་སྤེལ་གཏོང་རྒྱུའི་ཐབས་ལམ་བཙལ་པ་ཡིན་སྲིད་ལ། ཆོས་རྒྱལ་སྲོང་བཙན་གྱིས་ཀྱང་ལྷོ་བྲག་འཁོན་མཐིང་ལྷ་ཁང་དུ་གཡུང་དྲུང་བོན་གྱི་གཏེར་སྦོས་ཤིག དེས་ཕྱིས་ཀྱི་སྐྱེ་བོ་འཇིག་རྟེན་པ་ལ་ཕན་པ་རྒྱ་ཆེན་པོ་ཡོང་བ་ཡིན། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་དེ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ནོ། འཁོར་གཡུང་དྲུང་སེམས་དཔའ་སེམས་མ་རྣམས་ཀྱིས་བསྐོར་ནས་འཛམ་བུ་གླིང་པའི་སེམས་ཅན་རྣམས་ལ་ཕན་པ་ཡུན་རིང་དུ་བཏགས་པས། དེས་ན་གང་ལ་གང་འདུལ། དེ་ལ་དེར་སྟོན་པ། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ་ཞེས་གསུངས་ཡོད་པས། སྲོང་བཙན་གྱིས་བན་བོན་གཉིས་ཀར་སྙོམས་འཇུག་གི་ལྟ་བ་ཞིག་མཛད་ཡོད་པ་མཐོང་ཐུབ། ཕྱིས་སུ་སྤྱི་ལོ་༧༦༡ལྕགས་གླང་ལོར་ཁྲི་སྲོང་ལྡེའུ་བཙན་གྱིས་སངས་རྒྱས་ཆོས་ལུགས་བཀག་འགོག་བྱེད་པའི་བཅའ་ཁྲིམས་མེད་པར་བཟོས་ཞེས་པའི་ལོ་རྒྱུས་བྱུང་ཡོད་པར་གཞིགས་ན། མེས་དབོན་རྣམ་གསུམ་གྱི་དང་པོ་ཆོས་རྒྱལ་སྲོང་བཙན་སྐབས་ནང་པའི་ཆོས་ཁྱབ་གདལ་གཏོང་ཐབས་གང་ཡོད་མཛད་ཡོད་ཀྱང༌། དེ་ལས་ལྡོག་སྟེ་མི་རབས་བཞི་ལྔ་ཙམ་གྱི་ནང་བཀག་འགོག་གི་བཅའ་ཁྲིམས་ཤིག་ཀྱང་བྱུང་བས། སླར་ཁྲི་སྲོང་ལྡེ་བཙན་སྐབས་ཡབ་མེས་ཀྱི་ཆོས་བསྐྱར་སྤེལ་གཏོང་བའི་དགོངས་པ་བཞེས་ཏེ་བསམ་ཡས་གཙུག་ལག་ཁང་ལེགས་པར་བསྒྲུབས་ཏེ་ནང་རྟེན་བཞེངས་དུས་སྤྲུལ་པའི་གཟུགས་མཁན་རྒྱ་མཚལ་བུ་ཅན་བྱ་བས་རྒྱལ་པོར་འཛམ་བུའི་གླིང་ནང་རི་མོ་མཁས་པ་ང་ཙམ་ཡིན། ལྷ་རྒྱ་ནག་ལུགས་དང་རྒྱ་གར་ལུགས་ཅི་བྱ་ཞེས་དྲིས་པ་ལ། མཁན་པོ་ཞི་བ་འཚོས། སྟོན་པ་རྒྱ་གར་ནས་བྱོན་པ་ཡིན་པས་དེའི་ལུགས་སུ་བྱའོ་གསུངས་པ་དེ་ལ་བཙན་པོས་བོད་ཀྱི་ལུགས་སུ་བགྱིས་ན་བོད་ནག་པོར་ཞེན་པ་རྣམས་དད་པ་སྐྱེ་རེ་བ་ལགས་པས་ལྷ་བོད་ལུགས་སུ་བྱ་བར་ཅི་གནང་ཞུས་པར་ཞལ་བཞེས་བྱུང་སྟེ། བོད་འབངས་ཀུན་འདུས་པ་ལས། ཕོ་ལ་མཚར་བ་ཞུ་སྟག་ཚབ་ལ་དཔེ་བྱས་ཏེ་རྟེན་གྱི་གཙོ་བོ་སེམས་ཉིད་ངལ་གསོ་བཞེངས། ཐང་བཟང་སྟག་ལོར་དཔེ་བྱས་ཏེ་ཡི་གེ་དྲུག་པ་དང༌།འབོམ་ཞིང་ཐུང་བའི་རྨ་གཡས་སྐོར་ལ་དཔེ་བྱས་ནས་རྟ་མགྲིན་ཞབས་བཞི་ཕྱག་བརྒྱད་པ་སྒྱུ་འཕྲུལ་གྱི་ལུགས་ལྟར་བཞེངས་ནས་སྒོ་སྲུང་གི་ཚུལ་དུ་བྱས་སོགས་བཀོད་ཡོད་པར་བརྟག་ན། ཁོ་བོའི་བསམ་པར་ལྷའི་གཟུགས་བརྙན་བོད་དང་མཐུན་པའམ་བོད་ལུགས་ཞེས་བོད་རང་དུ་སྔ་ས་ནས་བོན་གྱི་ལྷ་རིགས་འབྲི་ལུགས་ཤིག་ཡོད་པ་དང༌། སྐབས་འདིར་བོན་གྱི་ལྷ་སྐུ་བཞེངས་སྟངས་ཀྱི་བཟོ་རྩལ་བེད་སྤྱད་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་དུ་ཁྲོ་བོ་རྟ་མགྲིན་བཞེངས་དུས་སྒྱུ་འཕྲུལ་གྱི་ལུགས་ཞེས་ཆེད་དུ་བརྗོད་དོན་ནི་གང་ལ་གང་འདུལ་དེ་ལ་དེ་སྟོན་ཞིང་ཞེས་པའི་གསུང་དང་མཚུངས་ཡོད།གང་ལགས་ཤེ་ན། ལྷ་བྲིས་པ་རྒྱ་མཚལ་བུ་ཅན་གྱིས་རྒྱ་ནག་ལུགས་དང་བལ་ལུགས་ཀྱི་ལྷ་ཅི་རིགས་བཞེངས་ཐུབ་དུས། ངེས་པར་དུ་བོད་རིགས་ལ་དཔེ་བྱས་ཏེལྷ་བོད་ལུགས་སུ་བཞེངས་པ་ཅུང་ཟད་ཟློས་སྐྱོན་དུ་མཐོང་སྟེ། རྒྱ་རིགས་དང་བོད་རིགས་བལ་ཡུལ་བཅས་གསུམ་གྱི་མི་ལ་ཕྱི་ཚུལ་གྱི་གཟུགས་དབྱིབས་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་མེད་ལ། བོད་ཀྱི་ལྷ་ཚོགས་ལ་ཡུལ་ལྷ་གཞི་བདག་རེ་གཉིས་ཕུད་པའི་མང་ཆེ་བར་ལྷ་ཆས་ཞེས་པའི་ཆ་ལུགས་ལ་སློག་པ་གྱོན་པ་དང་ལ་ཐོད་གྱོན་པ་ནི་མཐོང་རྒྱུ་མེད་པས་སོ།གོང་ཞུས་ལྟར་ཆོས་རྒྱལ་ཁོང་རྣམ་གཉིས་ཀྱི་སྐུ་དུས་སུ་སངས་རྒྱས་ཀྱི་སྐུ་རྟེན་ཁྲོ་བོ་ལ་སོགས་པ་མང་དུ་བཞེངས་པ་མཐའ་དག་རྒྱལ་པོར་ཞལ་གཟིགས་བྱུང་བ་དེ་བཞིན་རྒྱ་བལ་གྱི་བཟོ་བོས་ལེགས་སྒྲུབ་བྱས་པའམ་ཡང་ན་རྒྱལ་པོས་ལྷ་སྐུའི་ཕྱི་དབྱིབས་ལ་བརྟེན་ནས་ཆོས་བསྟན་ཚུལ་ལྟ་བུ་ཞིག་ལས་ལྷ་སྐུ་རྣམས་རྒྱ་གར་ལུགས་རང་སོར་བཞེངས་པ་ནི་མཐོང་མི་ཐུབ་པ་ཞིག་འདུག དེས་ན་རྒྱལ་པོས་དེ་ལྟར་མཛད་དགོས་པའི་རྒྱུ་མཚན་ནི་སྐབས་དེ་དུས་ནང་པ་སངས་རྒྱས་ཀྱི་བསྟན་པ་དེ་བོད་མིའི་ངོས་ནས་བཤད་ན་ཆ་རྒྱུས་མེད་པའི་རིག་གནས་གསར་པ་ཞིག་ཡིན་ཞིང༌། ནང་པ་སངས་རྒྱས་པའི་ཆོས་འདིས་དུས་ཡུན་ཐུང་ངུའི་ནང་གཡུང་དྲུང་བོན་གྱི་བོད་མིའི་ཁྲོད་ཀྱི་སྙན་གྲགས་དེའི་ཚབ་བརྗེ་བྱ་མི་ཐུབ་པ་ཞིག་རེད།ཆོས་རྒྱལ་སྲོང་བཙན་ནས་ཁྲི་སྲོང་གི་བར་མི་ལོ་བརྒྱ་ལྷག་ཙམ་གྱི་རིང་ཕྱི་རོལ་གྱི་བཙན་འཛུལ་འོག་རྒྱ་བལ་གཉིས་ཀར་ནང་པ་སངས་རྒྱས་པའི་བསྟན་པར་ཉམས་རྒུད་ཆེན་པོ་འགྲོ་བཞིན་པའི་དུས་དང་མཚུངས་པས་ནང་པའི་བསྟན་འཛིན་རྣམས་ཡུལ་ཕྱོགས་གཞན་དུ་འཚོ་གནས་ཀྱིས་བསྟན་པའི་ས་བོན་གདབ་རྒྱུ་ནི་ཆོས་ཉིད་ཅིག་ཡིན། འོན་ཀྱང་བོད་ཡུལ་ལ་ཆ་མཚོན་ན། སྐབས་དེ་དུས་ནས་ལོ་རྒྱུས་ཡུན་རིང་ལྡན་ཞིང་རང་གཤིས་དང་མཐུན་པའི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་སམ་ཆོས་ལུགས་ཤིག་ཡུལ་མིའི་འཚོ་བ་དང་བོད་ཀྱི་ཆབ་སྲིད་དམག་དོན་གང་ཅིར་འབྲེལ་བ་དམ་ཟབ་ཆགས་ཡོད་སྟབས་གློ་བུར་དུ་ཆོས་ལུགས་གསར་པའམ་སྐྱབས་གནས་མགོན་པོ་ཆ་མེད་རྒྱུས་མེད་གཅིག་ངོ་སྤྲོད་བྱེད་དུས་རྩ་བ་ནས་ཁས་ལེན་བྱེད་དཀའ་བ་ཞིག་རེད་ལ།ནང་པ་སངས་རྒྱས་པའི་བསྟན་པའི་བྱེད་པོ་ཞིག་གི་ངོས་ནས་བཤད་ན།བསྟན་པའི་རྩ་བ་བཙུགས་ཏེ་བསྟན་པའི་དགོངས་དོན་ཕྱོགས་བཞིར་དར་ཁྱབ་ཡོང་བ་བྱེད་རྒྱུ་ནི་དམིགས་ཡུལ་ཡིན་པས། དེའི་ཕྱིར་ཡི་དམ་འདྲ་སྐུ་སོགས་ཀྱི་ཕྱི་ཚུལ་གྱི་རྣམ་པར་བསྒྱུར་བ་བཏང་སྟེ་གཞན་གྱི་གོམས་སྲོལ་གཤིས་ལུགས་སོགས་དང་བསྟུན་ནས་ཕ་རོལ་པོས་ཁས་ལེན་བྱེད་པ་དང༌། དད་སེམས་སྐྱེ་ཐུབ་པ་སོགས་ཀྱི་བྱ་ཐབས་སྤྱོད་སྲིད་པ་ཞིག་རེད། དཔེར་ན། རྒྱ་ནག་ཏུ་ནང་པ་སངས་རྒྱས་པའི་སྐུ་འདྲ་མང་ཆེ་བ་རྒྱ་ནག་ལུགས་སུ་བཞེངས་ཏེ། ཆ་ལུགས་དང་རྒྱན་སྤྲོས།སྟངས་སྟབས། བཞིན་རས་ཀྱི་མྱོང་ཚོར་དང༌། རུས་སྒྲོམ་གྱི་བསྒྲུབ་བྱ་སོགས་རྒྱ་ནག་རང་གི་མིའི་གཤིས་རྒྱུད་གོམས་གཤིས་དང་བསྟུན་ཡོད་ལ།ཆོས་སྐྱོང་སྲུང་མ་སོགས་ཅུང་ཟད་ཁྲོས་པའི་འདྲ་སྐུ་རྣམས་ཀྱང་རྒྱ་ནག་དམག་དཔོན་གྱི་ཆས་སུ་བྱས་ལ། ཁྲོས་པའི་ཉམས་འགྱུར་ཡང་ཡུལ་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད་པ་དེས་རྒྱ་ནག་ཁུལ་གྱི་ཡུལ་མིའི་དད་སེམས་དེ་བཀུག་ཐུབ་པ་ཡོང་གི་ཡོད་པའི་རྒྱུ་མཚན་དང་མཚུངས། ཕྱིས་སུ་རྒྱལ་པོ་ཁྲི་རལ་གྱིས་ནང་པའི་ཆོས་ལ་རྒྱབ་སྐྱོར་ཆེན་པོ་གནང་བའི་རྐྱེན་གྱིས་ཆོས་ལ་མི་དགའ་བའི་ཚོགས་ཀྱིས་ལྟག་པ་གཅུས་ཏེ་བཀྲོངས་པ་དང༌། གླང་དར་འུ་དུམ་བཙན་གྱིས་ནང་པའི་ཆོས་ལ་སྡང་ཟུག་བྱས་པས་ལྷ་ལུང་དཔལ་རྡོར་གྱིས་མདའ་འཕངས་ཏེ་བཀྲོངས་པ་སོགས་ཆོས་ལུགས་བར་གྱི་འཐབ་རྩོད་ཡང་ནས་ཡང་དུ་ཡོང་གི་ཡོད་པས། སྤྱི་ཚོགས་ཀྱི་རྣམ་པར་འགྱུར་བ་འགྲོ་བ་དེས་སྒྱུ་རྩལ་ལའང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད།དེས་ན་བོད་ཀྱི་ལྷ་སྐུའི་འབྲི་སྲོལ་ཡང་བོན་གྱི་ལྷ་སྐུའི་འབྲི་སྲོལ་ནས་རིམ་བཞིན་བལ་ལུགས་ཀྱི་འབྲི་སྲོལ་ལ་འཕོ་འགྱུར་བྱུང་བའམ་ཡང་ན་སྒྱུ་རྩལ་གྱི་འཕོ་འགྱུར་དེ་ཡང་སྐོར་བསྐྱར་སྐོར་དུ་བྱུང་བར་སེམས་པ་ལས། མཐའ་གཅིག་ཏུ་བལ་ལུགས་ཀྱི་འབྲི་སྲོལ་ནས་དར་བར་ངོས་འཛིན་བྱས་ན་མི་འགྲིག་པ་ཞིག་ཡིན་པར་སེམས་སོ། རང་རེའི་ལྗོངས་འདིར་བལ་ལུགས་ཀྱི་རི་མོ་དང་པོར་བྱུང་བ་མང་དུ་གོ་ན་ཡང༌། ཁོ་བོའི་ལྟ་ཚུལ་ལ་བལ་ལུགས་ཀྱི་རི་མོ་འདི་ནང་པ་སངས་རྒྱས་ཀྱི་བསྟན་པ་བོད་གངས་ཅན་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་ཞིག་བཙུགས་ཐུབ་པ་དང༌། དད་ལྡན་སྐྱེ་བོ་མི་ཉུང་བ་ཞིག་ལ་ཤུགས་རྐྱེན་ཐེབས་ཏེ་རྒྱ་གར་འཕགས་ཡུལ་དུ་གྲགས་ཤིང་དམངས་ཀྱིས་ཞེན་ཆགས་ཆེན་པོ་ཡོང་དུས་གཞི་ནས་དངོས་སུ་དར་སྲོལ་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད། འོ་ན་ཡང་སྙིང་དུས་རབས་གང་འདྲ་ཞིག་ལ་བལ་བྲིས་བྱུང་བའི་ཆ་རྐྱེན་ཚང་བ་ཡིན་ནམ་ཞེ་ན། བོད་རྒྱལ་ གདུང་རབས་བཞི་བཅུ་པ་མངའ་བདག་ཁྲི་རལ་ སྐབས་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ ཞབས་བཅག་པའི་དུས་སུ་སངས་རྒྱས་བསྟན་པ་ཆེས་ཆེར་དར་རྒྱས་བྱུང་བ་དང་ཆབས་ཅིག་བོན་གྱི་བསྟན་པར་ཉམས་ཉེས་ཆེན་པོ་བྱུང་ནས་བོན་པོ་རྣམས་བོད་ཀྱི་ས་མཐར་བསྐྲད་པའི་སྐབས་བལ་ ལུགས་འདི་ད་གཟོད་བོད་ཀྱི་རི་མོའི་འཕེལ་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་པར་སེམས། འོན་ཀྱང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་སུ་བལ་ལུགས་འབྲི་སྲོལ་རྩ་བ་ནས་མེད་པར་བརྗོད་ན་མི་འཐད་ལ་དོན་དངོས་དང་འགལ་བ་ཞིག་ཀྱང་ཡིན་ཏེ། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་བསམ་ཡས་མཆིམས་ཕུ་ལྟ་བུར་བཙན་པོའི་དུས་རབས་སུ་བྲིས་པའི་ལྡེབས་རིས་དང་བྲག་བརྐོས་རི་མོ་སོགས་བལ་ལུགས་རང་སོར་བྲིས་པ་མཇལ་རྒྱུ་ཡོད། འོན་ཏེ་ཁྲོ་བོའི་གཟུགས་བརྙན་ད་ཕན་མཇལ་རྒྱུ་དཀོན།ཕོ་བྲང་པོ་ཏ་ལའི་ནང་རྟེན་གཙོ་བོར་གྱུར་པ་ཆོས་རྒྱལ་སྲོང་བཙན་སྐབས་བལ་ཡུལ་ས་མཚམས་ནས་གདན་ཞུ་བྱས་པའི་འཕགས་པ་ལོ་ཀེ་ཤ་རིའི་ནང་གསེས་ཕྱག་ན་རྡོ་རྗེ་ཡང་ཞི་བའི་ཚུལ་དུ་བཞེངས་ཡོད་ལ། གཙང་སྟོད་སྐྱིད་རོང་རྫོང་ཁོངས་སུ་ཡུལ་མིའི་ཁ་རྒྱུན་ལ་བལ་པོའི་བཟོ་བོས་བརྐོས་པར་གྲགས་ལ་འབྲེལ་ཡོད་ཚན་པས་ར་སྤྲོད་གནང་བའི་རྒྱ་བལ་ལུགས་ཀྱི་བྲག་བརྐོས་ཕྱེད་འབུར་གཟུགས་ཀྱི་རིགས་གསུམ་མགོན་པོའི་སྐུ་བརྙན་ཡང་སྐུ་གསུམ་བཞེངས་ལ་ཞི་བའི་ཚུལ་དུ་མཇལ་བས། དེང་སྐབས་རྒྱུས་མངའ་ཆེ་བའི་ཁྲོ་བོའི་ཚུལ་གྱི་ཕྱག་ན་རྡོ་རྗེ་མ་མཇལ་བ་དེ་འཕགས་ཡུལ་དུ་བཞེངས་སྲོལ་མེད་སྙམ། སྤྱིར་དེང་སང་རྒྱ་གར་དང་བལ་ཡུལ་སོགས་ནས་ངོ་སྤྲོད་བྱས་དང་བྱེད་བཞིན་པའི་གནའ་བོའི་མི་རིགས་སྒྱུ་རྩལ་གྱི་དཔར་རིས་དཔྱད་གཞིའི་ནང་ཅུང་ཟད་ཁྲོས་པའི་ཚུལ་གྱི་ཁྲོ་བོའི་གཟུགས་བརྙན་རེ་ཙམ་ལས་བོད་རྒྱུད་ནང་བསྟན་ལྷ་སྐུ་དང་ཐད་ཀར་མཚན་འབོད་བྱེད་ཐུབ་པའི་སྐུ་རྟེན་ཞི་བ་ཁྲོ་མོ་ལ་སོགས་མཇལ་རྒྱུ་མིན་འདུག དེ་བཞིན་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཤིང་ཏཱ་ལའི་ལོ་མའི་ཕྱག་དཔེ་དཔར་སྐྲུན་བྱས་པའི་དཔྱད་གཞི་འགའ་ཤས་མཇལ་བའི་ནང་ཞི་མ་ཁྲོའི་ཉམས་འགྱུར་ལྡན་པའི་སྐུ་བརྙན་རེ་གཉིས་མཇལ་ཡང་འབྲེལ་ཡོད་རིག་དངོས་རྟོག་ཞིབ་ཚོགས་པས་བཙན་པོའི་དུས་སུ་བཞེངས་བཟོ་བྱས་པར་ར་སྤྲོད་གནང་བའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ནང་དུ་ཡོད་པའི་ཁྲོ་བོའི་སྐུ་བརྙན་ཁག་དང་བསྡུར་ན་ཕྱི་ཚུལ་གྱི་འཇིགས་ཉམས་དང་སྟངས་སྟབས་གང་ཅིར་ཁྱད་པར་ངེས་ཅན་ཞིག་ཡོད་པ་ཡིན་ཡང༌།ར་ས་འཕྲུལ་སྣང་གཙུག་ལག་ཁང་ནང་གི་སྐུ་རྣམས་དེང་སྐབས་ཀྱི་སྐུ་དང་ཁྱད་པར་དེ་ཙམ་མེད་པར་སྐུ་གཟུགས་སྦོམ་ཞིང་ཐུང་བ། ཞལ་བགྲད་མཆེ་གཙིགས་ཤིན་ཏུ་ཁྲོས་པའི་ཚུལ་ཡུལ་ལྷ་གཞི་བདག་ལྟ་བུའི་ཕྱག་མཚན་དུ་འཚོ་བའི་ཡོ་བྱད་ཐོགས་པ། མཇལ་བ་ཙམ་གྱིས་འཇིགས་སྐྲག་སྐྱི་གཡའ་བའི་མྱོང་ཚོར་ཞིག་ཡོང་གི་འདུག
སྐབས་འདིར་ཁོ་བོའི་དོགས་གཞིའམ་བརྗོད་བྱའི་གཙོ་བོ་ཆོས་སྐྱོང་སྲུང་མའི་གཟུགས་བརྙན་འཇིགས་ཤིང་ཁྲོ་བའི་ཉམས་འགྱུར་དེ་བོན་གྱི་ལྷ་རིས་པའི་ཤུགས་རྐྱེན་ལས་བྱུང་བའི་ལྟ་བ་དྲན་གསོས་ཀྱི་དོགས་པས་བསྐྱར་དུ་བརྗོད་པས་ན། མཁྱེན་ལྡན་འགའ་རེའི་ཐུགས་ལ་ཁྲོ་བོའི་གཟུགས་བརྙན་གནའ་བོའི་བལ་ལུགས་དང་མཐུན་པའི་སྒོ་ནས་བྲིས་ཡོད་པ་དེང་དུས་རྒྱ་བལ་གཉིས་ཀར་ལག་ལེན་བསྟར་བཞིན་པས་དེར་ཐེ་ཚོམ་ཅི་ཞེས་དགོངས་སྲིད། ཁོ་བོའི་ལྟ་ཚུལ་ལ་རྒྱ་གར་དུ་ཆེས་སྔ་མོ་ཞིག་ན་གཡུང་དྲུང་བོན་གྱི་གྲུབ་མཐའ་འཛིན་མཁན་བྱུང་མྱོང་བ་ལོ་རྒྱུས་སུ་གསལ་བ་སྟེ། བོན་གྱི་བསྟན་འབྱུང་ལས་རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ་གྱིས་རྒྱ་གར་གཤེན་པོ་ཁ་ལུ་པ་ཤ་དང༌།ཨོ་རྒྱན་སློབ་དཔོན་དགའ་རབ་དགྱེས་པ་དང༌། ཨོ་རྒྱན་བོན་པོ་དམུ་སྟངས་སོགས་ལ་བཤད།དེ་ལ་དེ་འཕྲོས་རྒྱལ་ཁམས་ཀུན་དུ་དར་ཞེས་གསུངས་ཡོད། བན་བོན་གསང་སྔགས་ཀྱི་གཏེར་མང་པོ་ཨོ་རྒྱན་ཡུལ་དུ་སྦས་པའང་གསུངས། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོའི་ནང་བལ་ཡུལ་སྲོང་བཙན་གྱི་སྐུ་ཚེའི་སྨད་ལ་དབང་དུ་ཆུགཅེས་པ་དང༌། ལི་ཡུལ་ནས་ཐོན་པའི་རྒྱལ་རབས་དེར་ཁྲི་ལྡེ་གཙུག་བཙན་གྱི་ཁྲི་ལོ་འདྲེན་པའི་སྐབས་སུ་ཡང་རྟའི་ལོ་ལ་བཙན་པོ་བལ་ཡུལ་ལ་བཞུགས་ཞེས་པ་ལན་དུ་མར་བྱུང་བས། ཕལ་ཆེར་ཁྲི་སྲོང་གོང་རོལ་བར་བོད་འབངས་སུ་ཡོད་དམ་སྙམ། ཡུལ་འདི་བོད་ཀྱི་ཆབ་འོག་ཏུ་ཚུད་པའི་རྟགས་མཚན་ལྟ་བུར་ཡང༌། ཁོང་ཚོའི་ཁྲོད་ན་ཙང་དང༌། བླ་མ་རཱ་ཡེ། རྟ་མང་ལ་སོགས་