རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་བཀྲ་ཤིས་ཚེ་རིང་།
ནོར་འཛིན་ས་ཡི་ཐིག་ལེ་དགེ་བཅུ་མ་ཚང་མེད་པའི་ཡུལ་མཆོག་མདོ་སྨད་བྱང་ཤར་གྱི་ཐེ་བོ་རྫོང་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཤར་ཕྱོགས་སུ་གནས་ཤིང་། ཤར་དུ་འབྲུག་ཆུ་དང་ཐེ་རྒྱུད། བྱང་དུ་ཅོ་ནེ་དང་རི་རྒོད་ཐང་། ལྷོ་ནུབ་ཏུ་སི་ཁྲོན་མཛོད་དགེ་དང་གཟི་ཚ་སྡེ་དགུ་རྫོང་སོགས་དང་ས་མཚམས་འདྲེས་ཤིང་བསྡོམས་པས་མི་གྲངས་སུམ་ཁྲི་ལྔ་སྟོང་ལྷག་ཙམ་མཆིས་པ་ལས། བོད་རིགས་ཀྱིས་མི་གྲངས་ཡོངས་ཀྱི་བརྒྱ་ཆ་གོ་གཉིས་ཟིན་ཡོད།

དེང་སང་ཐེམ་ཀ་དང་། གཡུ་བ། འ་ཞ། གཡུ་སྒང་། བྱ་འབབ་སོགས་ཤང་ཁག་བཅུ་གཉིས་ཡོད། ཡུལ་འདི་གཙང་ཆབ་ཡན་ལག་བརྒྱད་ལྡན་འབྲུག་དཀར་གཙང་པོའི་སྟོད་རྒྱུད་དང་། བརྗིད་ཆགས་ས་འཛིན་ཆེན་པོ་ཆིན་ལིང་རི་རྒྱུད་དུ་གཏོགས་པའི་རི་བོ་རྨིན་ཧྲན་ཁུལ་དུ་གནས་ཤིང་། ཡུལ་གྱི་ཆགས་བབ་ཀྱང་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ་བ་དང་། འབྲུག་དཀར་གཙང་པོའི་ཡུལ་ཁོངས་བརྒྱུད་དེ་འབབ། རི་བོ་རྨིན་ཧྲན་དང་ཐེ་རི་གཉིས་ནི་འབྲུག་ཆུའི་འགྲམ་ངོགས་གཉིས་སུ་དཔའ་བོ་གཉིས་ཀྱིས་དཔུང་བ་གཤིབ་པའི་ཚུལ་གྱིས་ཀྲོང་ངེར་འགྱིངས། རི་བོ་མཐོ་ཤོས་ཀྱི་མཚོ་ངོས་འཕགས་ཚད་སྨི་བཞི་སྟོང་དགུ་བརྒྱ་ཉི་ཤུར་སོན་པ། ཡུལ་གྲུ་ཕལ་མོ་ཆེར་རི་མཐོན་པོ་དང་། ལྷན་སྐྱེས་ནགས་ཚལ་སྟུག་པོ། གཡང་གཟར་བོའི་གཙང་རོང་ཟབ་མོ་ལས་གྲུབ་པ་ཡིན། ལོ་རྒྱུས་སྨྲ་བ་རིན་རྨེ་ཨོ་ཡིས་བརྩམས་པའི་ཐེ་བོ་སྤྱི་བཤད་ཅེས་བྱ་བར། ཐེ་བོ་ནི་གནའ་བོའི་ཆཱང་རོང་གི་གཡུལ་ཡིན། ཞེས་གསུངས་ཤིང་། ཆཱང་ནི་བོད་ཀྱི་རུས་ཆེན་ལས་ཆེད་པ་ཡིན་ཕྱིར་ཆཱང་དང་བོད་ཀྱི་གདུང་ཁུངས་གཅིག་ཡིན་པ་གོང་དུ་བཤད་ཟིན། ཡང་ཡོན་ཧོའོ་ལོ་རྒྱུས་ཞེས་བྱ་བར། གནའ་བོའི་ཐེ་ཀྲོའུ་ཡི་རྒྱ་ཁྱོན་ལ་ཤར་ནུབ་ཏུ་སྤྱི་ལེ་ཉིས་བརྒྱ་དྲུག་ཅུ་རེ་ལྔ་དང་། ལྷོ་བྱང་དུ་སྤྱི་ལེ་བརྒྱ་དང་ཉེར་དགུ་མཆིས། ཞེས་གསུངས་ཡོད། སུའེ་རྒྱལ་རབས་ཀྱི་དུས་མགོར་ཐེ་བོའི་མཁར་གཏོར་ཏེ་རྫོང་བཙུགས་ཤིང་ལིན་ཐན་གྱི་ཁོངས་གཏོགས་སུ་སྦྱར། སྤྱི་ལོ་༦༢༢ལོར་འ་ཞས་ཐེ་ཀྲོའུ་བཟུང་། ཐང་རྒྱལ་རབས་ཀྱི་