中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རིག་གནས་སློབ་གསོ། > དེང་རབས་སློབ་གསོ། >
༄༅།། སློབ་གསོའི་ཐབས་ལམ།
དུས་ཚོད།2016-07-29 15:16:27     རྩོམ་གྱི་ཡོང་ཁུངས། མཆོད་མེ་བོད་ཀྱི་དྲ་བ།    ཆུང་། | འབྲིང་། | ཆེ།
གནའ་དེང་ཟུང་འབྲེལ།
     འགྲོ་བ་མི་རྣམས་ཀྱིས་སློབ་གསོར་མཐོང་ཆེན་བྱེད་པ་ནི། མཐར་གཏུགས་ན་རང་ཉིད་ཕྱུགས་ལས་བྱེ་བྲག་འབྱེད་ཆེད་ཅིག་ཡིན་ངེས། འགྲོ་བ་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་ཁྱད་པར་མེད་ཀྱང་དུད་འགྲོའི་སྤྱི་ཚོགས་ནང་བསམ་བློའི་རྙོག་འཛིང་མེད་པར་བརྟེན་ཁོ་ཚོར་ལུས་ཚོར་དང་འབྲེལ་བའི་བདེ་སྐྱིད་བྱུང་ཚེ་འདོད་པ་ཚིམ་ངེས་ཡིན། འོན་ཀྱང་འགྲོ་བ་མིའི་སྤྱི་ཚོགས་ནི་དེ་ལས་ཡོངས་སུ་ལྡོག་པ་ཞིག་སྟེ་ལུས་སེམས་ཀྱི་བདེ་སྡུག་གཉིས་ལས་བསམ་བློའི་བདེ་སྡུག་གི་རྙོག་འཛིང་ཧ་ཅང་ཤུགས་ཆེ་ཡོད། སྲོག་ཆགས་ཚང་མར་རང་ལ་སྲུང་སྐྱོབ་བྱེད་པའི་ཁྱད་ཆོས་འདྲ་མིན་སྣ་ཚོགས་ཡོད་ཅིང་། དུད་འགྲོའི་རིགས་ཕལ་ཆེ་བའི་ཁྱད་ཆོས་ནི་ལུས་པོའི་སྟེང་ནས་མངོན་པ་དང་། མིའི་རིགས་ཀྱི་ཁྱད་ཆོས་ནི་ནང་སེམས་ཀྱི་སྟེང་ནས་མངོན་པར་བྱེད།
     ཀླད་རྩ་དང་འབྲེལ་བའི་བསམ་བློའི་འགུལ་སྐྱོད་དེས་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཁ་ལོ་སྒྱུར་བཞིན་ཡོད་པར་བརྟེན་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནང་སློབ་གསོར་མཐོང་ཆེན་བྱེད་པའི་བརྒྱུད་རིམ་ཞིག་གྲུབ་ཡོད། མི་སྡེའི་སྤྱི་ཚོགས་ཀྱི་ལོ་རྒྱུས་རིང་མོའི་ནང་སློབ་གསོའི་ལམ་སྲོལ་ལ་དུས་རབས་ཀྱི་དབྱེ་མཚམས་འབྱེད་ཚུལ་ཐད་མཁས་པའི་བཞེད་པ་སྣ་ཚོགས་ཤིག་ཡོད་ངེས་ཀྱང་། སྟབས་བདེའི་སྡོམ་ཚིག་གི་ལམ་ནས་གོ་བདེའི་འབྲེལ་བརྗོད་བྱས་ན་སྲོལ་རྒྱུན་དང་དེང་རབས་གཉིས་སུ་དབྱེ་ཆོག  