中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > དེང་རབས་སློབ་གསོ། >
༄༅།། ཁྱིམ་ཚང་སློབ་གསོའི་ཐར་ལམ།
དུས་ཚོད།2017-06-16 09:26:15     རྩོམ་གྱི་ཡོང་ཁུངས། 2000ལོའི《དར་ལྕེ》དེབ་དང་པོ། རྩོམ་པ་པོ། ལྡོང་ཡོན་ཏན་རྒྱ་མཚོ།     ཆུང་། | འབྲིང་། | ཆེ།
    ཁྱིམ་ཚང་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོའི་རྨང་གཞིའམ་གྲུབ་ཆ་གཙོ་བོ་དང་།   མིའི་རིགས་ཀྱི་ཡུན་རིང་སློབ་གསོའི་གནས་གཞི་ཡིན་ཏེ།   ཁྱིམ་ཚང་གི་ཕ་མའི་རྒྱུན་རིང་འཚོ་བའི་ཉམས་མྱོང་སྟེང་ནས་བུ་དང་བུ་མོར་སློབ་གསོའི་ཐབས་ལམ་སྣ་ཚོགས་སྤྱད་དེ་ལུས་སེམས་སྐྱོན་གྱིས་མ་གོས་པར་སློབ་གྲྭའི་སློབ་གསོ་ནས་སྤྱི་ཚོགས་སློབ་གསོའི་བར་གྱི་བགྲོད་ལམ་ཐམས་ཅད་ལེགས་འགྲུབ་ཡོང་བར་བྱེད་ཐུབ།
    ཁྱིམ་ཚང་སློབ་གསོའི་ཁྲོད་བྱུང་བའི་ནོར་འཁྲུལ་སྣ་ཚོགས།
    ད་ལྟ་བོད་ཀྱི་ཁྱིམ་ཚང་སློབ་གསོའི་ཁྲོད་ནོར་འཁྲུལ་སྣ་ཚོགས་པ་ཞིག་བྱུང་དང་འབྱུང་མུས་སུ་ཡོད་དེ།   གྲོང་ཁྱེར་ན་གནས་པའི་བོད་རིགས་ཁྱིམ་ཚང་གི་ཕ་མ་མང་པོས་ཕུགས་ལམ་རིང་མོའི་དགེ་སྐྱོན་ལ་མནོ་བསམ་མི་གཏོང་བར།   དང་པོ་ནས་བྱིས་པ་རྣམསལ་ལ་རྒྱའི་སྐད་ཡིག་ཁོ་ན་བསླབས་ཏེ་མི་རིགས་ཀྱི་འདུ་ཤེས་དང་ཡུལ་སྲོལ་གོམས་གཤིས་མེད་དུ་འཇུག་པ་ནི་ཁྱིམ་ཚང་སློབ་གསོའི་རྩ་བའི་ཞན་ཆ་ཡིན་ཞིང་བོད་རིགས་ཕམ་བརླག་ཏུ་འགྲོ་བའི་སྦྱོར་བའང་འདི་ལས་མེད་དེ།  སི་ཏ་ལེན་གྱིས“མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན།   དེའི་སྐད་ཡིག་བཀོལ་སྤྱོད་དང་གོང་འཕེལ་གཏོང་དགོས།  གལ་ཏེ་དེ་ལས་ལྡོག་ནས་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན།  སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོས་ན་མི་རིགས་དེ་རང་ཤུགས་ཀྱིས་མེད་པར་འགྱུར་འགྲོ”ཞེས་གསུངས་པས་སོ།།   དེས་ན་གྲོང་ཁྱེར་དུ་གནས་པའི་བོད་རིགས་ཕ་མ་རྣམས་ཀྱིས་རང་གི་བུ་ཕྲུག་ལ་བོད་རང་ཉིད་ཀྱི་སྐད་ཡིག་བསླབས་ཏེ་མི་རིགས་ཀྱི་གོམས་གཤིས་དང་འདུ་ཤེས་ཆགས་སུ་འཇུག་དགོས་པ་དང་།   གཙོ་བོ་མི་རིགས་རང་ཉིད་ཀྱི་གཞུང་ལུགས་སྦྱང་བརྩོན་དང་རྒྱུན་འཛིན་གྱི་སྒོ་ནས་རྒྱལ་ཁབ་ལ་བྱས་རྗེས།   མི་རིགས་སྔོན་ཐོན་ཅན་དུ་བསྒྱུར་བ་སོགས་ལ་བརྩོན་ལེན་བྱེད་དགོས་པའི་བསླབ་སྟོན་དང་སྐུལ་མ་གནང་རྒྱུ་ནི་གྲོང་ཁྱེར་ཁྱིམ་ཚང་སློབ་གསོའི་ཐབས་ལམ་གཙོ་ཤོས་རེད།
    ཡང་དག་པའི་སློབ་གསོའི་མདུན་ལམ་འཚོལ་བ།
    ཞིང་འབྲོག་མང་ཚོགས་ཀྱི་རྒན་བགྲེས་མང་ཆེ་བ་ཡིག་རྨོངས་པ་ཡིན་ཞིང་།   བསམ་བློར་བསྒྱུར་བཅོས་དེ་ཙམ་མ་ཐོབ་པས་བུ་ཕྲུག་སློབ་གྲྭར་མི་སྐྱེལ་བར་ཆུང་དུས་ནས་ཕྱུགས་རྫི་དང་ཞིང་ལས་སོགས་བསླབ་ཏེ་གུ་དོག་པའི་རྐང་ལམ་ཕྲ་མོ་ཞིག་འདེད་དུ་བཅུག་པ་དང་།   བྱིས་པ་མང་པོ་ཞིག་བསམ་མ་ཤེས་གོང་ནས་གྲྭ་བ་བྱས་ཏེ་སྤྱི་ཚོགས་སློབ་གསོ་དང་།   ཚན་རིག་སློབ་གསོ་སོགས་མྱོང་མ་ཐུབ་པ་ཡང་མི་རིགས་རྗེས་ལུས་ཀྱི་གཞི་རྩ་ལ་འབྲེལ་བ་དམ་ཟབ་ཡོད་པས་བྱིས་པ་རྣམས་ལ་ཐོག་མ་ནས་ཁ་ཕྱོགས་མ་ནོར་བའི་མདུན་ལམ་འཚོལ་བ་དང་སློབ་གསོའི་བརྒྱུད་རིམ་ཆ་ཚང་འཐོབ་ཐབས་ལ་འབད་ན་བོད་མི་རིགས་ཀྱི་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་དང་།   རྗེས་ལུས་ཀྱི་ལྷམ་ཧྲིལ་དོར་ཏེ་སྔོན་ཐོན་མི་རིགས་དག་གི་གྲལ་དུ་བགྲོད་པར་དཀའ་ལས་ཆེར་མེད་སྙམ།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།