དེ་ཉིད་ཅེས་པའི་མཚན་ཉིད་ལ་སྔ་ཕྱི་མཁས་པ་མང་བོས་མཚན་ཉིད་སྣ་ཚོགས་ཤིག་བཞག་ཡོད་མོད། རང་བློར་མཐུན་ཕྱོགས་ལ“བྱ་བྱེད་གཉིས་ལྡོག་པ་ནི་ཐ་དད་ཡོད་ལ་ངོ་བོ་ནི་ཐ་དད་དུ་བཞག་ཏུ་མེད་པ་ཉིད་ཀྱི་དོན་སྟོན་པ་ནི་དེ་ཉིད་ཀྱི་ངོ་བོའམ་མཚན་ཉིད་ཅེས་བྱ་སྟེ།”ཞེས་གསུངས་བ་ལྟར་བཟུང་ན་ལེགས་པར་སྙམ་ཞིང་། དཔེར་ན། བསྟན་པར་འགྱུར། ཕྱིས་སུ་འགྱངས། ཇེ་གསལ་དུ་བཏང་། ལྟ་བུ་སོགས་ཀྱིས་མཚོན་དཔེར་བརྗོད་མང་པོ་མཆིས་པས་བསྐྱར་ཟློས་ཀྱི་བཤད་པ་ལ་དགོས་བ་མེད་པས་འདིར་མི་བརྗོད་ལ། འདིར་དཔྱད་པར་འདོད་པ་ནི་ན་དང་ལ་གཉིས་དེ་ཉིད་ཀྱི་དོན་ལ་འཇུག་མིན་གྱི་གནད་དེ་ཡིན་པས། འདིར་དཔྱད་པར་བྱ་བ་ལ། རང་རེའི་བརྡ་སྤྲོད་པའི་གཞུང་དང་འབྲེལ་བ་དམ་ཞིང་དུས་ཀྱི་ཆ་ནས་ཀྱང་ཅུང་བྱུང་སྔ་བའི་སྨྲ་སྒོ་མཚོན་ཆར“དུ་ལ་སོགས་པ་ལ་དང་མཐུན།། དེ་ཉིད་ལ་ནི་ལྷག་པ་ཡིན།།”ཞེས་གསུངས་བས། སི་ཏུ་རིན་པོ་ཆེས་དེ་ཉིད་ལེགས་པར་བཤད་པའི་གཏམ་དུ་ངེས་ཤིང་། ན་ལ་གཉིས་དེ་ཉིད་ཀྱི་དོན་དུ་མི་འཇུག་པར་དགོངས་པ་ལ། བརྡ་སྤྲོད་མཁན་པོ་མང་དག་ཅིག་གིས་མི་འདོད་པའི་དགག་བཞག་རྒྱ་ཆེར་མཛད་ཡོད་པས། རེ་རེ་བཞིན་ཅུང་ཙམ་གླེང་བར་བྱ་སྟེ། བརྡ་སྤྲོད་བློ་གསལ་དགའ་སྟོན་དུ། ལ་ཡིག་དེ་ཉིད་དུ་འཇུག་པའི་དཔེར།“ཇེ་གསལ་ལ་བཏང་། ཇེ་ཟབ་ལ་གྱུར། ཇེ་ལེགས་ལ་བཏང་། ཇེ་གཙང་ལ་འགྱུར། བོད་སྐད་ལ་བསྒྱུར། མདོག་སེར་པོ་ལ་བསྒྱུར། ལྕགས་གསེར་ལ་གྱུར། ཐ་སྙད་ལ་གྲུབ།”ལྟ་བུ་སོགས་བཀོད་པ་ནི་བྱ་བའི་དོན་ཙམ་གྱི་ཆ་ནས་འགྲིག་པར་སྣང་ཡང་། དེ་དག་སྦྱོར་ཚུལ་མ་ལོག་པར་བྱས་ན། ཇེ་གསལ་དུ་བཏང་། ཇེ་ཟབ་ཏུ་གྱུར། ཇེ་ལེགས་སུ་བཏང་། ཇེ་གཙང་དུ་གྱུར། བོད་སྐད་དུ་བསྒྱུར། མདོག་སེར་པོར་བསྒྱུར། ལྕགས་གསེར་དུ་གྱུར། ཐ་སྙད་དུ་གྲུབ། ལྟ་བུ་དུ་དུ་སུ་ལ་སོགས་པ་འཇུག་པར་ངེས་སྟེ། དེ་ཉིད་ཀྱི་དོན་ལ་སྒྲ་དོན་འབྱོར་བས་གོ་སླ་ཞིང་། གཞན་དུ་འཁྲུལ་དོགས་མེད་པ། བརྗོད་པ་བདེ་བས་སྡེབ་སྦྱོར་འགྲིག་ཅིང་རང་སྐད་དང་འཚམ་པར་འཇུག་པ་སོགས་ཀྱི་བརྗོད་པ་མཁས་པའི་ཡོན་ཏན་དང་ལྡན་པ་ནི། གངས་ཅན་པའི་སྐྱེ་བོ་དག་ལ་མཐུན་སྣང་དུ་གྲུབ་པ་བསླུ་མེད་བསྙོན་མེད་དུ་ངེས་ཕྱིར། གལ་ཏེ་དེ་དག་ལ། ལ་སྒྲ་སྦྱར་བའི་དབང་དུ་བྱས་ན་དེ་ལས་ལྡོག་པའི་སྐྱོན་ཅིས་ཀྱང་འབྱུང་བ་ནི་ལྟ་ཅི་སྨོས།
ཡང་གཞུང་དེ་ཉིད་ལས། ཚད་མའི་གཞུང་ནས་ཟླས་དྲངས་ཀྱིས་ཐོན་པའི“བ་ལང་ལ་དཀར་ཟེར་དང་ནག་སྒུར་གཉིས་ཡོད་ཅེས་པའི་ལ་ཡིག་དེ་ཉིད་ཡིན་ཏེ།”ཞེས་དང་།“བ་ལང་ལ་བ་ལང་མ་ཡིན་པ་མེད་ཅེས་པའི་ལ་ཡིག་ནི་དེ་ཉིད་དང་།”ཞེས་དང་།“ཤིང་ལ་ཙན་དན་ཡོད། བོད་མི་ལ་མཁས་པ་ཡོད། འབྲུ་རིགས་ལ་གྲོ་ཡོད། སོགས་ཀྱི་ལ་ཡིག་ནི་དེ་ཉིད་དོ།།”ཞེས་སོགས་ཟེར་བ་ནི་བབ་བཅོལ་འབའ་ཞིག་སྟེ། དེ་དག་ལ་བྱ་བའི་དོན་ཙམ་ཡང་མེད་ན་དེ་ཉིད་དུ་འགྱུར་བ་ལྟ་ག་ལ་སྨོས། འོ་ན་དེ་དག་ཇི་ལྟར་ཡིན་ཞེ་ན། བོད་མི་ལ་མཁས་པ་ཡོད་ཅེས་པ་ནི་རྟེན་གཞི་བོད་མི་གང་ལ་བརྟེན་ཆོས་མཁས་པའི་ཁྱད་ཆོས་ཡོད་པར་སྟོན་པས་བདུན་པའི་ཕྱོགས་མཐུན་ཡིན་པ་ལ། བ་ལང་གི་དཔེ་དག་ཀྱང་དེའི་ཁོངས་སུ་འདྲ་ཞིང་། འབྲུ་རིགས་ལ་གྲོ་ཡོད་དང་། ཤིང་ལ་ཙན་དན་ཡོད་ཅེས་པ་དག་སྦྱོར་ཚུལ་ལོག་པ་ནི་མཐོང་བ་ཙམ་གྱིས་ཤེས་ནུས་མོད། དེ་ལྟར་རུང་བའི་དབང་དུ་བྱས་ནའང་། འབྲུ་ཡི་རིགས་ནི་སྲན་མ་དང་། ནས། སོ་བ། ཡུངས་དཀར་སོགས་ཡིན་པ་ནི་སྨོས་མ་དགོས་ལ། དེ་ཐམས་ཅད་གྲོ་ཡི་ངོ་བོར་འགྱུར་ཚུལ་ཞིག་སྨྲ་དགོས་སོ། དེ་བཞིན་དུ་གཉིས་པའི་དཔེར། ཁ་ནང་དུ་ཆོས་བཤད། ལ་སོགས་པའི་སྦྱོར་ཚུལ་འཁྲུགས་པ་དག་ཀྱང་མཁས་པའི་ཚིག་ཏུ་སྣང་མིན་རྟོགས་དཀའ་འོ།།
