རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་བཀྲ་ཤིས་ཚེ་རིང་།
ཡུལ་ཁོངས་སུ་འབྲུག་དཀར་ཆུ་བོ་ཞེས་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་དལ་ལ་རིང་བ་འབབ་པའི་ཕྱིར་ན་ཡུལ་གྱི་མིང་ལ་འབྲུག་ཆུ་ཞེས་བཏགས་པའི་ཡུལ་མཆོག་དེ་ད་ལྟ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་ཕྱོགས་སུ་གནས་ཤིང་བྱང་ཤར་དུ་ལྦུན་རྫོང་དང་ཐེ་རྒྱུད་དམ་ལྡོང་ཁྲོམ་རྫོང་། ཤར་ལྷོར་ཀེ་ཡུལ་མཁར། ལྷོ་ནུབ་ཏུ་ཐེ་བོ་དང་སི་ཁྲོན་གྱི་གཟི་ཚ་སྡེ་དགུ་རྫོང་བཅས་དང་ས་མཚམས་འདྲེས།
དེ་རུ་རྒྱ་བོད་མི་རིགས་མཉམ་གནས་ཡིན་ཞིང་། བོད་སྡེ་རྣམས་གཙོ་བོར་འབྲུག་དཀར་གཙང་པོའི་ངོགས་གཉིས་ཀྱི་ཆུ་བར་དང་། སྦྲ་རྫོང་། མདའ་ཡུལ། དོན་དངོས་ན་ཆབ་མདོ་དང་སྡེ་ཆེན་སྦམ་རྩེ་རགས་ནས་མཆེད་པ་ཡིན་ཞིང་། རང་གི་ཕ་ཡུལ་མི་བརྗེད་པའི་ཕྱིར་ཡུལ་གསལ་བ་དེ་ལ་དབུས་གཙང་ནས་ཡོང་སའི་སྤོ་ཡུལ་ཞེས་མིང་བཏགས། གཞན་ཡང་ཚ་སྒང་ཞེས་བའི་ཤང་ཁག་གི་མིང་ཡང་མདོ་ཁམས་སྒང་དྲུག་ནང་གསེས་ཚ་བ་སྒང་གི་བསྡུས་མིང་ཡིན། ཧོར་གྱིས་མ་ཧཱ་ཙི་ན་དང་བཅས་བའི་ཡུལ་ཁྱོན་ལ་མངའ་དབང་བསྒྱུར་སྐབས། དམག་དཔོན་ཆེན་པོ་ཐེ་མུར་གྱིས་ཡུལ་ཕྱོགས་འདི་བདག་དབང་མཛད་ཅིང་། ཕྱིས་ས་སྐྱའི་མངའ་འོག་ཏུ་གཏོགས།
རབ་བྱུང་དྲུག་པའི་མེ་ལོ་ལུག་སྟེ་སྤྱི་ལོ1367པར་ཕྱིར་སྐོར་མཁར་བརྩིགས། མིང་རྒྱ་རབས་ཀྱི་གོང་མ་ཧུང་ཝུའུ་ཁྲི་ལོར་བཞི་བ་རྨིན་ཇུ་ཝེའུ་དམག་དམངས་བཀོད་འདོམས་སི་ཡི་ཁོངས་སུ་གཏོགས། ཆིང་གི་རྒྱལ་རབས་དང་ཀྲུང་ཧྭ་མིང་གོ་མི་སེར་རྒྱལ་ཁབ་ཀྱི་རིང་ལ་ཕྱི་སྐོར་རྫོང་ཟེར་ཞིང་ཝུའུ་ཏུའུ་ཡི་ཁོངས་སུ་གཏོགས། རབ་བྱུང་བཅུ་དྲུག་པའི་ཤིང་རྟ་སྟེ་སྤྱི་ལོ1951པའི་ཟླ་བ་བཞི་པར་འབྲུག་ཆུ་རྫོང་ཞེས་མིང་བསྒྱུར་ཅིང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀྱི་མངའ་ཁོངས་སུ་བཞག།
|