མི་རྣམས་སློབ་གསོར་དོན་གཉེར་བྱེད་པ་ནི་རང་གི་མངོན་འདོད་དང་འབྲེལ་བ་དམ་ཟབ་ཡོད་པ་བརྗོད་ག་ལ་དགོས། གནའ་བོའི་མི་རྣམས་ཀྱི་དོན་དུ་གཉེར་བྱ་གཙོ་བོ་ནི་ནང་སེམས་ཀྱི་བདེ་སྐྱིད་བསྒྲུབ་རྒྱུ་དེ་ཡིན་པས་སྲོལ་རྒྱུན་སློབ་གསོའི་གཞུང་ལུགས་ཕལ་ཆེ་བས་སེམས་ཀྱི་བདེ་སྐྱིད་སྒྲུབ་པའི་ཐབས་ལམ་སྣ་ཚོགས་ཤིག་བསྟན་ཡོད། ཉེ་བའི་དུས་རབས་འགའ་ཤས་ནང་ནུབ་གླིང་ནས་དར་ཁྱབ་ཕྱིན་པའི་དེང་རབས་ཤེས་ཡོན་སློབ་གསོ་ནི་ལུས་བདེ་དང་འབྲེལ་བ་ཞིག་སྟེ་ཕྱི་དངོས་པོའི་མཐུན་རྐྱེན་འཚོལ་སྒྲུབ་ཀྱི་ཕྱོགས་སུ་མདུན་སྐྱོད་བྱས་པས་དེང་རབས་སློབ་གསོའི་གཞུང་ལུགས་ནང་ལུས་བདེ་སྒྲུབ་པའི་ཐབས་ལམ་སྣ་ཚོགས་ཤིག་བསྟན་ཡོད། འགྲོ་བ་མི་རྣམས་ཀྱི་མངོན་འདོད་དུ་བཤད་ཆོག་པའི་བདེ་སྐྱིད་ནི་ལུས་པོ་བདེ་ཞིང་སེམས་པ་སྐྱིད་པོ་ཞིག་དགོས་པར་བརྟེན་མངོན་འདོད་འདི་ཉིད་འགྲུབ་པར་བྱེད་པའི་སློབ་གསོའི་ཐབས་ལམ་ནི་གནའ་དེང་ཟུང་འབྲེལ་ཞིག་དགོས་པ་ཡིན།
 
སློབ་དཔོན་གྱི་མཚན་ཉིད།
     སློབ་དཔོན་ནི་སློབ་གསོའི་ཁོར་ཡུག་ཁྲོད་གལ་ཆེའི་མི་སྣ་ཞིག་ཡིན། མི་རྣམས་ལ་བྱིས་དུས་ནས་རང་རང་སྐྱེས་སྟོབས་ཀྱི་ཤེས་རབ་མི་འདྲ་བས་ཤེས་བྱའི་གནས་ལ་འཇུག་པའི་དགའ་མོས་ལ་ཡང་ཁྱད་པར་ཆེན་པོ་ཡོད། དེས་ན་སློབ་དཔོན་གྱིས་སློབ་མའི་སྐྱེས་སྟོབས་ཀྱི་ཤེས་རབ་སྨིན་པར་བྱ་དགོས་པ་ཡིན། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལུགས་ནས་བཤད་ན། གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བས་སློབ་དཔོན་གྱིས་གདུལ་བྱའི་ཁམས་མོས་དང་འཚམས་པའི་ལམ་སྟོན་དགོས་པར་གསུངས་པ་ཡིན། འཛམ་གླིང་ཤར་ནུབ་ཀྱི་ཉེ་རབས་སློབ་གསོ་སྨྲ་བ་མང་བོས། སློབ་མ་ནི་འཇིམ་པ་ཞིག་མ་ཡིན་ཞིང། སློབ་དཔོན་ནི་རྫ་མཁན་ཞིག་དེ་བས་ག་ལ་ཡིན། སློབ་དཔོན་གྱི་སྡིངས་ཆ་འདི་ནི་ལྟ་གྲུབ་བམ་བསམ་བློའི་ཚོང་ར་ཞིག་མིན། ཞེས་གསུངས་ཡོད། སློབ་དཔོན་གྱི་ལས་འགན་ནི་སློབ་མ་རྣམས་རང་ཉིད་འདྲ་བ་ཞིག་གམ་རང་གི་འདོད་པ་སྒྲུབ་མཁན་ཞིག་བཟོ་རྒྱུ་མ་ཡིན་པར་ཁོ་ཚོའི་སྐྱེས་སྟོབས་ཀྱི་ཤེས་རབ་སྨིན་པར་བྱེད་རྒྱུ་དེ་ཡིན། སློབ་དཔོན་ལ་སློབ་མའི་རིགས་ཀྱི་ནུས་པའམ་སྐྱེས་སྟོབས་ཀྱི་ཤེས་རབ་སད་པར་བྱེད་ཐུབ་པའི་ཁྱད་ཆོས་ངེས་པར་དུ་ལྡན་དགོས།
     སློབ་དཔོན་གྱིས་ཐོག་མར་སློབ་ཕྲུག་ཚོའི་སེམས་མི་འགོང་བ་བྱ་དགོས་པ་ནི་གནད་ཀྱི་དོན་པོ་ཡིན། སེམས་ཞུམ་པ་མེད་པར་སྤྲོ་སྣང་ལྡན་པའི་ཐོག་ནས་རང་གིས་རང་ལ་ཡིད་ཆེས་ཀྱི་སྤོབས་པ་ཐོབ་དགོས། སློབ་མ་ཚོའི་སློབ་གཉེར་གྱི་སེམས་ཁམས་གསོན་ཉམས་ལྡན་པ་ཞིག་ཏུ་གྱུར་མཚམས་སློབ་མ་ཚོའི་རྒྱུད་ཀྱི་མི་ཤེས་རྨོངས་པའི་ཆ་གསལ་བར་བྱེད་པའི་སློབ་ཁྲིད་གནང་སྟེ་ལེགས་ཉེས་བླང་དོར་གྱི་གནད་ལ་འཇུག་ཐབས་ལ་འབད་དགོས་ཤིང་། དེ་ལྟ་བུའི་སློབ་མ་གསོ་སྐྱོང་དང་འབྲེལ་བའི་མི་མཐུན་ཕྱོགས་ཀྱི་ཆ་གང་ཡིན་པ་དེ་དག་ལེགས་པར་ངོས་བཟུང་བའི་ཐོག་ནས་བོར་དགོས་པ་ཡིན། འདི་ལྟ་བུ་ལམ་སྟོན་གྱི་བྱ་བར་མཁས་པའི་སློབ་དཔོན་ནི་དོན་དམ་པའི་སློབ་དཔོན་ཆེན་པོའི་མཚན་སྙན་གྱི་བསྟོད་པ་ཕུལ་ཆོག་པ་ཡིན།
 
སློབ་གསོའི་སྔོན་འགྲོ་བློ་ལྡོག་རྣམ་བཞི།
     སློབ་གཉེར་བ་ཞིག་གི་ངོས་ནས་བཤད་ན་རང་གི་དགྲ་ཆེ་ཤོས་དེ་ནི་ལེ་ལོ་རེད། ཤེས་རབ་རྣོ་ལ་མྱུར་བའི་གཞོན་ནུའི་ལང་ཚོ་ལེ་ལོའི་སད་ཀྱིས་བཅོམ་ཚེ་བསམ་བློའི་ནུས་རྩལ་ཕུན་སུམ་ཚོགས་པའི་མིའི་ལུས་རྟེན་བཟང་བོ་འདི་འདྲ་ཞིག་རྙེད་པ་དོན་མེད་དུ་གྱུར་པ་མ་ཡིན་ནམ། ལེ་ལོའི་རིགས་ལ་དབྱེ་བ་ཁ་ཤས་ཤིག་ཡོད་པ་ནི། སྒྱིད་ལུག་པའམ་བདག་ཉིད་ལ་བརྙས་པའི་ལེ་ལོ་དང་། གོ་སྐབས་ཕྱི་བཤོལ་གྱི་ལེ་ལོ། ད་དུང་བྱ་བ་ངན་པའི་རིགས་ལ་ཆགས་པའི་ལེ་ལོ་བཅས་ཡོད། སློབ་དཔོན་གྱིས་རྒྱུན་དུ་སློབ་མའི་སེམས་རྒྱུད་ལེ་ལོ་དེ་དག་གང་ཡང་རུང་བ་ཞིག་གི་དྲི་མས་སླད་ཡོད་མེད་ལ་བྱ་ར་ནན་པོ་བྱ་དགོས་པ་ཡིན། དེས་ན་སློབ་མའི་བསམ་བློ་ལེ་ལོ་དེ་དག་ལས་ཡང་དག་པར་ལྡོག་པའི་ཐབས་ལམ་བཞི་ངེས་པར་དུ་གསལ་སྟོན་བྱ་དགོས་པ་ཡིན།
     དང་བོ། འགྲོ་བ་མི་མང་དག་ཅིག་གིས་རང་ཉིད་ཀྱི་ལུས་རྟེན་འདི་ཉིད་རིན་པོ་ཆེ་དགོས་འདོད་ཀུན་འབྱུང་ཞིག་ཡིན་པ་ངོ་མ་ཤེས་པར་རང་གིས་རང་ལ་བརྙས་ཏེ་མི་ཚེ་དྲིན་ཆུང་དུ་གཏོང་གི་ཡོད། དེར་བརྟེན་སློབ་དཔོན་ཚོས་སློབ་མའི་སེམས་རྒྱུད་ལ་རང་གི་ལུས་བརྟེན་བཟང་བོ་འདིའི་ནུས་སྟོབས་དང་ཁྱད་ཆོས་ལ་སྤོབས་པ་ཐོབ་པ་བྱ་དགོས། འགྲོ་བ་ཐམས་ཅད་ཀྱི་ནང་ནས་རླབས་ཆེ་བའི་བྱ་གཞག་སྒྲུབ་ཐུབ་མཁན་ནི་མིའི་རིགས་ཡིན་ཞིང། མི་རྣམས་ཀྱིས་རྒྱ་མཚོ་ལས་ཟབ་ཅིང་། ནམ་མཁའ་ལྟར་ཡངས་པ། རི་བོ་ལས་མཐོ་བའི་ཕུགས་བསམ་བཅངས་ཏེ་འཇིག་རྟེན་འདིའི་འབྱུང་འགྱུར་འཛུགས་བསྐྲུན་བྱེད་ཅིང་། འགྲོ་བ་ཐམས་ཅད་ལ་བདེ་སྐྱིད་ཀྱི་སྤྲོ་སྣང་སྦྱིན་ཐུབ་པའི་ནུས་རྩལ་བླ་ན་མེད་པ་ཞིག་ཡོད། འདི་འདྲའི་རླབས་ཆེ་བའི་བྱ་གཞག་སྒྲུབ་ཐུབ་པའི་ནུས་པ་ནི་མིའི་ལུས་རྟེན་འདི་ཁོ་ནར་ཡོད་པས། ཁྱད་ཆོས་སྣ་མང་ཕུན་ཚོགས་འཛོམས་པའི་མིའི་ལུས་རྟེན་བཟང་བོ་འདི་ཉིད་ཀྱིས་སྒྲུབ་མ་ཐུབ་པའི་བྱ་བ་ནི་ཉིན་མོའི་སྐར་མ་དང་མཚན་མོའི་ཉི་མ་ཙམ་ལས་མེད། དེས་ན་ང་ཚོས་རང་གི་ལུས་རྟེན་བཟང་བོ་འདིར་ཡིད་ཆེས་བྱས་ཏེ་འགྲོ་བ་ཐམས་ཅད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་འབྱུང་འགྱུར་གྱི་དྲོ་སྐྱིད་ལྡན་པའི་འཇིག་རྟེན་འཛུགས་སྐྲུན་བྱ་དགོས།
