中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། བོད་ཀྱི་རོལ་ཆས་ཁག་ཅིག་ངོ་སྤྲོད།
དུས་ཚོད།2016-08-31 09:37:20     རྩོམ་གྱི་ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ།    ཆུང་། | འབྲིང་། | ཆེ།
སིལ་སྙན།
     སིལ་སྙན་ནི། ཁ་སྦྱོར་ལས། སིལ་སྙན་ཡང་དག་སྦྱོར་མཚན་ཉིད། བཤད་པར་བྱ་ཡི་ལྷ་མོ་ཉོན། ཞེས་དང་། ལྷ་ཡི་སིལ་སྙན་དམ་པ་འདི། ཞེས་དང་། རོལ་མོ་སིལ་སྙན་འཕན་གདུགས་དང་། སོགས་གསུངས་ཤིང་རྒྱུད་རྒྱ་གཞུང་གང་ནས་ཀྱང་བསྟན་ལ་ཁུངས་ཆེ་བ་ཡིན་ཡང་མཚན་ཉིད་སོགས་ཞིབ་པར་བཤད་པ་ཆེར་མ་མཐོང་ཡང་བྱུང་ཁུངས་ཐོག་མར་ལྷ་ཡུལ་དུ་དར་ལ། རང་ཅག་གི་སྟོན་པའི་བསྟན་པ་དང་མཉམ་དུ་མི་ཡི་ཡུལ་དུ་བྱུང་བའི་རྒྱུ་མཚན་ཁ་ཅིག་བཤད་པ་དང་། ཡང་སྔོན་འཁོར་ལོས་བསྒྱུར་རྒྱལ་གྱི་སྐབས་འགའ་ན་སྲས་དང་བཙུན་མོ་བཅས་པ་གླིང་བུ་སིལ་སྙན་འཇང་སོགས་ནས་བྱུང་བའི་སྤུས་དག་པའི་གྲས་ནི་རོལ་མོ་གཞན་དང་མི་འདྲ་ཞིང་འཇམ་ལ་བྱིན་རླབས་དང་ལྡན་པས་དཀྲོལ་ན་རྒྱལ་བ་སྲས་བཅས་དགྱེས་པ་སྐོང་ཞིང་རྒྱུ་བསོད་ནམས་ཀྱི་ཚོགས་ཆེན་པོ་རྫོགས་པ་དང་། སེམས་ཅན་རྣམས་ཀྱི་ཉོན་མོངས་ཀྱི་ཟུག་རྔུ་ཞི་བར་ནུས་ཤིང་། དཀྲོལ་ཐབས་ལའང་པད་སྐོར་མ་དང་། མེ་ཏོག་སིལ་མ་སོགས་གྲྭ་ས་ཁུངས་མ་རྣམས་ཀྱི་ཕག་སྲོལ་ལྟར་བྱེད་པ་ལ་ནི་གནད་དམ་པའོ། །
ཌཱ་མ་རུ།
      ཌཱ་མ་རུའི་རྒྱུ་དང་མཚན་ཉིད་སོགས་བཤད་པ་ལ། ལར་ཌཱ་མ་རུ་འདི་བླ་མེད་ཀྱི་རྒྱུད་སྡེ་རྣམས་མ་གཏོགས་གང་ཡིན་དུ་དཀྲོལ་བ་སོགས་མ་བཤད་ལ་རྒྱུད་སྡེ་འོག་མ་རྣམས་ལས་ནི་མི་འབྱུང་ངོ་།། རྒྱུ་ནི་སམ་བྷུ་ཊ་སོགས་ལས་འདི་ལྟར་ཏེ། རྒྱ་མཚོ་ཤིང་དང་སེང་ལྡེང་དང་། བཛྲ་ཤྲཱི་ཤའི་རྩ་བ་དང་། ཙནྡན་དམར་པོ་ལ་སོགས་པའི།། གང་ཉིད་ཡིད་ལ་འདོད་པ་བྱ།། སོགས་གསུངས། འདི་ན་ཤིང་ཁོ་ན་ལས་གཞན་མ་གསུང་ཞིང་། བདེ་མཆོག་ལས་ནི། གཞན་པ་ཡེ་ནས་རྔ་ཆུང་ནི། ཐོད་པ་ལ་ནི་བསྐོར་བ་ཉིད། སོགས་དང་། ཡང་སྒྱུ་འཕྲུལ་དྲ་བ་ལས། སྤྲེའུའི་ལྤགས་པས་གཡོས་ན་ནི། ངོས་གཉིས་ལ་ནི་པདྨ་བྲི།། བུད་མེད་ཁྲག་གིས་མཛེས་པར་བྱ།། སྙིང་སོ་ཁྲེམ་ཁྲེམ་དག་བྲིས་ཏེ། ཞེས་གསུངས་པས་རྒྱུད་སྔ་མའི་དགོངས་པ་ལ་ནི་ཚད་ཀྱང་། དེ་ཉིད་ལས་འདི་ལྟ་སྟེ།། དགུ་བ་དང་ནི་བཅུ་གཅིག་པ། ཁ་ལ་དེ་ཡི་ཕྱེད་ཉིད་དོ། ཞེས་པའི་རབ་ལ་མཆུ་སོར་བཅུ་གཉིས་པ་དང་། ཁ་ལ་སོར་དྲུག