中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > དུས་ཆེན། >
༄༅།།ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨོན་ལམ་འཆམ་ཆེན།
དུས་ཚོད།2016-07-01 18:28:03     རྩོམ་གྱི་ཡོང་ཁུངས། བོད་ལྗོངས་རིག་གནས་དྲ་བ།    ཆུང་། | འབྲིང་། | ཆེ།


དང་པོ། སྨོན་ལམ་འཆམ་ཆེན་སྐོར་བཤད་པ།
    
སྨོན་ལམ་འཆམ་ཆེན་ཞེས་པ་ནི། སྔ་མོའི་དུས་སུ་སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་རྒྱ་གར་འཕགས་པའི་ཡུལ་གྱི་གྲོང་ཁྱེར་མཉན་ཡོད་ཀྱི་གནས་སུ་རྫོགས་བྱེད་ལ་སོགས་མུ་སྟེགས་པའི་སྟོན་པ་དྲུག་འཁོར་དང་བཅས་བཏུལ་བའི་ཆོ་འཕྲུལ་གྱི་མཛད་པ་སྣ་ཚོགས་ཉིན་བཅོ་ལྔའི་རིང་དུ་ཡང་དག་པར་བསྟན་ནས་དུས་ཁྱད་པར་ཅན་མཉན་ཡོད་ཆོ་འཕྲུལ་ཆེན་པོའི་དུས་ཆེན་དུ་གྲགས་ལ།  ཕྱིས་སུ་དེ་དང་རྗེས་སུ་མཐུན་པར་བོད་གངས་ཅན་གྱི་ལྗོངས་སུ་ཡང་སངས་རྒྱས་གཉིས་པ་རྗེ་བློ་བཟང་གྲགས་པ་ཁོང་དགུང་ལོ་ང་གསུམ་བཞེས་པ་ས་མོ་གླང་གི་ལོའི་ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པོའི་དུས་ཀྱི་མཆོད་པ་དངོས་གཞི་མཛད། དེ་ནས་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་རིང་ལ་ཆོ་
འཕྲུལ་སྨོན་ལམ་ཆེན་མོའི་དུས་བཟང་པོ་དེ་ལ་འཆམ་འདི་འཆམས་པའི་སྲོལ་བྱུང་བས་སྨོན་ལམ་འཆམ་ཆེན་ཞེས་རྒྱུན་ཆགས་སུ་སོང་བ་དེ་བཞིན་ནོ།།
     དུས་རབས་བརྒྱད་པར་ངུར་སྨྲིག་རྒྱལ་མཚན་འཛིན་པའི་བསྟན་པ་ཟིལ་ཤུགས་རྒྱས་པའི་ཆབས་ཅིག་ཏུ་གྲུབ་སྟེ། མི་འགྱུར་ལྷུན་པོ་བསམ་ཡས་གཙུག་ལག་ཁང་གི་རྨང་བཏང་བའི་དབུ་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱང་ཐུགས་དགྱེས་ཀྱིས་རྡོ་རྗེའི་གར་དེ་གནང་རྒྱུ་བྱུང་། པདྨ་བཀའ་ཐང་གི་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