     གཉིས་པ། མི་མང་དག་ཅིག་གིས་རང་གིས་རང་ལ་ཡིད་ཆེས་བྱས་ཏེ་བྱ་གཞག་ཆེན་པོ་བསྒྲུབ་འདོད་ཡོད་ཀྱང་། ཁོ་ཚོས་གོ་སྐབས་དམ་འཛིན་མ་བྱས་པར་ད་དུང་ཁོམ་པ་ཡོད་སྙམ་སྟེ་དེ་རིང་ནས་སང་ཉིན་དང་། སང་ཉིན་ནས་གནངས་ཉིན་ལ་དུས་འགྱང་བྱེད་ཀྱི་ཡོད། ཡིན་ནའང་དུས་ཚོད་ལ་སྙིང་རྗེ་ག་ལ་ཡོད། ཆུ་ཚོད་ཀྱི་ཚག་སྒྲ་རེ་རེ་ནི་རང་ཉིད་འཇིག་རྟེན་འདིའི་ཐོག་སྡོད་ཡུན་ཇེ་ཐུང་དུ་འགྲོ་ཡི་ཡོད་པའི་ཅོང་བརྡ་ཡིན། འཇིག་རྟེན་འདིའི་སྟེང་གི་སྐྱེ་བོ་མཆོག་དམན་སུ་འདྲ་ཞིག་ཡིན་ནའང་རང་ཉིད་འཇིག་རྟེན་འདི་དང་བྲལ་དགོས་པ་ཁས་ལེན་མི་བྱེད་ཐབས་མེད་རེད། སྐྱེ་བོ་སུ་ཞིག་སྐྱེས་པའི་ཉིན་དེ་ནས་འཆི་བ་ཐག་ཆོད་ཟིན་པ་རེད། འཆི་བ་ཐག་ཆོད་པ་བཞིན་ནམ་འཆི་ཡང་ཐག་ཆོད་ན་ད་གཟོད་གནད་དོན་མང་བོ་ཞིག་ཐག་གཅོད་བྱེད་སླ་ཡང་ཐབས་སྐྱོ་བ་ཞིག་ལ་མི་སུ་ཞིག་གིས་ཀྱང་ནམ་འཆི་ངེས་ཐུབ་ཀྱི་མེད། ད་ནི་ང་ཚོར་ཐབས་ཤེས་གཅིག་རང་ཡོད་པ་ནི་ངེས་གཏན་མེད་པའི་དུས་ཚོད་འདིའི་སྐར་ཆ་རེ་རེ་བཞིན་དམ་འཛིན་བྱས་ཏེ་འབད་བརྩོན་བྱ་རྒྱུ་དེ་རེད།
     གསུམ་པ། སྐྱེ་བོ་མང་བོ་ཞིག་རང་གི་ནུས་པ་ལ་བརྟེན་ནས་དུས་ཚོད་དམ་འཛིན་གྱིས་འབད་པ་བྱེད་ཁུལ་ཡང་དོན་དངོས་ཐོག་བྱ་བ་བཟང་ངན་དབྱེ་འབྱེད་མ་ཐུབ་པར་བྱ་བ་ངན་པའི་རིགས་ལ་ཞེན་ཅིང་ཆགས་ཏེ་དེའི་ཕྱོགས་སུ་འབད་པའི་གཡེངས་བས་དུས་ཚོད་མང་བོ་ཆུད་ཟོས་སུ་གཏོང་གི་ཡོད། སྐྱེ་བོ་གང་ཞིག་རང་གི་ཤེས་རབ་ཀྱི་ནུས་རྩལ་ལ་བརྟེན་ནས་བྱ་གཞག་བཟང་ངན་དང་། འཕྲལ་ཕུགས་ཀྱི་རྣམ་དབྱེ་མ་འབྱེད་པར། སྐབས་འཕྲལ་གྱི་བདེ་བས་སྨྱོས་ཏེ་མི་ཚེ་དོན་མེད་དུ་བྱས་ན། དེ་ནི་བསྐྱར་གསོ་བྱ་ཐབས་མེད་པའི་ཕམ་ཉེས་ཆེན་པོ་ཞིག་རེད། སྤྱིར་བྱ་བ་བཟང་ངན་ཞེས་པ་ནི་བྱ་བ་ཕན་ཚུན་ལྟོས་པའི་ཐོག་ནས་འཇོག་དགོས་ཤིང། དེ་ཡང་བྱ་བ་གང་ཞིག་གིས་རང་གི་མི་ཚེ་དང་མི་སྡེའི་སྤྱི་ཚོགས་སུ་སྡུག་བསྔལ་སྦྱིན་པ་དང་། ཡང་ན་འཕྲལ་དུ་བདེ་བ་ཡུན་ཙམ་བྱུང་ཡང་དེས་ཕུགས་སུ་སྡུག་