中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > རང་སའི་རིག་གནས། >
༄༅།། ཅོ་ནེ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ།
དུས་ཚོད།2015-11-18 09:43:19     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
                                                      རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་བཀྲ་ཤིས་ཚེ་རིང་།
     ཅོ་ནེ་རྫོང་ནི་མདོ་སྨད་བྱང་ཤར་གྱི་ཆ་ཤས་ཀན་ལྷོ་གཡང་ལྡན་ཕྱུག་མོའི་ཤར་རྒྱུད་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཀླུ་ཆུ་དང་འབྲུག་ཆུ་གཉིས་ཀྱི་སྟོད་རྒྱུད་དུ་གནས་པ་དང་། ཤར་ཕྱོགས་མེན་ཇུའི་ས་མཚམས་བར་ལེ་དབར་དྲུག་ཅུ་ལྷག་ཡོད་ལ། ལྷོ་ཕྱོགས་སུ་གོས་གྲོང་དང་། བན་ལུང་ཡོད། ཤར་དུ་ལིན་ཐན་དང་མེན་ཅིའམ་རི་རྒོད་ཐང་། འབྲུག་ཆུ་གསུམ་དང་། ལྷོར་སི་ཁྲོན་གཟི་ཚ་སྡེ་དགུ་དང་། མཛོད་དགེ། ནུབ་ཏུ་ཀླུ་ཆུ་དང་བསང་ཆུ།  བྱང་དུ་ཆུ་མ་མཁར་དང་བཅས་པའི་རྫོང་ཁག་རྣམས་དང་ཡུལ་མཚམས་འདྲེས་ཤིང་མི་གྲངས་བསྡོམས་པས་བརྒྱད་ཁྲི་བརྒྱད་སྟོང་ལྷག་མཆིས་པ་ལས་བོད་རིགས་ཀྱིས་མི་གྲངས་བསྡོམས་པའི་བརྒྱ་ཆ་དྲུག་ཅུ་ལྷག་ཟིན་ཡོད།
\
     དེ་ཡང་ཅོ་ནེ་ཞེས་པའི་ཡུལ་མིང་ནི། སྔོན་འགྲོ་མགོན་འཕགས་པ་ཧོར་སེ་ཆེན་རྒྱལ་པོས་གདན་དྲངས་ཏེ་མདོ་སྨད་དུ་ཕེབས་སྐབས་ལམ་བར་ཅོ་ནེའི་ས་ཐོག་ཏུ་ཕེབས་པ་དང་། ཅོ་ནེ་ཏིང་འཛིན་དར་རྒྱས་གླིང་ཡོད་སའི་ས་ཆ་དེར་སླེབས་དུས་འཕགས་པས་གནས་འདི་ཉིད་ས་བཀྲ་ལེགས་ཤིང་དགོན་པ་བཏབ་ན་བསྟན་པ་ཕན་པར་འདུག་གསུངས། ཉིད་ཀྱི་ཞལ་སློབ་ས་སྐྱའི་དགེ་བཤེས་ཤིག་ལ་གནས་གཞི་འདངས་སུ་བཅུག་ཅིང་། རྟེན་བཞེངས་སོགས་ཀྱི་ཞལ་བཀོད་དང་དགོས་ཆོས་རྣམས་བསྩལ། གནས་དེར་ཅོ་ཤིང་ཡ་མཚན་ཅན་ཞིག་ཡོད་པ་གཟིགས་པས་དགོན་པའི་མིང་ལ་ཅོ་ནེ་དགོན་ཞེས་ཐོགས་གསུངས་ཞེས་མདོ་སྨད་ཆོས་འབྱུང་དང་ཅོ་ནེ་བསྟན་འགྱུར་དཀར་ཆགས་སོགས་སུ་གསུངས་པ་དེར་ཀུན་གྱིས་མགྲིན་གཅིག་དབྱངས་གཅིག་གིས་ཁས་ལེན་ནོ།། དེ་ཡང་ཅོ་ནེ་དཔོན་པོའི་མི་རྒྱུད་བྱུང་ཚུལ་སྐོར་ལ། སྐྱབས་བདག་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་མཛད་པའི་ཅོ་ནེ་བསྟན་འགྱུར་དཀར་ཆག་དང་། བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་མདོ་སྨད་ཆོས་འབྱུང་དུ། དེ་ཡང་སྔོན་གཉའ་ཁྲི་བཙན་པོའི་རྒྱལ་རྒྱུད་ཅིག་ལ་སྲས་མེད་པར་ལྷ་ལ་གསོལ་བ་བཏབ་པས། ནམ་མཁའ་ནས་རང་བྱུང་གི་སྒྲ་དང་བཅས་བུ་ཞིག་མདུན་དུ་བྱུང་བར་ཡིད་རབ་ཏུ་དགའ་བས་རུས་མིང་དགའ་རུ་བཏགས། དགའ་ལ་སྲས་བཞི་ཡོད་པ་ལས་ཆེ་བ་སྟག་རིས་ཅན། དེའི་རྒྱུད་པ་དགའ་ཡེ་ཤེས་མངའ་བདག་ཁྲི་རལ་གྱི་བློན་པོ། དཔྱ་ཁྲལ་སྡུད་པའི་ཕྱིར་མདོ་སྨད་དུ་མངགས་པ་མཛོད་དགེ་གླིང་དངོས་སུ་གཞིས་ཆགས། དེ་ལ་བུ་ལྔ་བྱུང་བའི་ཆེ་བའི་རྒྱུད་པ་སྤྱུང་ཐཱི་དང་དངོ་ཐཱི་གཉིས་ཀྱང་ཕྱོགས་འདིར་བྱོན།ཞེས་གསུངས། འདི་གཉིས་ཀྱིས་ཕ་ཡུལ་འཕན་པོ་ནས་གཉེན་ཉེ་ཚོ་ཁག་མང་ཙམ་ཁྲིད་དེ་འདིར་ཕེབས་པ་རྣམས་ཅོ་ནེ་མི་རྒྱུད་ཀྱི་ཐོག་མར་གྱུར།
\
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།