པའི་མིང་ཅན་གྱི་དཔའ་རྩལ་ལྡན་པའི་མི་སྡེ་མང་དུ་ཡོད་པ་འདི་ཀུན་ཆོས་ལུགས་ཀྱང་བོན་དང་འདྲེས་པའི་ནང་པ་བྱེད། སྐད་ཀྱང་བོད་སྐད་བརྡ་རྙིང་འབའ་ཤིག་སྨྲ། རིགས་ཀྱང་བོད་ནས་མཆེད་པ་ཁོང་ཅག་རང་ལ་གྲགས། དེར་བརྟེན་རྒྱ་གར་ལ་གཡུང་དྲུང་བོན་གྱི་བསྟན་པ་སྐྱོང་མཁན་བྱུང་མྱོང་བས་ཆེ་ཆུང་ལ་མ་ལྟོས་པའི་ཤུགས་རྐྱེན་ཡོང་སྲིད་སྙམ།དེ་བཞིན་བལ་ཡུལ་བོད་ཀྱི་མངའ་འོག་ཏུ་ལོ་མང་ཚུད་མྱོང་ལ།དེང་སྐབས་རྒྱལ་ཁབ་དེར་ནང་པ་སངས་རྒྱས་པའི་ཆོས་དད་མང་ཚོགས་རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆ་ལྔ་ཙམ་ལས་ཟིན་མེད་པའི་ནང༌། གྲངས་ཉུང་མི་རིགས་ཤར་པ་དང༌། ཀློ་རིགས། སྟོད་པ་རིགས་སོགས་མང་པོ་ཞིག་བོད་ནས་མཆེད་པར་གྲགས་ལ་བལ་ཡུལ་རིག་གནས་ལ་ཤུགས་རྐྱེན་ཆེ་བའི་མི་རིགས་ཁོངས་སུ་གཏོགས།གཞན་ཡང་རི་བོ་ཧི་མ་ལ་ཡ་རྒྱུད་ཀྱི་ཝ་ལུང་འཆོང་གོ་ལ་རིགས་ལྟ་བུའི་མི་རིགས་མང་པོ་ཞིག་བོད་མིའི་རྒྱུད་པར་མ་གཏོགས་ཀྱང༌། ཆོས་ལུགས་ནི་བོད་རྒྱུད་ནང་བསྟན་དར་སྲོལ་ཤིན་ཏུ་ཆེ་བས་བལ་ཡུལ་ལ་བོད་ནས་རིག་གནས་ཐད་ཆུ་བོ་གྱེན་ལྡོག་གི་ཤུགས་རྐྱེན་བྱུང་བའང་སྨོས་མ་དགོས་སོ།སྤྱིར་ནང་པ་སངས་རྒྱས་ཀྱི་ལུགས་སུ་མདོ་སྔགས་གཉིས་ལས། མདོ་ལ་གཙོ་བོ་བླ་སྐུ་དང་སྔགས་ལུགས་ལ་བན་བོན་གཉིས་ཀར་ཡི་དམ་ཁྲོ་བོའི་སྐུར་སྒོམ་སྒྲུབ་ཀྱིས་ཕྱི་ནང་གསང་བའི་འགལ་རྐྱེན་སེལ་བར་བྱེད་པ་མཁྱེན་གསལ་བཞིན། ཆོས་རྒྱལ་སྲོང་བཙན་སྐབས་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་དུས་ཀྱང་སྔགས་པ་རྣམས་དང་མཐུན་པར་ཁྲོ་བོ་བཅུའི་དཀྱིལ་འཁོར་རིས་སུ་བྲིས་ཞེས་བཀོད་ཡོད་པས།སྐབས་འདིར་གསང་སྔགས་ཀྱི་འབྱུང་རྩར་རགས་ཙམ་བརྟག་པའི་དགོས་པ་ཡོད་དེ། བན་བོན་གཉིས་ཀས་གསང་སྔགས་ཀྱི་ཐེག་པ་རིམ་དགུ་གསུངས་པའི་ཆར་ནང་བསྟན་གྱི་གསང་སྔགས་རྙིང་མའི་གྲུབ་མཐའ་དེ་ཆོས་རྒྱལ་ཁྲི་སྲོང་སྐབས་རྒྱ་གར་གྱི་སློབ་དཔོན་པདྨ་མ་འབྱུང་གནས་དང་མཁན་ཆེན་ཞི་བ་འཚོས་ཐོག་མར་བོད་དུ་ཁྱབ་སྤེལ་མཛད་ཡོད་པ་ཡོངས་གྲགས་དང༌། བོན་གྱི་གསང་སྔགས་ཐད།བོན་གྱི་བསྟན་འབྱུང་ཕྱོགས་འདུས་ལསའབྲས་བུ་གསང་སྔགས་དར་སྔ་ཀཉའ་ཁྲིའི་དུས་ཞེས་དང༌། དེ་ལྟར་རི་བོ་ལྟ་རི་རྒྱང་མཐོའི་རྩེར་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་དང༌། གཤེན་ལ་སྔ་བ་སྣང་དོག་ཅན་དང༌།བོན་ལ་སྔ་བ་གསང་སྔགས་སྤྱི་སྤུངས་དང༌། མཁར་ལ་སྔ་བ་འཕྱིང་བ་སྟག་རྩེ་སོགས། སྔ་རབས་བོད་ཀྱི་གཏམ་དུ་གྲགས་པ་ཡིན་ཞེས་བོན་གྱི་གསང་སྔགས་བོད་དུ་ཐོག་མར་དར་བའི་དུས་རབས་གསལ་པོར་བསྟན་ཡོད། གཞན་ཡང༌།ནང་བསྟན་གསང་སྔགས་རྙིང་མའི་འབྱུང་རྩར་རགས་ཙམ་དཔྱད་ན། སློབ་དཔོན་པདྨ་འབྱུང་གནས་ཀྱི་གསང་སྔགས་ཆོས་ཀྱི་རྩ་བའི་བླ་མའམ་ཆོས་ཞུ་ཡུལ་དེ་ཨོ་རྒྱན་ཡུལ་གྱི་སློབ་དཔོན་དགའ་རབ་རྡོ་རྗེ་ཡིན་ཏེ། པདྨ་བཀའ་ཐང་ལས་ཡབ་རྒྱལ་པོ་དྷརྨ་ཨ་ཤ་ཀ་དང་ཡུམ་བདེ་གཤེགས་རིགས་ལྡན་མ་གཉིས་ལ་སྲས་མོ་གཡུང་དྲུང་སྐྱིད་དང་མཚོ་སྐྱེས་སྤེལ་མ་བྱུང་བར། མཚོ་སྐྱེས་ས་ལེ་མར་ལྷ་དང་མི་ཡི་སྟོན་པ་དགའ་རབ་རྡོ་རྗེ་འཁྲུངས་ཞེས་དང༌། ཡང་སངས་རྒྱས་སྤྲུལ་པ་དགའ་རབ་རྡོ་རྗེ་དེ༔ ཨོ་རྒྱན་ཡུལ་གྱི་དཱ་ན་ཀོ་ཤི་གླིང་༔ དཱ་ཧ་ན་ཡི་འདུ་ཁང་ཆེན་པོ་ན་༔ ཆོས་གསུངས་བཞུགས་པའི་དྲུང་དུ་བཤེས་གཉེན་བྱོན་༔ རྫོགས་ཆེན་སྙིང་ཐིག་རྒྱུད་ནི་བཅུ་བདུན་དང༌། སྔགས་སྲུང་ནག་མོའི་རྒྱུད་དང་བཅོ་བརྒྱད་གསན་༔ ཞེས་སློབ་དཔོན་དགའ་རབ་རྡོ་རྗེའི་སྐབས་དེར་གསང་སྔགས་རྙིང་མའི་ལུགས་ཀྱི་ཁུངས་གཏུགས་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་བསྟན།སློབ་དཔོན་ཁོང་གི་མཚན་དགའ་རབ་རྡོ་རྗེ་ཞེས་པ་འབྱུང་ཚུལ་སྐོར་ལ་པདྨ་བཀའ་ཐང་ལསངོ་མཚར་སྐྱེས་ཏེ་སངས་རྒྱས་བྱོན་ནོ་ཟེར་༔རྒྱལ་པོ་དགྱེས་པས་དགྱེས་པ་རྡོ་རྗེར་བཏགས།ཡུམ་གྱིས་བཞད་པས་བཞད་པ་རྡོ་རྗེར་བཏགས་༔ཡུལ་མི་དགའ་བས་དགའ་རབ་རྡོ་རྗེར་བཏགས་ཞེས་གསུངས་ལ། གཞན་བོན་གྱི་མདོ་སྔགས་སེམས་གསུམ་མཐའ་འཁོར་རྒྱལ་ཁམས་སུ་དར་ཚུལ་ཞེས་པའི་ནང་རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ་གྱིས་རྒྱ་གར་གཤེན་པོ་ཁ་ལུ་པ་ཤ་དང༌། ཁ་ཆེའི་མཁན་པོ་སྲ་མི་རི་ཅན་དང༌། ཨོ་རྒྱན་སློབ་དཔོན་དགའ་རབ་དགྱེས་པ་དང༌། ཨོ་རྒྱན་བོན་པོ་དམུ་སྟངས་སོགས་ལ་བཤད།དེ་ལ་དེ་འཕྲོས་རྒྱལ་ཁམས་ཀུན་ཏུ་དར་ཞེས་གསུངས་པ་ལས། གཡུང་དྲུང་བོན་གྱི་བསྟན་པ་ཨོ་རྒྱན་ཡུལ་དུ་དར་ཚུལ་བཤད་ཡོད་ལ། སྐབས་འདིའི་སློབ་དཔོན་དགའ་རབ་དགྱེས་པ་ཞེས་པ་གསང་སྔགས་རྙིང་མའི་མཛད་པོ་སློབ་དཔོན་དགའ་རབ་རྡོ་རྗེའམ་དགྱེས་པ་རྡོ་རྗེའི་མཚན་དང་མཐུན་ལ་ཡུལ་གྱི་མིང་ཡང་མཐུན་པས་ན། ནང་བསྟན་གྱི་གསང་སྔགས་རྙིང་མའི་ཁུངས་གཏུགས་ས་དེ་གཡུང་དྲུང་བོན་དེ་ཡིན་སྲིད་ལ།ཨོ་རྒྱན་སློབ་དཔོནཞེས་པའི་མཚན་འབོད་ཚུལ་ལ་བལྟས་ན། སློབ་དཔོན་དེ་ཉིད་ཆོས་ལུགས་གཞན་ཞིག་ལའང་ཁྱད་དུ་འཕགས་པ་ཡིན་པར་གསལ་བས་བན་བོན་གཉིས་ལྡན་གྱི་སློབ་དཔོན་ཞིག་ཡིན་ཡང་སྲིད། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་པར་གྲགས་པའི་རྒྱ་གར་གྱི་རྒྱལ་པོ་རྙརྨ་པཱ་ལའི་སྐུ་ཚེའི་སྨད་དུ་རྡོ་རྗེ་གདན་གྱི་ལྷ་ཁང་ཞིག་ན་ཧེ་རུ་ཀའི་སྐུ་འདྲ་དངུལ་ལས་བྱས་པ་ཆེན་པོ་ཞིག་དང་སྔགས་ཀྱི་གླེགས་བམ་མང་པོ་ཞིག་སེང་གེ་གླིང་པ་སོགས་ཉན་ཐོས་སེནྡྷཱ་པ་འགའ་ཞིག་གིས་འདི་བདུད་ཀྱིས་བྱས་པའོ་ཟེར་ནས་གླེགས་བམ་བུད་ཤིང་བྱས་པ་དང༌། སྐུ་འདྲ་དུམ་བུར་བཏང་ལ་གསང་སྔགས་རྡོ་རྗེ་ཐེག་པ་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་པའི་གཏམ་བྱུང་མྱོང་ཡོད་པ་རྒྱ་གར་ཆོས་འབྱུང་དུ་གསུངས་འདུག་པས་གོང་གི་དོགས་འཆར་རྣམས་དེ་བས་ཁ་གསལ་བར་ཆགས་འགྲོ་བའི་བཟོ་ལྟ་ཞིག་བསྟན་ཐུབ་ཀྱི་འདུག དེ་བཞིན་སློབ་དཔོན་པདྨ་འབྱུང་གནས་ཐོག་མར་བོད་དུ་ཞབས་བཅག་དུས། ཆོས་རྒྱལ་ཁྲི་སྲོང་དང་ཕྱག་འཚལ་མི་མཐུན་པའི་སྐབས་ཀྱི་ལོ་རྒྱུས་ནང་སློབ་དཔོན་གྱི་ཞལ་ནས་ང་བོན་པོ་པདྨ་འབྱུང་གནས་ཡིན། ཆོས་ལྟས་ངན་གཡང་བློན་གྱི་གདམས་ངག་བདོན། ལར་རིགས་དྲུག་སེམས་ཅན་བདེ་ལ་བཀོད།ལྟ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་ཞེས་གསུངས་མྱོང་བས་སློབ་དཔོན་ཉིད་བོན་མཛད་མྱོང་བར་ཤེས་ཐུབ། གཞན་