འབྲིང་ལ་མཆུ་སོར་བཅུ་བ་དང་། ཁ་ལ་སོར་ལྔ་བ། ཐ་མ་མཆུ་སོར་དགུ་དང་ཁ་ལ་དེ་ཡི་ཕྱེད་ཉིད་དོ། ནང་གི་ངོས་སུ་རྩི་དམར་འཇམ་སོགས་ལེགས་པར་བཏང་ནས་གསེར་དངུལ་སོགས་རིན་པོ་ཆེའི་དཀྱིལ་འཁོར་རམ་སྐུ་གཟུགས་ཕག་མཚན་སོགས་བྲི་བར་གསུངས་སོ། རྒྱུད་ཕྱི་མ་གཉིས་ཀྱི་དགོངས་པ་ལྟར་ན། སྐྱེས་པ་ལོ་བཅུ་དྲུག་ལོན་པ་དང་། བུད་མེད་ལོ་བཅུ་གཉིས་ལོན་པའི་ཐོད་པ་ལྟག་སྤྲོད་བྱས་པ་སྤྲེའུའི་ལྤགས་པ་གཡོགས་པའི་ནང་ངོས་གཉིས་ལ།བུ་མོ་གཙང་མའི་ཟླ་མཚན་གྱིས་པད་མ་བྲིས་པའི་ལྟེ་བར་ཧྲི་མཿསོགས་བྲིས་ལ། སྐེད་དཀྲིས་དུར་ཁྲོད་ཀྱི་སྐྲ་ལ་བྱས་པ་མཐིང་རིལ་གྱི་རྐང་རུས་ཀྱིས་བརྡུང་བར་གསུངས་པ་སྟེ། ཡང་ཅང་ཏེའུ་དྲྭ་བ་ཅན་ཞེས་པའང་རབ་ཞིང་རྒྱུས་ཀྱི་སྟེང་འོག་བུག་པ་དག་ལས་ཕན་ཚུན་བསྣོལ་མར་དྲངས་ནས་བརྒྱུས་པའི་རེའུ་མིག་ཆོས་འབྱུང་ལྟ་བུ་སྟེང་དུ་བཅུ་དྲུག་དང་འོག་ཏུ་བཅུ་དྲུག་འབྱུང་སྟེ། ཡས་བབས་མས་བརྟན་གྱི་དགའ་བ་བཅུ་དྲུག་མཚོན་པའི་དོན་དུ་བཤད་དོ། དེ་ལྟ་བུའི་ཅང་ཏེའུ་མཚན་ཉིད་དང་ལྡན་པ་དག་ལ་ནི། དཀྲོལ་ཚུལ་སོགས་ཀྱང་ཞིབ་རྒྱས་གཞན་ལས་འབྱུང་མོད། འདིར་ཅི་ཙམ་དུ་ནི་ལག་གཡས་མཐེ་བོང་དང་མཛུབ་མོའི་ཌཱ་མ་རུའི་སྐེད་དཀྲིས་བསྣོལ་མཚམས་ནས་བཟུང་། ཐང་ལྷོད་མེད་པར་དཀྲོལ་བ་སྟེ། ཀོང་ལོ་གཞན་ཕན་རྡོ་རྗེ་ལ་སོགས་པ་ལ་མཐེ་བོང་ཕྱིར་བསྟན་གྱིས་དཀྲོལ་ལ། བྱིན་རླབས་དབང་བསྐུར་སོགས་ལ་མཛུབ་མོ་ནང་བསྟན་གྱིས་དཀྲོལ་བར་གསུངས། དོན་དུ་གཡས་སྐོར་གཡོན་སྐོར་གྱི་ཁྱད་ལྟ་བུ་ཡོད་དོ། ཅང་ཏེའུ་དེ་ཡི་དེ་ཉིད། དེའི་ཁོག་པ་དང་ལྤགས་པ་རྒྱུད་རྡུང་བྱེད་སྐྱེས་བུའི་ལག་པའི་རྩོལ་བ་སོགས་གཅིག་ལ་གཅིག་རྟེན་ཅིང་འབྲེལ་བར་འབྱུང་བ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་དང་། སྒྲ་གྲགས་སྟོང་སྐྱེ་འགག་མེད་པ་ཆོས་ཉིད་སྐྱེ་འགག་སོགས་མཚོན་དོན་ནོ།