ཡང་སྔ་འགྲེལ་སྐོར་ཞིག་ལས། དེ་ག་རང་ན་འདུག ཅེས་པ་འདི་སྔ་རབས་སུ་ཕྱོགས་སྔས་བདེན་པའི་དོན་བཤད་པ་ལ་གཏམ་དེ་དོན་ལ་གནས་ཞེས་པའི་དོན་ཏེ། དེང་དུས། དེ་ག་རང་རེད། ཅེས་པ་དེ་ཡིན་ཞེས་ཟེར་ཞིང་ཕྱི་རབས་པ་མང་བོ་ཞིག་གིས་དེ་ཉིད་དོན་ཆེ་བར་རློམ་སྟེ་རྗེས་བརྗོད་ཀྱི་ངལ་བ་ལྷུར་ལེན་པར་སྣང་ཡང་། སྔ་རབས་ཀྱི་དུས་སུ་དེའི་དོན་ལ་དེ་ལྟར་སྨྲ་ན། སྔ་རབས་སྐད་ཀྱིས་རྩོམ་བསྒྱུར་བྱས་པའི་གཞུང་དག་ལས་ཀྱང་མ་མཐོང་ངོ་། ཡང་ལ་ལས། མཁས་ཁྱོད་ཡོན་ཏན་ལ་བཟང་། ཞེས་དེ་ཉིད་ཀྱི་དཔེར་བཀོད་པ་ཕྱི་ཐོགས་པ་འགས་ཀྱང་དྲངས་ཏེ་བདེན་པའི་མགོ་བོ་གཡུག་གཡུག་བྱེད་མོད། གཞུང་སྤྱིའི་འཆད་ཚུལ་ལྟར་ན། བཟང་ངོ་ཞེས་དྲང་ངོ་། གང་བཟང་ཞེ་ན། ཡོན་ཏན་བཟང་ངོ་། སུ་ཡོན་ཏན་བཟང་ཞེ་ན། མཁས་ཁྱོད་དེ་མཁས་པ་མཆོག་ཉིད་ཡོན་ཏན་བཟང་ངོ་། ཞེས་འཆད་དགོས་པས་དེའི་ལ་སྒྲ་ལ་དགོས་པ་མ་བྱུང་བ་གང་ཞིག བོད་སྐད་ཀྱི་ཟུར་ལའང་མ་གྲུབ་པས་སྡེབ་སྦྱོར་ཉམས་པའི་སྐྱོན་ཉིད་དུ་ཤེས་དགོས་པར་འདོད་དོ།།
ཡང་ཐོན་མིའི་ཞལ་ལུང་ལས། སོ་ན་གནས། བདེ་ཐོག་ན་ཡོད། བཞག་ས་ཡོད། ཇེ་སྡུག་ལ་སོང་། ཁུ་བྱུག་ཁྲ་ལ་ལོག སོགས་དང་། ལ་དོན་གྱི་གནད་དོན་ཁ་ཤས་སོགས་སུ་ལས། ཇེ་བརྟན་ན་འགྲོ ནད་པ་སྔར་གྱི་ཁ་མལ་ན་གནས། ང་ཚོ་བདེ་ཐོག་ན་ཡོད། ཡག་ཐོག་རྒྱན་ཐོག་ན་འདུག་སོགས་དེ་ཉིད་ཡིན་པར་བཤད་ཀྱང་། སོ་ན་གནས་དོན་ན་གནས་སོགས་ལྟ་བུ་ནི“ཁོ་བོས་བལྟས་ན་རྣམ་དབྱེ་བདུན་པ་གནས་གཞིར་འཇོག་དགོས་སྙམ།”ཞེས་གསུངས་བ་ལྟར། བདུན་པའི་ཕྱོགས་སུ་མཐུན་པ་ཉིད་དང་། .