བསྔལ་གྱི་རྒྱུ་ཆེན་པོ་ཞིག་ཏུ་འགྱུར་ངེས་པ་རྣམས་ནི་བྱ་བ་ངན་པའི་རིགས་སུ་ངོས་འཛིན་པ་དང་། བྱ་བ་གང་ཞིག་གིས་རང་གི་མི་ཚེ་དང་སྤྱི་ཚོགས་ལ་དྲོ་སྐྱིད་སྦྱིན་པ་དང་། གནས་སྐབས་སྡུག་བསྔལ་ཕྲན་ཚེགས་ཀྱི་རྒྱུར་འགྲོ་ཡང་ཕུགས་སུ་རང་གི་མི་ཚེ་དང་འཇིག་རྟེན་གྱི་བདེ་སྐྱིད་རླབས་པོ་ཆེ་འགྲུབ་པའི་རྒྱུར་འགྱུར་ངེས་པ་ནི་བྱ་བ་བཟང་བོའི་རིགས་སུ་ངོས་འཛིན་པ་ཡིན། བྱ་གཞག་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་མཐུ་ལ་བརྟེན་ནས་རང་རང་གི་མི་ཚེ་དོན་ཡོད་པ་བྱ་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཡིན།
     བཞི་བ། འཇིག་རྟེན་ནི་འགྲོ་བ་ཐམས་ཅད་ཀྱི་འཚོ་གནས་དང་འབྲེལ་བའི་ཁྱིམ་གཞིས་ཆེན་པོ་ཞིག་ཡིན། འགྲོ་བ་ཐམས་ཅད་ཁྱིམ་གཞིས་དེའི་ནང་འཐིམ་འགྲོ་ཡི་ཡོད། གནའ་རབས་ཀྱི་སློབ་གསོའི་གཞུང་ལུགས་མང་བོའི་ནང་འཇིག་རྟེན་འཁོར་བ་ནི་དུག་ཆུའི་རྒྱ་མཚོ་ཞིག་དང་འདྲ་བས་རང་ཉིད་དེ་ལས་ཐར་ཐབས་ལ་འབད་དགོས་པ་གསུངས་ཡོད། སྐྱེ་བོ་གང་ཞིག་འཁོར་བའི་ཞགས་པས་བཅིངས་པ་ལས་གྲོལ་བ་ཞེས་པའི་སྐད་ཆ་འདིར་ང་ཚོས་གནའ་བོའི་ཆོས་གཞུང་ནས་བཤད་པའི་གོ་བ་མ་བླངས་ན་ཆོག འོན་ཀྱང་འགྲོ་བ་ཐམས་ཅད་ཀྱི་འདུ་གནས་ཏེ་གཏིང་ཚད་མ་རྙེད་པའི་འཇིག་རྟེན་ཁམས་ཆེན་མོ་འདིའི་ནང་སྐྱེ་བོ་མང་དག་ཅིག་གོ་མེད་ཚོར་མེད་ཀྱི་ངང་ནས་འཐིམ་འགྲོ་ཡི་ཡོད་པ་ང་ཚོས་མཐོང་ཐུབ་ལ། ཡང་ཤེས་ཚོར་རྣོ་བའི་སྐྱེ་བོ་ཉུང་ཤས་ཤིག་འཇིག་རྟེན་འདི་ལས་འབུར་ཐོན་གྱིས་གོ་འཕང་མཐོ་བོར་བསྙེགས་ཐུབ་པ་བྱུང་ཡོད་པ་ཡང་ང་ཚོས་ཤེས་ཀྱི་ཡོད། དཔེར་ན། ང་ཚོའི་མི་ཚེ་དུས་རབས་གསར་བའི་ཕྱོགས་སུ་འཕོ་འགྱུར་འགྲོ་བཞིན་པའི་བརྒྱུད་རིམ་ཁྲོད། སྐྱེ་བོ་མང་བོ་ཞིག་འཕྲུལ་ཆས་ཀྱི་འུར་ཟིང་དང་ལྷན་དུ་རང་གི་མི་ཚེ་བོར་འགྲོ་ཡི་ཡོད། ཡོད་ཚད་དཔལ་འབྱོར་གྱིས་ཁ་ལོ་སྒྱུར་བཞིན་པའི་དུས་འདིར་མི་མང་བོས་དཔལ་འབྱོར་གྱི་བྲན་གཡོག་རྒྱུག་རྒྱུ་དེ་བློས་གཏོང་བྱེད་ཕོད་ཀྱི་མེད་ཀྱང་། དཔལ་འབྱོར་གྱི་ཆེད་དུ་རང་གི་ཡོད་ཚད་བློས་གཏོང་བྱེད་ཀྱི་ཡོད། ཁོང་ཚོས་དུས་རབས་ཀྱི་མདུན་དུ་བསྐྱོད་ཕྱིར་རང་གི་མི་གཤིས་ཡོངས་རྫོགས་བོར་བཅུག་གི་ཡོད། དུས་དེ་ནས་བཟུང་སྐྱེ་བོ་མང་དག་ཅིག་དེང་རབས་དཔེ་གསར་ཅན་གྱི་ཐོག་རྩེག་ཁང་ཆེན་ཁོག་མནན་པ་མ་ཟད། སྐྱེ་བོ་དེ་བས་མང་བས་རང་གི་ལུས་པོ་དེང་རབས་ཀྱི་ངོ་མཚར་ཆེ་བའི་འཕྲུལ་ཆས་སྣ་ཚོགས་ཀྱི་སྟེང་དུ་དམ་པོར་བཅིངས་ཡོད། དོན་དངོས་ཐོག་འདི་ནི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་ལྷུང་བ་ཞེས་པ་དེ་རང་རེད། འཇིག་རྟེན་ཟང་ཟིང་གི་ཁོར་ཡུག་འདི་འདྲའི་ཁྲོད་དུ་སྐྱེ་བོ་འགའ་ཤས་ནི་རང་གི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་བག་ཡང་དཀྱེལ་ཆེའི་བསམ་གཞིག་གིས་དེང་རབས་གསར་བའི་འཇིག་རྟེན་གྱི་དྲན་གཡོག་མཐའ་དག་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་པར་བྱས་ཏེ་མི་ཚེ་རང་དབང་ལ་ལོངས་སུ་སྤྱོད་ཐུབ་པ་ཡོང་གི་ཡོད། དེ་ནི་དོན་དངོས་སུ་འཇིག་རྟེན་གྱི་འཆིང་ཐག་ལས་གྲོལ་བའི་ཐར་བའི་གོ་འཕང་ཐོབ་པ་ཡིན།
 
མཐའ་མའི་སྡོམ་ཚིག
     སློབ་དཔོན་རྣམ་པས་སློབ་མ་རྣམས་ཕྱུགས་ལས་བྱེ་བྲག་འབྱེད་པའི་སློབ་གསོའི་ལམ་སྟོན་ཚད་ལྡན་ཞིག་ཐོབ་ཐབས་ལ་འབད་པ་ལས། ཁོང་ཚོ་ལག་རྩལ་ཅན་གྱི་བྲན་གཡོག་ཅིག་བཟོ་ཐབས་བྱེད་མི་ཉན། གནའ་བོའི་སྤྱི་ཚོགས་ནང་གྲལ་རིམ་གྱི་དབྱེ་བ་ཡོད་ཅིང་། མི་དྲག་འབྱོར་ལྡན་དབང་ཤེས་ཅན་ཚོར་རང་གི་གཞིས་ཀ་དང་མི་སེར་ཡོད། མི་དྲག་དེ་ཚོའི་ཁྱབ་ཁོངས་ཀྱི་མི་སེར་ནི་སྐྱེས་པ་ནས་མ་ཤི་བར་ཁོང་ཚོའི་བྲན་གཡོག་རེད། བཟོ་ལས་གསར་བརྗེའི་འཕོ་འགྱུར་གྱི་དུས་རིམ་ནང་གོ་ལ་ཧྲིལ་བོའི་ཞིང་བྲན་ལམ་ལུགས་མཇུག་བསྒྲིལ་བར་བརྗོད་ཀྱང་། ཉེ་རབས་ཀྱི་གོ་ལ་ཧྲིལ་བོའི་སྤྱི་ཚོགས་ཀྱི་གནས་བབས་ལ་བསམ་གཞིག་བྱས་ན་དེངས་སྐབས་ཀྱི་འབྱོར་ལྡན་བཟོ་གྲྭའི་བདག་པོ་རྣམས་ནི་མངའ་བདག་ཡིན་ཞིང་། ཞིང་འབྲོག་མང་ཚོགས་རྣམས་ནི་མངའ་བདག་དེའི་མི་སེར་རམ་བྲན་གཡོག་ཡིན། ཞིང་འབྲོག་མང་ཚོགས་ཚོའི་ཕྲུ་གུ་རྣམས་དེང་རབས་གསར་བའི་སློབ་གྲྭར་སློབ་སྦྱོང་བཏང་རྗེས་མཐར་བཟོ་གྲྭའི་བདག་པོ་ཚོའི་བྲན་གཡོག་སྤུས་དག་ཅིག་ཏུ་འགྱུར་བཞིན་ཡོད། དེང་རབས་ཀྱི་སློབ་གྲྭ་ཚང་མས་ཧུར་ཐག་འབད་ཐག་གིས་ཞིང་འབྲོག་མང་ཚོགས་ཚོའི་ཕྲུ་གུ་ལས་སྣོན་བྱས་ཏེ་བཟོ་གྲྭའི་བདག་པོ་མངའ་བདག་འབྱོར་ལྡན་ཚོའི་ཚད་ཐུབ་ཀྱི་བྲན་གཡོག་ལེགས་པོ་ཞིག་བཟོ་རྒྱུར་བྲེལ་འཚུབ་ལང་བཞིན་ཡོད། འཇིག་རྟེན་འདིའི་སྟེང་གྱི་ནར་མ་གསོན་པའི་བྱིས་པ་ཁྲི་སྟོང་མང་བོ་བྱ་གསོ་ར་བའི་ནང་གི་བྱ་ཕྲུག་དང་། ཕག་གསོ་ཁང་གི་ཕག་ཕྲུག་བཞིན་དགེ་རྒན་གྱི་མིང་འཛིན་བཟོ་བ་ཁྲི་སྟོང་མང་བོའི་ལག་རྩེད་རྩེས་ས་ཞིག་རང་ཡིན། ང་ཚོའི་སློབ་གསོའི་དམིགས་ཡུལ་འདི་ཙམ་ཞིག་ཡིན་ན། དུས་རབས་ཉེར་གཅིག་པའི་དུས་མཇུག་ནས་འགྲོ་བ་མི་ཚང་མ་མི་ནས་དུད་འགྲོར་འགྱུར་རྒྱུ་ཐེ་ཚོམ་གང་ཡང་མེད་དོ།།
        ཟླུམ་གཟུགས་གོ་ལ་གཅིག་གི་དཀྱིལ་འཁོར་ནང་།།
           སེམས་གཟུགས་མ་གཅིག་སེམས་ཅན་གྲངས་མེད་ཅིག།
   ལུས་སེམས་བདེ་བའི་དོན་དུ་བྲེལ་ཆེ་ཡང་།།
     རང་གི་བདེ་སྐྱིད་རང་གིས་རྨང་ནས་གཏོར།།
      ལུས་སེམས་འདུས་པའི་སྐྱེས་བུའི་མི་ཚེ་འདིར།།
ལུས་པོ་བདེ་ཞིང་སེམས་པ་སྐྱིད་པ་ཞིག།
      བྱུང་ན་འདི་ཡིས་འཇིག་རྟེན་ཐམས་ཅད་བདེ།།
      འགྲོ་བའི་བདེ་སྐྱིད་སློབ་གསོས་སྲུང་གྱུར་ཅིག །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།