དགོས་བ་ནི། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་ལ་མཆོད་པ་དང་། མཁའ་འགྲོ་ཞིང་སྐྱོང་དབང་དུ་བསྡུ་བ་དང་དམ་ཅན་ཆོས་སྐྱོང་རྣམས་ཀྱི་རྒྱུད་བསྐུལ་བ་སོགས་སོ། དེ་ལྟ་བུའི་ཌཱ་མ་རུ་བྱིན་བརླབས་པ་དང་ལག་ཏུ་ཐོགས་ལ། ཧཱུཾ་རྣལ་འབྱོར་མཆོག་གི་ཌཱ་མ་རུ།།  ཡུལ་ཉིད་མ་སྐྱེས་ཆོས་ཀྱི་དབྱིངས།། འཛིན་རྟོག་བྲལ་བའི་ཡེ་ཤེས་ཀྱི།། ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་སྒྲོགས།། སོགས་ཀྱིས་དཀྲོལ་ཞིང་དེ་ཉིད་དྲན་པར་བྱ་བའོ།
གཤང་།
     གཤང་ངམ་འཁྲུ་ལོར་གྲགས་པ་འདི་སྤྱིར་རྒྱ་གར་སོགས་སུ་ཁུངས་ཅི་འདྲ་ཡོད་པ་མ་ཤེས་ལ་བལ་བོའི་སྤྲང་བོ་རྣམས་ཐོགས་སྲོལ་ཡོད་པར་འདུག་ལ། འཁར་རྔ་དང་གཤང་གཉིས་བོན་པོའི་ལག་ཆ་ཉིད་དུ་འདོད་ཀྱང་། གཞན་གྲྭ་ས་འགའ་རེའི་སེར་ཕྲེང་སྐབས་རོལ་མོ་སྣ་ཚོགས་ཀྱི་གྲལ་དུའང་ཡོད་འདུག་ལ་རྙིང་མའི་མ་དགོན་སོགས་ཀྱི་ཆོ་ག་རེ་གཉིས་ཙམ་ལ་ཡོད་པ་ཙམ་ལས་མ་མཐོང་ཡང་མཆོད་པ་སོགས་ཀྱི་སྐབས་སྒྲ་སྣ་ཚོགས་ཀྱི་གྲལ་ལ་དཀྲོལ་ན་ལེགས་པའི་ཡོན་ཏན་ཆེན་པོ་ཡོད་དོ། ལར་དེ་མ་ཟད་འཇིག་རྟེན་གྱི་ཁམས་ན་སྒྲ་སྙན་གྱི་རིགས་དབུལ་ཆོག་པ་ནི། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། ཡོན་ཏན་ཡིད་འོང་སྒྲ་སྙན་ཅི་མཆིས་སོགས་གསུང་བའི་ཕྱིར་རོ།
རྔ།
     རྔ་ནི་མདོ་སྔགས་གཉིས་ཀ་ནས་བསྟན་ཏེ། མདོ་རྒྱ་ཆེར་རོལ་བར་རོལ་མོའི་རིག་བྱེད་བཅོ་བརྒྱད་ཀྱི་ནང་ཚན་དུའང་བགྲང་ཞིང་། ཐུབ་པའི་དབང་བོས་གཞོན་ནུ་རོལ་རྩེད་ཀྱི་སྒྱུ་རྩལ་འགྲན་དུས། དཔག་ཚད་བཅུའི་ཕ་རོལ་དུ་ལྕགས་ཀྱི་རྔ་འབེན་ལ་བཙུགས་སོགས་དང་། ཆོས་བཟང་ལྷ་ཡི་འདུན་སར་ལྷ་རྣམས་བག་མེད་པ་ལས་བསྐུལ་བའི་རྔ་བོ་ཆེ་ལས་ཆོས་ཀྱི་སྒྲ་རང་བྱུང་དུ་གྲགས་ཞེས་དང་། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གི་རྨི་ལམ་ཐུན་གཅིག་གི་སྣང་བར་ཉི་མ་ལྟར་འབར་བའི་གསེར་གྱི་རྔ་ལས་གསེར་འོད་རྔ་སྒྲའི་མདོ་ཡི་ཚིགས་སུ་བཅད་པ་རང་གྲགས་པ་དང་། མདོ་སྡེ་པད་མ་དཀར་པོ་ལས་ཀྱང་། རྔ་བོ་ཆེ་དང་པདྨ་དང་། སོགས་དང་། ཡང་། དམ་ཆོས་བསྟན་པའི་དུས་སྟོན་ཕྱིར།། རྔ་འམ་གཎྜི་བརྡུང་བའི་སྒྲ།། ཞེས་པ་སོགས་མདོ་སྡེ་ཕལ་མོ་ཆེ་ལ་རྔའི་ཁུངས་མ་སྨོས་པ་མེད་པས་མདོ་ཕྱོགས་སུའང་གྲགས་ཆེ་བའོ། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།