中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > བོད་ཀྱི་རིག་གནས། >
༄༅།། རླུང་རྟའི་ཁྱད་ཆོས་སྐོར་ལ་དཔྱད་པ།
དུས་ཚོད།2016-09-23 18:36:34     རྩོམ་གྱི་ཡོང་ཁུངས།    ཆུང་། | འབྲིང་། | ཆེ།
     རླུང་རྟའི་དཔར་རིས་ནི་རྟག་ཏུ་དཔར་སློག་བརྒྱབ་ནས་འགྲེམས་ཚོང་བྱེད་པ་དང་། དེ་ཆེ་ཆུང་སྣ་ཚོགས་ཀྱི་རས་ཆ་དང་ཤོག་བུའི་ཐོག་དཔར་སློག་བྱེད་སྲོལ་ཡོད། ཤོག་བུའི་ཐོག་དཔར་སློག་བྱེད་པའི་རླུང་རྟའི་རི་མོ་ནི་ཅུང་ཟད་ཆུང་ཞིང་དཔར་ཐེངས་གཅིག་ལ་རླུང་རྟ་གྲངས་སྟོང་ལ་ཉེ་བ་དཔར་སློག་བྱེད་ཅིང་། བསང་གི་ཆོ་ག་བཏང་ཟིན་མཚམས་སུ་རླུང་རྟ་རྣམས་ཆག་པ་དང་ཆག་པ་བྱས་ནས་ནམ་མཁའི་དབྱིངས་སུ་གཏོར་བ་དང་། རླུང་རྟ་དེ་དག་ནམ་མཁའི་དབྱིངས་སུ་བྱ་འཕུར་བ་ལྟར་ལྡིང་བ་ཡིན། གལ་སྲིད་རླུང་རྟའི་རི་མོ་དག་རས་ཆའི་ཐོག་དཔར་སློག་བརྒྱབ་ན། དེ་ག་སྤྱིར་བཏང་མདའ་གཟུགས་ཅན་གྱི་དར་ལྕོག་དང་། ཤིང་སྡོང་མཐོ་བོ་དང་རི་མགོའི་སྟེང་དུ་འཛུགས་པ་ཡིན། རླུང་རྟ་དཔར་སློག་བྱ་སའི་རས་ཆ་དང་ཤོག་བུའི་ཚོས་གཞི་ནི་འདོགས་པ་པོ་དེའི་སྐྱེ་བོ་ཞིག་མེ་རྟ་ལོར་སྐྱེས་པ་ཞིག་ཡིན་ན། དེས་འཛུགས་རྒྱུའི་རླུང་རྟའི་ཚོས་གཞི་ནི་དམར་བོ་ཡིན་དགོས་པ་ལྟར་རོ།
    རླུང་རྟའི་མཚོན་རིས་གཙོ་བོ་ནི་སྒལ་སྟེང་དུ་ཡིད་བཞིན་ནོར་བུ་བཀལ་བའི་རྟ་མཆོག་ཡིན་ལ། རྟ་དེ་ནི་རླུང་རྟའི་རི་མོའི་དབུས་སུ་བྲིས་ཡོད་ལ། ཁྱུང་དང་འབྲུག་གཉིས་ཀྱི་གཟུགས་རིས་ནི་རླུང་རྟའི་སྟོད་ཀྱི་ཟུར་དང་། དང་སེང་གེ་གཉིས་ནི་རླུང་རྟའི་སྨད་ཀྱི་ཟུར་གཉིས་ན་བྲིས་ཡོད། དེ་བཞིན་གཏམ་རྒྱུད་ནང་འཁོད་པའི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་མཚོན་བྱེད་སྲོག་ཆགས་གསུམ་ཡང་རླུང་རྟའི་རི་མོའི་ཐོག་བཀོད་སྲོལ་ཡོད། འོན་ཀྱང་། དེ་ནི་དུས་ཕྱིས་སུ་གསར་གཏོད་བྱས་པ་ཞིག་ཡིན་པས་དེས་རླུང་རྟའི་འདྲ་རིས་ངོ་མ་དེའི་ཚབ་བྱེད་མི་ཐུབ་བོ།
      རླུང་རྟའི་རི་མོའི་ཟུར་བཞི་ན་བཀོད་པའི་སྲོག་ཆགས་རྣམས་ལ“གཉན་ཆེན་བཞི”ཟེར། དེ་དག་ལ་མིང་འདི་ལྟར་བཏགས་དགོས་ཀྱི་དམིགས་བསལ་རྒྱུ་མཚན་གཤམ་དུ་བརྗོད་པར་བྱ། སྲོག་ཆགས་དེ་རྣམས་ལ“རླུང་རྟའི་ལྷ་བཞི”ཡང་ཟེར་སྲོལ་ཡོད། དེ་བཞིན་ཞིབ་འཇུག་པ་ཁག་ཅིག་གིས་དེ་རྣམས་ནི་ཕྱོགས་བཞིའི་མཚོན་བྱེད་ཡིན་ཞེས་པའི་གསུང་ཚུལ་ཡང་ཡོད་ནའང་སྲོག་ཆགས་དེ་དག་རྟག་ཏུ་ཟུར་གཅིག་རང་ལ་གཏན་འཁེལ་གྱིས་བཀོད་སྲོལ་མེད། རླུང་རྟའི་ཐོག་སྔགས་ཡིག་འབྲི་བ་དང་། སྲོག་ཆགས་རྣམས་ཀྱི་བར་མཚམས་ཀྱི་སྟོང་ཆའི་ཐོག་གསོལ་འདེབས་སྨོན་ལམ་གྱི་ཚིག་ཀྱང་འབྲི་སྲོལ་ཡོད་པ་དེ་ནི་སངས་རྒྱས་ཆོས་ལུགས་པས་ཕྱིས་སུ་བསྣན་པ་ཞིག་ལགས་ནའང་། རླུང་རྟ་ཞེས་པའི་ཆེས་གདོད་མའི་རྣམ་པར་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཞུགས་དེ་ཙམ་ཕོག་མེད་དོ།
     ཝེ་དལ་གྱིས་རླུང་རྟའི་རི་མོ་དེ་ནི་རྒྱ་གར་གྱི་རྒྱལ་བོ་མྱ་ངན་མེད་ཀྱི་ཕོ་བྲང་གི་ཀ་བའི་རི་མོ་ལས་གཡར་བ་ཞིག་ཡིན་ཞེས་དང་། རླུང་རྟ་ནི་བླ་མ་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་མཚོན་བྱེད་རི་མོ་དེ་དག་རང་འདོད་ངང་སྒྱུར་བཅོས་བྱས་རྗེས་ཐོན་པའི་འབྲས་བུ་ཞིག་ཡིན་ཞེས་གསུངས། ཁོ་བོས་ལྟར་ནའང་། ཝེ་དལ་གྱིས་གསུངས་པ་ལྟར་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་རླུང་རྟའི་རི་མོར་བཟོ་བཅོས་ཇི་སྙེད་ཅིག་བརྒྱབ་ཡོད་པ་ནི་བདེན་གཏམ་ཞིག་ལགས་ནའང་། རླུང་རྟའི་གཙོ་བོའི་འདྲ་རིས་ཀྱི་ནང་དོན་དང་རྒྱ་གར་གྱི་མཚོན་བྱེད་དངོས་པོའི་བར་འབྲེལ་བ་མ་མཆིས་སོ།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།