中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > རང་སའི་རིག་གནས། >
༄༅།། རྨ་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ།
དུས་ཚོད།2015-11-09 15:00:04     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།     ཆུང་། | འབྲིང་། | ཆེ།
                                               རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་བཀྲ་ཤིས་ཚེ་རིང་།
      དེ་ཡང་ཡན་ལག་བརྒྱད་ལྡན་རྨ་ཀླུང་ཕྱུག་མོ་གཡུ་འབྲུག་མཁའ་ལ་རྒྱུ་སྟབས་སུ་ཁུག་ཆེན་དགུ་འགྱུར་གྱིས་ཤར་ཕྱོགས་རྒྱ་མཚོར་འབབ་པ་ལས་ཁུག་པ་དང་པོའི་འབབ་རྒྱུད། དགེ་བཅུ་ཚང་བའི་ཡུལ་གྲུ་རྨ་ཆུ་རྫོང་ནི་ཀན་སུའུ་དང་མཚོ་སྔོན། ཟི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འདྲེས་མཚམས་སུ་གནས་ཤིང་། ཤར་ལྷོར་སི་ཁྲོན་མཛོད་དགེ་དང་། ནུབ་ཏུ་རྔ་བ། ནུབ་བྱང་དུ་མཚོ་སྔོན་གྱི་མགོ་ལོག་གཅིག་སྒྲིལ། བྱང་དུ་མཚོ་སྔོན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དང་ཀླུ་ཆུ་རྫོང་བཅས་དང་ཡུལ་མཚམས་འདྲེས། རྫོང་ཡོངས་སུ་ཤང་ཁག་དགུ་མངའ་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་ལྷག་མཆིས་སོ།། དེ་ཡང་རྨ་ཆུའི་ཁུག་པ་དང་པོར་གནས་པའི་ཡུལ་འདིར་གནའ་སྔ་མོ་ཉིད་བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ལྡོང་གི་རུས་རྒྱུད་དུ་གཏོགས་པའི་མི་རྒྱུད་དམ། རྒྱའི་ལོ་རྒྱུས་དེབ་ཐེར་རྣམས་སུ་ཞིས་ཆའང་ཞེས་པའི་མི་རྒྱུད་འཚོ་ཤིང་གནས། ཧ་ལམ་དུས་རབས་བཞི་བའམ་ལྔ་བ་ཙམ་ལ་ནུབ་ཕྱོགས་ཡུལ་གྲུ་རྒྱ་ཆེན་པོར་དབང་བསྒྱུར་མཛད་པའི་འ་ཞ་དང་རྨ་ཁུག་དང་པོར་གནས་པའི་ལྡོང་གི་མི་རྒྱུད་རྣམས་གནས་ཏེ་བསྡད།
\
     དུས་རབས་དགུ་བའི་སྐབས་སུ་བོད་བཙན་པོའི་རྒྱལ་རབས་སིལ་བུར་ཐོར་བར་བསྟུན་ནས་མདོ་སྨད་ཡུལ་གྱི་རུས་རྒྱུད་ཚོ་བ་ཁག་གི་མནའ་འབྲེལ་སྲིད་དབང་འཐོར་ཏེ་སིལ་བུར་གྱུར། རྒྱལ་ཕྲན་ཁག་གིས་སོ་སོའི་ཡུལ་ཁག་རྒྱལ་ཁག་བཅད་འཛིན་བྱས་ཏེ་ལོ་སུམ་བརྒྱ་ཙམ་འདས་པ་ན་བཙན་པོ་སྤུར་རྒྱལ་གྱི་གདུང་རྒྱུད་རྣལ་མ་ལས་མཆེད་པའི་རྒྱལ་སྲས་རྒྱལ་རབས་སམ་ཙོང་ཁའི་རྒྱལ་རབས་ཀྱི་སྟོབས་རྒྱས་ཏེ་མདོ་སྨད་ཀྱི་ཐང་དང་། གྲོ་ཚང་། ཀ་ཅུ་སོགས་སུ་མཁར་བརྩིགས། རྨ་ཁུག་གི་ཡུལ་ཚོ་ཀུན་ཀྱང་ཙོང་ཁའི་རྒྱལ་རབས་ཀྱི་མངའ་འོག་ཏུ་བཅུག