་བ་རྒྱས་པར་བཀོད་པ་ལས“དཔལ་གྱི་བསམ་ཡས་འབྱོངས་པའི་ལེའུ་ཁྲོད་དུ།།རྡོ་རྗེའི་འགྲོས་མཛད་གྲིབ་མ་གར་བྱུང་དུ།།”ཞེས་གསུངས་པས་མངོན། འདི་ནི་འཆམ་ཆེན་བཅས་པའི་གཞི་མར་གྲུབ་ལ་དེའི་ཁུངས་ནི་ཆུ་མགོ་གངས་ལ་ཐུག་པ་ལྟ་བུར་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་གསང་སྔགས་ཀྱི་རྒྱུད་སྡེ་བཞིའི་ཡ་གྱལ་རྣལ་འབྱོར་རྒྱུད་དང་རྣལ་འབྱོར་བླ་མེད་རྒྱུད་ཀྱི་རྡོ་རྗེ་གར་དུ་ངེས་ལ། བོད་འབངས་ཕལ་མོ་ཆེ་བས་ཀྱང་ཁོང་སྤྲོས་པ་ཆོད་པའི་ཟབ་མོའི་ཐུགས་དགོངས་ཀྱི་བསྟན་པ་ཇི་བཞིན་བློ་ལ་བརྩོན་པས་སྦྱར་ཞིང་གང་གི་ཐད་ནས་རྒྱལ་བའི་མིག་ལྟོས་ལེགས་ཕྱོགས་སུ་འཕེལ་བ་མངོན། གསང་སྔགས་ཀྱི་རྒྱུད་སྡེའི་དགོངས་པ་དང་བསྟུན་ནས་ཞི་ཁྲོའི་ཉམས་འགྱུར་ལ་སྦྱིན་བསྲེག་གཏོང་ཟོར་འཕེན་པ། ཡང་ན་ཚིག་དང་རྟ་དབྱངས། རྐང་གླིང་དང་དུང་ཆེན། རྔ་རྡུང་སྦུབ་དཀྲོལ་དང་བཅས་པའི་མཆོད་རྫས་སྦྲགས་ནས་གཏན་འཁེལ་གྱི་འཆར་ཅན་ལ་སྒྲུབ་མཆོད་ངང་ནས་མཚམས་སྦྱོར་ཕྱོགས་ནས་བུམ་པ་ཞོ་བླུགས་འོས་མིན་གདུལ་བྱའི་བློ་སྣོད་འཇལ་ཏེ་ཆོས་ཁྲིམས་ཐད་ནས་བཀའ་རྒྱར་གཏོགས། དེ་བཞིན་དུ་འཆམ་ལ་རྒྱུས་མེད་པ་ནས་འཆམ་མིག་ལ་སྨིན་སྐབས་སུ་འདི་ན་ཡབ་ཆོས་རྒྱལ་དང་ཡུམ་ཙམུཎྜི་སོགས་དོན་དང་མཚན་མའི་སྦྱོར་བ་ཇི་བཞིན་གྱི་སྒོ་ནས་ར་སྤྲོད་བྱུང་ངོ་།།
     བླ་བྲང་དགོན་པའི་སྨོན་ལམ་འཆམ་ཆེན་འདི་ནི་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན﹙1567—1642﹚གྱི་གཟིགས་སྣང་། རིགས་ལྡན་གྱི་གསུང་རྒྱུན་དབེན་སའི་མན་ངག་གསུམ་ཚང་བས་གཞན་ལས་ཁྱད་པར་དུ་འཕགས་པར་བརྩི། དང་པོ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གཟིགས་སྣང་ལ་བྱུང་ཚུལ་ནི། ལྷ་སའི་ཇོ་ཁང་གི་ལྷོ་ངོས་ཀྱི་ལོགས་རིས་ལ་དགེ་སློང་སྦ་འཁར་ཐོགས་པ་གླེགས་བམ་མང་པོ་འཁུར་ནས་འགྲོ་བ་ཞིག་ཡོད་པ་དེ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཁོང་གི་རྗེའི་གསུང་འབུམ་གདན་དྲངས་ནས་ཤམྦྷ་ལར་ཕེབས་པའི་རྣམ་ཐར་ཡིན་ཞིང་། དེ་ཕྱིན་ཆད་ཤམྦྷ་ལ་ན་བོད་གངས་ཅན་གྱི་ལྗོངས་ལས་ལྷག་པར་རྗེའི་གསུང་རབ་ཀྱི་འཆད་ཉན་དར་ཁྱབ་ཆེ་བར་གསུངས་ལ། གཉིས་པ་རིགས་ལྡན་ཁྱབ་འཇུག་སྦས་པའི་རྒྱུན་རྟོགས་བདུན་གྱི་འགྲེལ་བ་བོད་ཀྱི་བསྟན་འགྱུར་དུ་མི་བཞུགས་ཀྱང་། པན་ཆེན་གྱིས་ཤམྦྷ་ལ་ནས་གདན་དྲངས་པ་འདི་ཉིད་ཕྱག་དཔེའི་ཁྲོད་ན་བཞུགས་པ་ལས་ཟུར་དུ་ཕྱུངས་པའི་འཆམ་གྱི་ཤོག་དྲིལ་ཞིག་པཎ་ཆེན་དཔལ་ལྡན་ཡེ་ཤེས﹙1738—1780﹚མཆོག་ནས་ཀུན་མཁྱེན་འཇིགས་མེད་དབང་བོ﹙1728—1791﹚ལ་གནང་བ་ཞིག་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་སྐད། གསུམ་པ་དབེན་ས་སྙན་རྒྱུད་ཀྱི་མན་ངག་ཡིན་ཚུལ་ནི། སྟོན་པ་རྡོ་རྗེ་འཆང་གིས་རྒྱུད་སྡེ་གོང་འོག་དུ་མ་ལས་རབ་འབྱམས་སྒྲུབ་ཚུལ་ཇི་སྙེད་ཅིག་བཀའ་བསྩལ་བ་ལས་ཉོན་མོངས་དྲག་ཐལ་བ་ཚར་གཅོད་པའི་དྲག་པོའི་ལས་སྒྲུབ་ཚུལ་མཐར་ཐུག་པ་ནི།“འཕྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད།།”ཅེས་པ་ལྟར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཡིན་ལ། དེ་ཡང་འཇིགས་མཛད་རྡོ་རྗེ་རང་ཉིད་ཀྱིས་འཕྲུལ་འཁོར་དང་། གཏོར་མ་དང་སྦྱིན་བསྲེག་སྟེ་མན་ངག་གསུམ་དུ་གྲགས་པ་སོགས་གདམས་པ་ཡོངས་སུ་རྫོགས་པའི་བཀའ་རྗེ་བདག་ཉིད་ཆེན་པོ་ལ་བབས་པ་གོང་དུ་བཤད་ཟིན་པ་ལྟར། སྲས་ཀྱི་ཐུ་བོ་རྣམས་ལ་གནང་བ་ལས་རིམ་པར་བརྒྱུད་དེ་སྲད་རྒྱུད་ལུགས་ཀྱི་ལྕགས་མཁར་མཚོན་ཆ་འབར་བའི་འཕྲུལ་འཁོར་གྱི་མན་ངག་གི་གཞུང་བསྲིངས་ནས་ཤམྦྷ་ལའི་འཆམ་གྱིས་ཟུར་བརྒྱན་པ་དེ་འདྲ་རེད། དེའི་ཕྱིར་པཎ་ཆེན་བློ་བཟང་རྒྱལ་མཚན་གྱིས་དེ་དུས་ཤམྦྷ་ལ་ནས་འབག་དང་ཞྭ་ནག་གི་འཆམ་ཇི་ལྟར་གཟིགས་པ་ཇི་བཞིན་དུ་བཀྲ་ཤིས་ལྷུན་པོའི་སྔགས་རྒྱུན་དུས་འཁོར་གྲྭ་ཚང་ལ་མཚན་ལམ་བསྙད་བཏགས་ཀྱིས་ཚུགས་ཤིང་ཕན་ཡོན་དབང་དུ་བྱས་ནས་བཀྲ་ཤིས་ལྷུན་པོའི་བཀའ་ཆེན་རྣམས་སྔགས་གྲྭ་ལ་འཇུག་པའི་ཐོག་མར་འཆམ་ལྕགས་མཁར་ངེས་ཅན་དུ་སློབ་དགོས་པ་དང་། གཟུགས་ལྕོགས་ཀྱི་དགེ་བཤེས་གང་བཟང་རྣམས་ཀྱིས་ཕེབས་པའི་ཕྱག་སྲོལ་དར་བ་ནས་བཟུང་འཆམ་འདི་རྫོགས་ལྡན་ཉ་གང་ཟླ་བའི་དཔལ་ཡོན་བཞིན་དུ་ཡར་ལ་འཕེལ། ཐུབ་བསྟན་གསེར་འོད་འགྱེད་པའི་རང་བཞིན་ལྟར་སྟོད་སྨད་ཡུལ་གྲུའི་མདོ་སྔགས་བསྟན་པ་སྐྱོང་བའི་ཆོས་སྡེ་མང་པོ་ལ་མཐུན་པའི་ཆ་རྐྱེན་ཕུན་ཚོགས་པའི་གདམས་ངག་ལྷུར་ལེན་དང་བཀའ་བསྒོས་དབང་གིས་བཀྲ་ཤིས་ལྷུན་པོའི་ཕྱག་ལེན་ལྟར་འཆམ་སྲོལ་ཡོད་དོ།

གཉིས་པ། ཤ་འཆམ་གྱི་སྐོར་བཤད་པ།
     དུས་རབས་བཅོ་བརྒྱད་པའི་ཚུན་ཆད་དུ་བླ་བྲང་དགོན་པའི་དགོན་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་རྗེ་ཀུན་མཁྱེན་འཇིགས་མེད་དབང་བོ﹙1728—1791﹚མཆོག་གིས་རང་དགོན་འཛིན་སྐྱོང་སྤེལ་གསུམ་དང་རྒྱང་རིང་བོའི་འཕེལ་རྒྱས་ཀྱི་ཆེད་དུ། དགོན་པའི་ནང་དུ་གྲྭ་ཚང་དང་སྒྲིག་སྲོལ་ལམ་ལུགས་མང་པོ་བཙུགས་ཤིང་། ཆོས་ཁྲིམས་མིག་འབྲས་བཞིན་སྲུང་ཆེད་ཁོང་གི་བཀའ་ལྟར་གངས་ལྗོངས་མཁས་པའི་དབང་པོ་གུང་ཐང་སྐུ་ཕྲེང་གསུམ་པ་དཀོན་མཆོག་བསྟན་པའི་སྒྲོན་མེ་﹙1762-1823﹚མཆོག་གིས《རྗེ་བཙུན་མི་ལའི་ཞལ་གདམས་ཀྱི་འགྲེལ་བ་གྲུབ་པའི་རྒྱན་ཞེས་བྱ་བ་བཞུགས་སོ》ཞེས་པའི་དཔེ་ཆ་ཞིག་བསྒྲིགས། དེའི་ནང་གི“ཞལ་གདམས་ཀྱི་འགྲེལ་བའི་སྐོར”དགོན་པའི་ད་སྐབས་“ཤྭ་འཆམ”དུ་བཅོས་སྒྲིག་བྱས། དེ་ནི་དམངས་ཁྲོད་གླུ་གར་དང་སྲོལ་རྒྱུན་