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་བན་བོན་གཉིས་དབར་ལ་རྩོད་གཞི་བྱུང་བ་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱལ་པོར་བོན་དང་ནང་པ་ནི་ཆོས་མཐུན་པར་འདུག་པས་རང་མལ་དུ་བཞག་མཛོད་ཅེས་གསུངས་པའི་ལོ་རྒྱུས་སྐོར་བོད་རིག་པའི་རིགས་གཅིག་མཁས་ཅན་ནམ་མཁའི་ནོར་བུས་གསུངས་འདུག་པས་ན།བན་བོན་གཉིས་ལ་མཐུན་པའི་ཕྱོགས་ཡོད་པར་ཤེས་ལ། གོང་སྨོས་དེ་དག་ནི་ནང་བསྟན་གསང་སྔགས་རྙིང་མའི་ཁོངས་སུ་ཁྲོ་བོ་ཁྲོ་མོའི་སྐུ་འདྲ་གཙོ་བོར་ཡོང་བའི་རྒྱུ་རྐྱེན་དང་བོན་གསང་སྔགས་ནས་ནང་བསྟན་གསང་སྔགས་རྙིང་མར་ཤུགས་རྐྱེན་བྱུང་ཡོད་ཅེས་པའི་རྒྱུ་མཚན་དུ་བཀོད་པའོ།
གཞན་ཡང༌།རང་རེའི་བོད་མིར་ཆེས་སྔ་མོ་ཞིག་ནས་མཐའ་འཁོར་མི་རིགས་ཚོས་གདོང་དམར་སྲིན་པོར་འབོད་ལ།རང་ཅག་ལ་ཕ་སྤྲེའུ་དང་མ་བྲག་སྲིན་མོ་མེས་པོར་གྲགས་པ་པ་མ་ཟད་ཆོས་ལུགས་ཀྱང་རྟ་རྒོད་མ་དང་ཤ་ཕོ་སོགས་དུད་འགྲོ་བསད་དེ་ཤ་ཁྲག་གི་དམར་མཆོད་བྱེད་སྲོལ་ཡོད་ལ། མི་རྣམས་མཐུ་དང་སྔགས་ལ་སྦྱངས་ཤིང་དྲག་པོའི་ལས་ལ་དགའ་བ་དང༌། དཔའ་ངར་ཆེ་ལ་མཚོན་གྲི་ལུས་དང་བྲལ་ཐབས་མེད་པ་མ་ཟད། རྒྱལ་པོའི་ཕོ་བྲང་སོགས་ཀྱི་སྟེང་ལའང་མདའ་མདུང་མང་པོས་བརྒྱན་ཏེ་འཇིགས་ཉམས་ལྟ་བུར་སྟོན་པ། དམག་འཐབ་སྐབས་དམག་དཔོན་རྒན་གཞོན་གྱི་ལུས་ལ་སྟག་གཟིག་གི་ལྤགས་པས་བཏུམས་ཏེ་དཔའ་རྟགས་མཚོན་པར་བྱེད་པ། ཕུར་ཐོགས་སྔགས་པའི་ཚོགས་ཀྱང་དམག་གྲལ་དུ་འགྲིག་སྟེ་དགྲ་རྣམས་མཚོན་དང་མཐུ་སྔགས་མཉམ་བསྲེས་ཀྱིས་འདུལ་ཐབས་བྱེད་པ་སོགས་ཀྱི་གཤིས་ལུགས་ཡོད་ཅེས་རྒྱ་བོད་ལོ་རྒྱུས་ཡིག་ཚང་ཁག་ཏུ་གསལ་པོར་འཁོད་འདུག དེང་དུས་མདོ་སྨད་ཁུལ་དུ་སྟག་གཟིག་སྲམ་གྱི་ལྤགས་པས་ཕྱུ་པའི་གོང་རྟགས་བྱེད་སྲོལ་ཡང་དེ་ནས་བྱུང་ཞེས་ཀྱང་གསུངས་འདུག་པ་སོགས་ནི་སྐབས་འདིར་བརྗོད་པའི་ཁྲོ་བོ་ཁྲོ་མོའི་གཟུགས་བརྙན་དང་ཤིན་ཏུ་འཚམ་པར་མཐོང་སྟེ། ཁྲོ་བོའི་སྐུ་རྣམས་གཟུགས་མི་ཡིན་པར་གཅན་གཟན་གྱི་ཁྱད་ཆོས་ལྡན་ཡོད་པ་དཔེར་ན་ཞལ་བགྲད་མཆེ་བ་གཙིགས་ཤིང་རལ་པ་ལི་ཁྲི་གཟེངས་པ་ཡན་ལག་བཞི་པོ་ཐུང་ལ་སྡེར་མོ་དང་ལྡན་པ།མིག་ཀོང་འབུར་དུ་ཐོན་ཞིང་སྡིགས་མཛུབ་དང་བཅས་ཧི་ཧི་ཧོ་ཧོའི་ང་རོ་སྒྲོག་པ་ལྟ་བུའི་ཞལ་རས་ཀྱི་ཚུལ་སོགས་སྟག་སེང་ཁྱུང་འབྲུག་གི་འཇིགས་སུ་རུང་བའི་ཁྱད་ཆོས་འདུས་པ་ལྟ་བུ་དང༌། རྒྱབ་ཡོལ་དུ་མེ་དུའི་རླུང་འཚུབ་དྲག་པོ་གཡོས་པ། ཕྱག་ཏུ་དགྲ་བོའི་སྙིང་དང་དེ་བཞིན་འདུལ་བྱེད་མཚོན་ཆ་སྣ་ཚོགས་ཐོགས་པ། ལ་ལས་ཕྱག་ཏུ་ཀཱ་ལི་ཐོགས་ལ་དགྲ་བོའི་སྙིང་ཁྲག་གིས་བཀང་བ། སྟག་གཟིག་ལྤགས་པའི་ཤམ་ཐབས་བཅས་སྐོམ་ལ་ཁྲག་དང་ཟས་སུ་ཤ་ཟའི་ཚུལ་འདིར་བལྟས་ན་བོན་ལུགས་སུ་དམར་མཆོད་འབུལ་སའི་ཡུལ་དེ་ཡིན་པ་ཐེ་ཚོམ་མི་དགོས་པ་ཞིག་འདུག དེས་ན་གོང་གསལ་ཁྱད་ཆོས་ཚང་མ་ལྡན་ཡོད་པའི་ལྷ་སྲུང་ཁྲོ་མོ་དཔལ་ལྡན་དམག་ཟོར་རྒྱལ་མོ་ལྟ་བུར་ཆ་མཚོན་ན།ནང་པ་སངས་རྒྱས་པའི་ལྷ་སྲུང་གཙོ་བོ་ཞིག་ཡིན་ལ།གཡུང་དྲུང་བོན་གྱིས་ཀྱང་སྲིན་རྒྱལ་མོ་ཞེས་ལྷ་སྲུང་གཙོ་བོ་ཞིག་ཏུ་བཀུར་གྱི་ཡོད། གཞན་དབྱིན་ཇིའི་བོད་རིག་པ་ཞིབ་འཇུག་མཁས་ཅན་ཇ་ཕུ་མན་གྱིས་བྲམ་ཟེའི་ཆོས་ཀྱི་ལྷ་ཆེན་ཤིང་ཝ་ཡི་བཟའ་ཡུམ་ཀ་ལེ་ཞེས་པར་ངོས་འཛིན་གནང་འདུག་ལ། རྒྱ་གར་གྱི་ལྷ་ངཱ་ཝེན་ཞེས་པར་ངོས་འཛིན་སྲོལ་ཡང་འདུག ཁོ་བོས་དེ་རྣམས་ཀྱི་ཕྱི་ཡུལ་གྱི་སློབ་དཔོན་དགའ་རབ་རྡོ་རྗེ་ཡིན་ཏེ། པདྨ་བཀའ་ཐང་ལས་ཡབ་རྒྱལ་པོ་རྙརྨ་ཨ་ཤ་ཀ་དང་ཡུམ་བདེ་གཤེགས་རིགས་ལྡན་མ་གཉིས་ལ་སྲས་མོ་གཡུང་དྲུང་སྐྱིད་དང་མཚོ་སྐྱེས་སྤེལ་མ་བྱུང་བར།མཚོ་སྐྱེས་ས་ལེ་མར་ལྷ་དང་མི་ཡི་སྟོན་པ་དགའ་རབ་རྡོ་རྗེ་འཁྲུངས་ཞེས་དང༌། ཡང་སངས་རྒྱས་སྤྲུལ་པ་དགའ་རབ་རྡོ་རྗེ་དེ༔ ཨོ་རྒྱན་ཡུལ་གྱི་དཱ་ན་ཀོ་ཤི་གླིང་༔ དཱ་ཧ་ན་ཡི་འདུ་ཁང་ཆེན་པོ་ན་༔ ཆོས་གསུངས་བཞུགས་པའི་དྲུང་དུ་བཤེས་གཉེན་བྱོན་༔ རྫོགས་ཆེན་སྙིང་ཐིག་རྒྱུད་ནི་བཅུ་བདུན་དང༌། སྔགས་སྲུང་ནག་མོའི་རྒྱུད་དང་བཅོ་བརྒྱད་གསན་༔ཞེས་སློབ་དཔོན་དགའ་རབ་རྡོ་རྗེའི་སྐབས་དེར་གསང་སྔགས་རྙིང་མའི་ལུགས་ཀྱི་ཁུངས་གཏུགས་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་བསྟན། སློབ་དཔོན་ཁོང་གི་མཚན་དགའ་རབ་རྡོ་རྗེ་ཞེས་པ་འབྱུང་ཚུལ་སྐོར་ལ་པདྨ་བཀའ་ཐང་ལས་ངོ་མཚར་སྐྱེས་ཏེ་སངས་རྒྱས་བྱོན་ནོ་ཟེར་༔རྒྱལ་པོ་དགྱེས་པས་དགྱེས་པ་རྡོ་རྗེར་བཏགས།ཡུམ་གྱིས་བཞད་པས་བཞད་པ་རྡོ་རྗེར་བཏགས་༔ཡུལ་མི་དགའ་བས་དགའ་རབ་རྡོ་རྗེར་བཏགས་ཞེས་གསུངས་ལ།གཞན་བོན་གྱི་མདོ་སྔགས་སེམས་གསུམ་མཐའ་འཁོར་རྒྱལ་ཁམས་སུ་དར་ཚུལ་ཞེས་པའི་ནང་རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ་གྱིས་རྒྱ་གར་གཤེན་པོ་ཁ་ལུ་པ་ཤ་དང༌། ཁ་ཆེའི་མཁན་པོ་སྲ་མི་རི་ཅན་དང༌། ཨོ་རྒྱན་སློབ་དཔོན་དགའ་རབ་དགྱེས་པ་དང༌། ཨོ་རྒྱན་བོན་པོ་དམུ་སྟངས་སོགས་ལ་བཤད།དེ་ལ་དེ་འཕྲོས་རྒྱལ་ཁམས་ཀུན་ཏུ་དར་ཞེས་གསུངས་པ་ལས།གཡུང་དྲུང་བོན་གྱི་བསྟན་པ་ཨོ་རྒྱན་ཡུལ་དུ་དར་ཚུལ་བཤད་ཡོད་ལ། སྐབས་འདིའི་སློབ་དཔོན་དགའ་རབ་དགྱེས་པ་ཞེས་པ་གསང་སྔགས་རྙིང་བུ་ཞིག་མཐོང་བས། ཁོ་བོས་སྤྱི་ཚོགས་འཕེལ་རིམ་གྱི་ཆོས་ཉིད་གཞིར་བཞག་ནས་ལོ་རྒྱུས་ཀྱི་དོན་རྐྱེན་ཁག་དཔྱད་གཞིར་བཟུང་སྟེ་བོད་ནས་རྒྱ་བལ་གཉིས་ལའང་ཆོས་ལུགས་ཀྱི་རིག་གནས་ཐད་ཆེ་ཆུང་ལ་མ་ལྟོས་པའི་ཤུགས་རྐྱེན་འབྱུང་སྲིད་པའི་ལྟ་བ་བསྟན་ཡོད་ལ། ལྷག་པར་དུ་ཁྲོ་བོ་ཁྲོ་མོའི་འདྲ་སྐུའི་ཐད་གཡུང་དྲུང་བོན་གྱིས་ནང་པར་ཤུགས་རྐྱེན་སྤྲད་པའི་ངེས་པ་ཤིན་ཏུ་ཆེ་བ་མ་ཟད། གནའ་རབས་བོད་མིའི་འཚོ་བའི་གནས་སྟངས་དང་ཡུལ་མིའི་གཤིས་ལུགས། དེ་བཞིན་ཆོས་ལུགས་ཀྱི་ཁྱད་ཆོས་སོགས་ལས་ཁྲོ་བོ་ཁྲོ་མོའི་གཟུགས་བརྙན་གྱི་བརྩམ་བྱ་དེ་ཉིད་བོད་པ་རང་གི་རི་མོ་མཁན་གྱིས་གསར་གཏོད་བྱས་པའམ་དམིགས་བསལ་ཁོར་ཡུག་གི་ཐོན་འབྲས་ཤིག་ཡིན་སྲིད་པའི་ངོས་འཛིན་བྱས་ཁུལ་ཡང༌།ཁོ་བོ་མཐོང་རྒྱ་
ཆུང་ཞིང་རིག་སྟོབས་དམན་པས་དོན་ལ་གནས་མིན་ཆ་མི་འཚལ་ན།མཁྱེན་སྤྱོད་ཡངས་པ་རྣམས་ཀྱིས་གནད་དོན་འདི་ཐད་དེ་བས་ཚན་རིག་དང་མཐུན་པའི་ཚད་ལྡན་གྱི་འབྲས་བུ་ཞིག་འདོན་པ་གནང་རྒྱུར་རེ་སྒུག་ཞུ་བཞིན་ཡོད།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
|