ཇེ་སྡུག་ལ་སོང་སོགས་འགའ་ཞིག་ལ་བྱ་བའི་དོན་ཙམ་ཞིག་ཡོད་མོད་ཀྱི་སྦྱོར་ཚུལ་ལོག་པས་དེ་ཉིད་དུ་མི་རུང་བ་དང་། བཞག་ས་ན་ཡོད་སོགས་ལྷག་མ་རྣམས་སྦྱོར་ཚུལ་ལོག་པ་མ་ཟད་བྱ་བའི་དོན་ཡང་མེད་པས་དེ་ཉིད་དུ་མི་རུང་བའི་ཕྱིར་རོ། དེ་དག་སྦྱོར་ཚུལ་མ་ལོག་པར་བྱས་ན། བྱ་བའི་དོན་ཡོད་པ་རྣམས་ནི་དེ་ཉིད་དང་། དེ་མེད་པ་རྣམས་ནི་བདུན་པའི་ཕྱོགས་མཐུན་དུ་འགྱུར་བ་འདི་ལྟར། བདེ་བར་ཡོད། བཞག་སར་ཡོད། ཇེ་སྡུག་དུ་སོང་། ཁུ་བྱུག་ཁྲ་རུ་ལོག ཇེ་བརྟན་དུ་གྱུར། ནད་པ་སྔར་ལྟར་ཡིན། ངེད་ཅག་བདེ་བར་ཡོད། ཡག་པོར་འཚོ་འདུག་ལྟ་བུར་བརྗོད་ན། བསྟན་བཅོས་དང་འཇིག་རྟེན་ཡོངས་གྲགས་གང་དང་ཡང་མི་འགལ་འདོད་དོ།།
ཡང་ལ་དོན་གྱི་གནད་དོན་ཁ་ཤས་ལས།“གནས་གཞིའི་གྲུབ་པ་དང་དེ་ཉིད་ཀྱིས་གྲུབ་པ་གཉིས་མི་འདྲ་སྟེ། གནས་གཞིའི་གྲུབ་པ་ནི་རྟེན་དང་བརྟེན་པའི་གྲུབ་ལུགས་ཡིན་པས་བྱ་ལས་ངོ་བོ་ཐ་དད་དུ་ཡོད་ལ། དེ་ཉིད་ཀྱི་གྲུབ་པ་ནི། ལས་དང་ངོ་བོ་གཅིག་ཏུ་གྲུབ་པ་ཡིན་པས་བྱ་ལས་ངོ་བོ་གཅིག་ཏུ་ཡོད་དོ།”ཞེས་ཟེར་བའང་བརྟག་དགོས་ཏེ། དེ་ཉིད་ཀྱི་གྲུབ་ཚུལ་དེ་ཁོ་ན་ལྟར་ཡིན་མོད་ཀྱི། བདུན་པའི་གྲུབ་ཚུལ་དེ་ཁོ་ན་ལྟར་ཞེན་པ་ནི། དེའི་འཇུག་དོན་གྱི་ཕྱོགས་ཡོངས་སུ་མ་མཐོང་བར་མངོན་དེ། ནོར་བུར་ཡོན་ཏན་ཡོད། ལྟ་བུ་རྟེན། བརྟེན་ཆོས་ཐ་དད་དུ་མི་མངོན་པ་གང་དག་བདུན་པའི་ཕྱོགས་མཐུན་དུ་འཇོག་འོས་པ་ཁོ་ན་ལས་བྱ་ལས་ཀྱི་དོན་མེད་པས་དེ་ཉིད་མི་རུང་བར་ངེས་པའི་ཕྱིར། གལ་ཏེ་དེ་ལྟ་བུ་དེ་ཉིད་ཡིན་ན་ནི། བྱ་ལས་ངོ་བོ་གཅིག་པ་ཞེས་པ་དོན་མེད་དུ་ཐལ་བའམ། ཡང་ན་ཡོད་པའི་དོན་ཉིད་བྱ་བའི་དོན་ཅན་དུ་ཐལ་བའང་ཤེས་དགོས་ལ། བདུན་པར་བྱ་བའི་དོན་ཅན་མི་འདོད་བཞིན་དུ་རྟེན་དང་བརྟེན་པའི་གྲུབ་ལུགས་ལ་བྱ་ལས་ཀྱི་སྒྲ་སྦྱོར་བའང་ས་ཟིན་མེད་པའི་ཉམས་འགྱུར་དུ་ཤེས་པར་བྱའོ། མདོར་ན། སྨྲ་སྒོ་དང་སི་ཏུའི་དགོངས་པ་བཞིན་ན་ལ་གཉིས་དེ་ཉིད་དུ་མི་འདོད་ན་ལེགས་པར་སེམས་སོ། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
|