ལྷ་རྩེའི་སྒྱུ་རྩལ་གཙོ་བོར་བྱས་པ་ཞིག་ཡིན་པས། བཤད་ཞོར་ལེན་ཞོར་དང་རྩེ་ཞོར་དུ་ཉམས་འགྱུར་འདོན་པ་སོགས་ཅུང་ཆ་ཚང་གི་འཁྲབ་ཚན་དྲུག་ལྡན་གྱི་ཟློས་གར་ཞིག་གྲུབ། ངག་རྒྱུན་ལྟར་ན། དེ་ནི་དུས་ཀུན་རི་དྭགས་བརྔོན་པའི་ལས་ལ་བྲེལ་བའི་རྔོན་པ་ཞིག་གིས་ལག་ཏུ་བཟུང་བའི་མདའ་གྲི་ཐང་དུ་གཡུགས་ཏེ། རྒྱུད་ལ་ཚད་མེད་པའི་སྙིང་རྗེ་སྐྱེས་ནས་སངས་རྒྱས་ཀྱི་ཆོས་སྒོར་བཞུགས་པའི་གཏམ་རྒྱུད་ཅིག་རེད། འཁྲབ་ཚུལ་ལ་བལྟས་ན། མི་སྣ་དང་བྱ་བ། སྲོག་ཆགས་ཚང་མ་ཧ་ཅང་རྣམ་པ་ཆ་འདྲ་བའི་སྟེང་ནས་ཚན་པ་བྱས་ཏེ་འཁྲབ་སྟོན་བྱེད་ཅིང། ཕན་ཚུན་ཉེ་བར་བཅར་བའི་སྒོ་ནས་མངོན་སུམ་གྱི་འགྱུར་བ་ཡང་ལྡན། དཔེར་ན། ཤྭ་རྩེད་ཚན་པ་དང་པོ་དེའི་ནང་ཤྭ་བ་ཁྲ་རིས་ཆ་གཅིག་རྔོན་ཁྱིས་དེད་དེ་རྐང་ལག་བཞི་འདར་ཞིང་སྐེད་པ་ཐེངས་དུ་མར་དགྱེ་སྒུར་བྱེད་པ་དང་། རྭའི་ཉམས་འགྱུར་སོགས་ཀྱི་འཁྲབ་རྩལ་གྱིས་སྲོག་ཐར་ཐབས་བྱེད་པའི་རྣམ་པ་དང་། དཀའ་ཁག་ཉེན་ཁ། འཇིགས་སྐྲག་སོགས་དང་འཕྲད་པ་མཚོན། དེ་ལས་ཀྱང་ཉམས་དགའ་ཞིང་ཆེས་ཡ་མཚན་ཆེ་བ་ནི་ལྟད་མོ་བ་རྣམས་ཀྱི་རྣ་བར་སྙན་ཞིང་མིག་གི་བདུད་རྩིའི་དཔལ་དུ་གྱུར་བའི་ཉམས་ལྡན་གྱི་འཁྲབ་ཚན་ལྔ་པ་མགོན་པོ་རྡོ་རྗེས་འགྱིང་བག་ཅན་རྔམ་རྔོན་སྟོན་ཚུལ་དེ་རེད། ཚན་པ་འདི་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་དགོན་གཞུང་པ་དང་དགོན་གཞུང་ཞལ་མཐུན་བྱུང་སྟེ། མགོན་པོ་རྡོ་རྗེ་འཁྲབ་མཁན་གྱིས་ལོ་རེའི་རིགས་གྲྭའི་ཤྭ་འཆམ་ལ་ཆས་སྤྲས་ཏེ་འཁྲབ་སྟོན་བྱས་ཆོག་པའི་གར་རིགས་ཤིག་སྟེ། གོང་ཀུན་མཁྱེན་རིན་པོ་ཆེ་དང་འོག་སྤྱིར་བཏང་གི་གྲྭ་བ་རྣམས་ཀྱི་ཁྲིམས་འཆལ་སྡོམ་འགལ་གྱི་བྱ་སྤྱོད་དང་སྤྱི་ཚོགས་སྟེང་གི་སྐྱུག་བྲོ་བའི་སྣང་ཚུལ་སོགས་ཐེར་འདོན་ཅི་ཙམ་བྱས་ཀྱང་། ཉེས་ཆད