ས་སྐྱ་བའི་བོད་ཁྲི་སྐོར་བཅུ་གསུམ་ལ་དབང་བསྒྱུར་སྐབས་ཀ་ཅུ་དང་། ལིན་ཐན། རི་རྒོད་ཐང་སོགས་བོད་ཀྱི་ས་ཆ་རྣམས་ཐུ་བྷོད་ཞོན་ལྦུའི་ཧྲི་སི་ཏུའུ་ཡོན་ཧྲའོ་ཧྥུའི་ཁོངས་སུ་གཏོགས། དུས་དེར་མི་རབས་ནས་མི་རབས་སུ་རྨ་ཁུག་ནས་འཚོ་ཞིང་གནས་པའི་ལྡོང་ཚན་དབལ་ཤུལ་ཚོ་བ་དང་། མཛོད་དགེ་དང་ཅོ་ནེ་གནས་པའི་དགའི་གདུང་རྒྱུད། གཞན་ཡང་གཙང་བ་གནམ་ལྷ་འབུམ་གྱི་གདུང་རྒྱུད་རྣམས་མཉམ་འབྲེལ་བྱས་སྟེ་བོད་ཚོ་ཆེན་སོ་སོར་དཔུང་སྟོབས་བསྐྱེད། དབལ་ཤུལ་ཚོ་བས་རྨ་ཁུག་དང་མཛོད་དགེ་བཅས་སུ་གནས་པའི་ཚོ་བ་ཁག་གཅིག་གྱུར་བགྱིས་ཤིང་དོ་དམ་དང་བདག་གཉེར་བྱས།
     རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ལོ་སྟེ་སྤྱི་ལོ་༡༧༢༣པར་མཚོ་སྔོན་གྱི་སོག་པོའི་ཆིང་ལྦང་བློ་བཟང་བསྟན་འཛིན་གྱི་ཆིང་གོང་མར་ངོ་ལོག་པའི་ཟིང་འཁྲུག་ཞི་འཇགས་སུ་སོང་མུས། ཆིང་གོང་མར་གཞུང་གིས་རྨ་ཆུ་ནི་ཟི་ལིང་ཨམ་པན་བློན་ཆེན་གྱི་མངའ་འོག་ཏུ་གཏོགས་པར་བྱས། མདོ་སྨད་ཀྱི་སྐྱབས་བདག་ཆེན་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་དཔལ་བཟང་པོས་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་བཏབ་མུས། གང་གི་ལུགས་གཉིས་ཀྱི་འཕྲིན་ལས་དགུང་དང་མཉམ་པར་འཕེལ་བས། སྙན་པའི་གྲགས་པ་མདོ་དབུས་ཁམས་གསུམ་དུ་ལྡིར། རྨ་ཁུག་ཏུ་གནས་པའི་དངུལ་རྭ་དང་། རྨུ་ར། ཉིན་མ་སོགས་ཚོ་བ་ཆེ་ཁག་རྣམས་ཀྱིས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཞབས་ལ་སྐྱབས་བཅོལ་ཞིང་གང་གི་ལྷ་སྡེར་གྱུར། རབ་བྱུང་བཅོ་ལྔ་པའི་ས་ཁྱི་སྟེ་སྤྱི་ལོ༡༨༩༨ནས་བཟུང་རྨ་ཁུག་ལྷོ་བྱང་དུ་གནས་པའི་ཚོ་བ་ཡོད་དོ་ཅོག་སྐྱབས་མགོན་མཆོག་གི་ལྷ་སྡེར་གྱུར།
\
    དེང་སང་རྨ་ཆུ་རྫོང་ཁོངས་སུ་ཆུ་ཁ་མ་དང་། མཚེ་རུ་མ། སྨད་མ། དབལ་བན་ཚང་། རྨུ་ར། ཞི་ཆུང་། དངུལ་རྭ། ཉིན་མ། དམེ་སྐོར་བཅས་ཚོ་ཆེན་དགུ་མཆིས་སོ།།    
 

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།