གོང་མ་ཀའོ་ཙུང་གི་ཁྲི་ལོ་གཉིས་པ་སྟེ་སྤྱི་ལོ་༦༧༥ལོར་བོད་ཀྱིས་བཟུང་། སྐབས་དེར་ཐེ་བོའི་མངའ་ཁུངས་སུ་དེང་སང་ཐེ་བོ་རྫོང་ཡོངས་དང་སི་ཁྲོན་མཛོད་དགེ་དང་གཟི་ཚ་སྡེ་དགུ་རྫོང་གི་ཡུལ་ཁག་ཁ་ཤས་བཅས་གཏོགས། ཡོངས་གྲགས་ལྟར་ན་ཁྲི་གཙུག་ལྡེ་བཙན་གྱི་སྐུ་རིང་ལ་བོད་དམག་གི་ཁྲོད་དུ་དེ་ཕུད་ཞེས་བྱ་བའི་གྱད་མི་ཞིག་མཆིས། ཉིན་ཞིག་དམག་དཔུང་གཤར་སྦྱང་བྱེད་སྐབས་གཡག་ཆེན་པོ་གཉིས་མཆན་ཁུངས་གཡས་གཡོན་དུ་ཁུར་ཏེ་སོང་བ་ན། དེ་ཕུད་གཡག་ཁུར་ཞེས་མཚན་གསོལ། བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་དགེ་བའི་བཤེས་གཉེན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་གསུང་རྒྱུན་ལྟར་ན།ཐེ་བོ་བོད་རིགས་ཀྱི་གདུང་ཁུངས་ནི་ཆཱང་རོང་གི་རུས་རྒྱུད་ལས་མཆེད་པའི་ས་དེ་གའི་གདོད་མའི་མི་རྒྱུད་ཉུང་ཤས་མ་གཏོགས། གཞན་རྣམས་བཙན་པོ་མེས་དབོན་རྣམས་ཀྱི་སྐུ་རིང་དུ་བོད་ལྗོངས་དྭགས་པོ་ནས་མངགས་པའི་བོད་དམག་གི་རྒྱུད་པ་ཡིན་ལ། དེ་དག་གི་རུས་རྒྱུད་ནི་བོད་ཀྱི་རུས་ཆེན་བཞི་ལས་དབྲའི་བྱེ་བྲག་ཅིག་ཡིན་ཞེས་གསུངས་ཡོད། ཡང་དཔྱད་ཞིབ་བྱས་ན་ཐེ་བོ་ཞེས་པའང་དེ་བུད་ཞེས་སྒྲ་ཟུར་ཆགས་པར་དབལ་མིང་པཎྜིཏས་མཛད་པའི་གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར་དང་། དེང་རབས་ཀྱི་མཁས་པ་ཆེན་པོ་དམུ་དགེ་བསམ་གཏན་རྒྱ་མཚོས་མཛད་པའི་ངོ་སྤྲོད་ཕྲན་བུ་རྣམས་སུ་གསུངས་སོ།།

བཙན་པོའི་རྒྱལ་རབས་སིལ་བར་འཐོར་བའི་བར་དུ་ཐེ་བོའི་ཡུལ་ཁོངས་ཀྱི་བོད་ཀྱི་ཚོ་བ་ཤོག་པའི་སྟོབས་ཤུགས་ཤིན་ཏུ་ཆེ། ཡང་ཅིན་རྒྱལ་རབས་ཀྱི་ལོ་རྒྱུས་ལས་བན་ཡན་ཀང་གི་ལོ་རྒྱུས་བཤད་པའི་ལེའུ་ནང་དུ། ལུའོ་ལི་རུས་དཔོན་རི་ལིན་ཆེན་གྱིས་ཐེ་བོ་བཟུང་ཞིང་། དེར་རུས་ཚོ་བཞི་བཅུ་ཞེ་གསུམ་དང་། མཁར་རྫོང་བཅུ་བཞི། དུད་ཁྱིམ་ཁྲི་ཕྲག་སུམ་ཅུ་མངའ། ཞེས་བཀོད་ཡོད། སྐྱིད་དྲན་དང་ཀློག་གྱུར་སོགས་ཀྱིས་གཙོས་པའི་ལོའུ་ལི་རུས་རྒྱུད་དང་། སྟག་ར་སྟོད་སྨད། འ་ཞ་སོགས་ཚོ་ཁག་ཁ་ཤས་ནི་ཐེ་བོའི་ཚོ་བ་གཙོ་ཤས་དང་ཆེ་ཤོས་ཡིན། ནན་སུང་རྒྱལ་རབས་སུ་ཐེ་བོ་ནི་སྤུ་རྒྱལ་གྱི་གདུང་རྒྱུད་ཙོང་ཁའི་རྒྱལ་རྒྱུད་ཀྱི་མངའ་ཁོངས་སུ་གཏོགས། །
|