་དང་ཁ་རྡུང་གཏོང་རྒྱུ་མེད་ལ། སྣང་བརྙན་འདྲ་བའི་མགོན་པོ་རྡོ་རྗེ་ཟུང་རིམ་པ་ལྟར་གྲོ་ཚང་བརྡོལ་འདྲའི་མི་ཚོགས་ཀྱི་རྒྱ་མཚོའི་དབུས་སུ་བསྐྱོད་སྐབས་མི་ཚོགས་དལ་ཅག་གེར་སྒྲ་ཙམ་ཡང་མེད་ལ། ཁོ་གཉིས་ཀྱིས་དྲི་བ་དྲིས་ལན་གྱི་ཚུལ་དུ་ཁ་མཚར་གྱི་ཚིག་སྤྱད་ནས་གྲྭ་བ་མང་པོའི་ནང་གི་ཁྲིམས་འཆལ་སྡོམ་འགལ་གྱི་སྤྱོད་ཚུལ་ཐེར་འདོན་དང་། ཤགས་བརྒྱབ་ཁྲིད་སྟོན་བྱེད་ཐབས་ཡག་པོ་འདིས་ལྟད་མོ་བ་རྣམས་གད་མོ་ཤོར་དུ་འཇུག         
     སྐབས་རེར་ཚིག་སྦྱོར་རྣོན་པོ་བཀོལ་བ་ལས་ཁྲིམས་འགལ་ལོག་སྒྲུབ་པ་དག་འགྲོ་སྡོད་མི་བདེ་བར་གྱུར། སྐབས་རེར་སྣང་བརྙན་དཔེ་རུ་བཀོད་དེ་སྐྱོན་ལྡན་གྱི་གྲྭ་པ་རྣམས་ཀྱིས་མཉམ་འཇོག་བྱེད་དགོས་ཚུལ་ཤུགས་ནས་སྟོན། ཟློས་གར་རིགས་འདིའི་འཁྲབ་ཚུལ་གྱི་རྣམ་པ་དང་འཁྲབ་མཁན་ཡོངས་ནས་འདོན་སྤེལ་བྱེད་པ་ནི། སྐབས་དང་འཕྲད་མ་ཐག་ཏུ་བསྒྲིགས་པ་དང་སྦྱོར་བའི་ཁ་མཚར་འཚམ་པ་གོ་བདེ་ཞིང་གསོན་ཉམས་ལྡན་པ། ཁ་རི་ཁ་ཐུག བཤད་པ་ཆུ་རྒྱུན་བཞིན་ཆད་པ་མེད་པ་སོགས་ཀྱི་དགེ་མཚན་བརྗོད་ཀྱིས་མི་ལང་། གཞན་ཡང“ཤྭ་འཆམ”ཟློས་གར་གྱི་གླུ་དང་། བྲོ། གར། རྩལ་སོགས་ཟུང་འབྲེལ་དམ་ཚགས་དང་གཞས་གཏོང་བ་དང་། ངོ་བོའི་སྲོལ་ལུགས་འཁྲབ་སྟོན་བྱེད་པ་རྣམས་སྒྲ་མེད་པར་ཡན་ལག་གི་རྣམ་འགྱུར་གྱིས་མཚོན་པའི་ཟློས་གར་གྱི་རྣམ་པ་ལས་བརྒལ་བས། ལྷ་རྩེ་དང་ཁྱད་པར་ཅུང་ཆེ་ལ་འགྱུར་བའི་རིམ་པ་ངེས་ཅན་ཞིག་ལྡན་པ་དང་། ཟུགས་སྣང་ཅན་གྱི་འཁྲབ་རྩལ་ཡང་གོམ་སྟབས་ཆེན་པོས་མདུན་བསྐྱོད་བྱེད་བཞིན་ཡོད།
བླ་བྲང་དགོན་པའི་ཤྭ་འཆམ་སྒྱུ་རྩལ་ཡང་ཡུན་རིང་པོར་མཚམས་མ་ཆད་པར་དུས་རབས་གཅིག་ཙམ་གྱི་ནང་དུ་འཁྲབ་སྟོན་བྱས་མོད། འོན་ཀྱང་དེས་ཆོས་ཁྲིམས་ལ་ཞབས་འདེགས་ཞུ་བཞིན་ཡོད་ཅིང་། དུས་ཚོད་ངེས་ཅན་ཞིག་ལ་གནས་ངེས་ཅན་ནས་འཆམ་སྟོན་བྱེད་དགོས་པས། དེའི་འཕེལ་རྒྱས་ལ་ཚད་ངེས་ཅན་དང་ཚོད་འཛིན་ངེས་ཅན་ཞིག་ཐེབས་ཡོད་པ་གདོན་མི་ཟའོ།།

