中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > དུས་ཆེན། >
༄༅།། ཆོ་འཕྲུལ་དུས་ཆེན་གྱི་བྱུང་བ་མདོར་བསྡུས།
དུས་ཚོད།2017-06-21 09:42:04     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་པོའི་དྲ་བ།    ཆུང་། | འབྲིང་། | ཆེ།
       བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཆོ་འཕྲུལ་གྱི་དུས་ཆེན་དངོས་གཞི་སྟེ་འཕགས་ཡུལ་གྱི་གཉན་ཡོད་གནས་ཞེས་བྱ་བར་མཉམ་མེད་ཤཱཀྱའི་རྒྱལ་པོས་མུ་སྟེགས་ཀྱི་སྟོན་པ་ རྫོགས་བྱེད་དང་། གནག་ལས་སྐྱེས། རྒྱལ་བ་ཅན། གཉེན་གྱི་བུ། ནོག་ཅན། སྐྲའི་ལ་བ་ཅན་སྟེ་མུ་སྟེགས་ཀྱི་སྟོན་པ་དྲུག་འཁོར་དང་བཅས་པ་ཆོ་འཕྲུལ་གྱི་མཛད་པས་ཕམ་པར་མཛད་དེ་དམ་པའི་ཆོས་ཀྱི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས་པའི་དུས་ཁྱད་པར་ཅན་དེ་ལ་ཆོ་འཕྲུལ་དུས་ཆེན་དུ་འབོད་པ་ཡིན། 
       ཉིན་དེར་གཙུག་ལག་ཁང་གི་ཁྱམས་རར་གདན་ས་ཆེན་པོ་གསུམ་གྱི་བླ་སྤྲུལ་དགེ་འདུན་རྣམས་ཉིན་གུང་སྐམ་ཚོགས་སྨོན་ལམ་ཆེན་མོའི་ཆོས་འབུལ་དང་དགོང་དྲོ་བར་སྐོར་ཁོར་ཡུག་ཏུ་དེ་སྔའི་གཞུང་ཕྱོགས་དང་། རྒྱུད་གྲྭ་སྟོད་སྨད། བླ་བྲང་ཆེ་ཁག   སྡེ་དཔོན་མི་དྲག་སོགས་མཆོད་པའི་འཁྲི་ཁུངས་སོ་སོས་མར་ཚོན་ལས་གྲུབ་པའི་མཆོད་སྤྲིན་ཚར་དུ་དངར་བ་སྒྲིག་བཤོམ་བྱེད་ཅིང་མཆོད་ཁྲི་མཐོ་ཚད་ཐོག་བརྩེགས་གཉིས་ནས་གསུམ་བར་ཡོད་པ་དང་། མཆོད་ཁྲི་སོ་སོའི་མདུན་དུ་མཆོད་པ་གཙོ་འཁོར་ལྔ་དང་། གཙོ་འཁོར་གསུམ་བཤམས་ཡོད་ཅིང་། མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མར་ཚོན་ལས་གྲུབ་པའི་རྒྱས་སྤྲོས་ཁང་བཟང་བཀོད་པས་རབ་ཏུ་ཕྱུག་པའི་ནང་མཉམ་མེད་ཤཱཀྱའི་རྒྱལ་པོའི་རྐུ་བརྙན་དང་། རྒྱན་དྲུག་མཆོག་གཉིས། རྗེས་ཡབ་སྲས་གསུམ། མཆོད་པའི་ལྷ་མོ་དགའ་མགུའི་གར་རྩེད་ཀྱི་རྣམ་པ་འཆང་བ། ཚེ་རིང་རྣམ་དྲུག    མཐུན་པ་སྤུན་བཞི། བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད། ཧ་ཤང་སྦྱིན་བདག་སོགས་ཀྱི་མདུན་ནམ་མཁའི་སྐར་ཚོགས་ཐང་ལ་ཉིལ་འདྲའི་མར་མེའི་ཕྲེང་བས་མཛེས་པར་བྱས་ཤིང་། གོང་ས་མཆོག་དང་། སྲིད་སྐྱོང་། བཀའ་ཤག་བཅས་མཆོད་གཟིགས་གྲུབ་འཕྲལ་ཐག་རྒྱ་གློད་པ་དང་ཆབས་ཅིག་རྒྱ་ཆེའི་མང་ཚོགས་རྣམས་འཚང་ག་ཤིག་ཤིག་གིས་མཆོད་པ་མཇལ་བར་འགྲོ་བ་དང་། ཉེ་འཁོར་གྲོང་གསེབ་གྲིབ་པ་དང་། ར་མ་སྒང་པ་ཚོ་དང་ཆོ་བྱས་ནས་བྱིན་རླབས་ཀྱི་མཚན་ཁ་ཡོངས་སུ་འབར་བའི་བརྗིད་ཆགས་ཆེ་བའི་མཆོད་སྤྲིན་གྱི་མདུན་དུ་སྒོར་གཞས་དང་གླ་གཞས་བཏང་ནས་མཚན་གང་སྡོད་སྲོལ་ཡང་ཡོད་པ་དེ་ལ་ཡོངས་གྲགས་སུ་བཅོ་ལྔ་མཆོད་པ་ཞེས་འབོད་པ་ཡིན་ནོ།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།