གསུམ་པ། ཁྱི་ར་མགོན་པོ་རྡོ་རྗེའི་སྐོར་བཤད་པ།
     བོད་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེན་པོ་དྲུག་གི་ནང་ཚན་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ནི་བོད་རབ་བྱུང་བཅུ་གཉིས་པའི་ས་གླང་ལོར﹙སྤྱི་ལོ1709)ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་མཆོག་གིས་ཕྱག་འདེབས་མཛད་པ་ཡིན་ལ། ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་བོས﹙1728—1797﹚ཆོས་སྡེ་འདིའི་རིག་གནས་མ་ལག་གི་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་།འཆད་རྩོད་རྩོམ་གསུམ་གྱི་མཁས་པའི་བྱ་བ་འཕེལ་རྒྱས་སུ་གཏོང་ཆེད“བདུན་པའི་རིགས་གྲྭ”ཞེས་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་གསར་དུ་སྤེལ། ཆོས་ཀྱི་བྱེད་སྒོ་དེའི་སྐབས་དགེ་བའི་བཤེས་གཉེན་མཐོ་གྲས་རྣམས་གཞུང་བཀའ་པོད་ལྔའི་འཆད་རྩོད་ལ་འཇུག་ཅིང་། ཟླ་བདུན་པའི་ཚེས་བརྒྱད་ཉིན“ཤྭ་འཆམ”འཁྲབ་ཅིང་རྗེས་སུ་གུང་ཐང་སྐུ་ཕྲེང་གསུམ་པ་དཀོན་མཆོག་བསྟན་པའི་སྒྲོན་མེ﹙1762—1823﹚ལ་ཀུན་མཁྱེན་འཇིགས་མེད་དབང་བོས་བཀས་སྐུལ་བ་ལྟར《རྗེ་བཙུན་མི་ལའི་རྣམ་མགུར》ལས།“ཁྱི་ར་མགོན་པོ་རྡོ་རྗེའི་སྐོར”གྱི“ཤྭ་འཆམ”དང་སྤྱིར་བཏང་གི“འཆམ”གྱི་རྣམ་པས་འཁྲབ་ཆོག་པའི་གཞུང་དུ་གྱུར། ཡིན་ནའང《ཁྱི་ར་བ་མགོན་པོ་རྡོ་རྗེའི་སྐོར》གྱི“ཤྭ་འཆམ”དང་སྤྱིར་བཏང་གི“འཆམ”གཉིས་ལ་ནང་དོན་དང་རྣམ་པ་གང་གི་ཐད་ནས་ཁྱད་པར་ཆེན་པོ་བྱུང་བ་མ་ཟད། བོད་ཀྱི“འཆམ”སྤྱིའི་མངའ་ཁོངས་ནས་ཡོངས་སུ་བརྒལ་ཡོད་ལ། གཞུང་འདི་ལ་བྱུང་རིམ་དོན་རྐྱེན་དང་མི་སྣའི་གཤིས་ཀ བྲོ་གར་གྱི་གྲུབ་ཆ་ཤིན་ཏུ་ཡོད་མོད་ཅིང་ཕྱག་ཞབས་ཀྱི་མཚོན་དོན་ཁོ་ནའི་སྟངས་སྟབས་བསྒྱུར་བའི་“འཆམ་”གྱི་བཀག་རྒྱ་ལས་ཡོངས་སུ་བརྒལ་ཏེ། གླུ་དང་བྲོ་ཟློས་པའི་ངང་གཞུང་འདོན་པའི་དབྱངས་རྟའང་ཡོད་པས་གར་ཉམས་ཀྱང“འཆམ”ལས་ལྷག་པ་ཞིག་ཡོད་དེ། གདོང་འབག་དང་ཕྱག་ཆ། ཕྱག་རྒྱའི་མཚོན་སྟངས་ཀྱིས་དགྲ་བགེགས་བར་ཆད་སེལ་བའི་ལྐུག་ཟློས་ཀྱི“འཆམ”ལས་ལོགས་སུ་དགར་འོས་པའི་གླུ་རྩལ་གྱི་རྣམ་པ་ཞིག་རིམ་བཞིན་ཆགས་པ་མ་ཟད། ཟུར་ཟ་དང་དགོད་བྲོ་བའི་ཟློས་གར་གྱི་ཉམས་སྣང་ཡང་མི་དམན་པ་བྱུང་བ་ནི་དགོན་སྡེ་འདི“རྣམ་ཐར”ཟློས་གར་གྱི་ཐོག་མའི་རྣམ་པ་ཡིན། དགོན་འདིའི་བདུན་པའི་རིགས་གྲྭའི་བྱེད་སྒོ་ཇེ་རྒྱས་སུ་སོང་བ་དང་བསྟུན“ཤྭ་འཆམ”གྱི་འཁྲབ་སྟོན་གསར་པ་སྟེ།《ཁྱི་ར་བ་མགོན་པོ་རྡོ་རྗེ》ཞེས་པའི་འཁྲབ་སྟངས་ལའང་འགྱུར་བ་བྱུང་སྟེ་ཆོས་སྐྱོང་སྲུང་མའི་སྣང་བརྙན་འཁྲབ་པའི“འཆམ”དེ་ལས“མགོན་པོ་རྡོ་རྗེའི་རྣམ་ཐར”ཞེས་གོང་གི་འཁྲབ་རིམ་འདི་ལོགས་སུ་བཀར་ཏེ། ཐད་ཀར་མིའི་འཚོ་བ་དང་འབྲེལ་བ་ཟབ་ཏུ་ཆགས་པའི་ནང་དོན་ཞིག་ཏུ་གྱུར་བས་སེར་སྐྱ་མང་ཚོགས་ཀུན་གྱིས་དགའ་པོ་བྱེད་སའི་འཁྲབ་སྟོན་ཞིག་ཏུ་གྱུར། དེ་རྗེས་འཁྲབ་རིམ་འདིའི་ནང“ཨ་ཙ་ར”དང“སེང་འཆམ”སོགས“འཆམ”ལས་ཆོས་སྐྱོང་སྲུང་མ་མིན་པའི་འཁྲབ་སྟོན་ཉམས་མཚར་ཅན་ཁ་ཤས་གསར་དུ་བསྣན་ནས་བྲོ་དང་གར་གྱི་རྣམ་པ་ཇེ་རྒྱས་སུ་བཏང་ཞིང་། མགོན་པོ་རྡོ་རྗེ་ཆེ་ཆུང་གཉིས་དང་ཤ་ཁྱི་བཅས་བར་གྱི་འགལ་འབྲེལ་ཡང་འབུར་དུ་ཐོན་པར་བྱས་ཤིང་། ཟློས་གར་རང་བཞིན་གྱི་འཁྲབ་སྟོན་རྣམ་པ་དེ་སྔར་ལས་ཆེ་བར་གྱུར། དེ་ལ་ཡང་འཁྲབ་ཚན་འགའ་བགོས་ཆོག་པ་སྟེ། འཁྲབ་རིམ་དང་པོ་ས་འདུལ་དང་། གཉིས་པ་མི་ལའི་སྒོམ་སྒྲུབ། གསུམ་པ་ཤྭ་འཆམ། བཞི་པ་རྔོན་ཁྱིའི་འཆམ། ལྔ་པ་མགོན་པོ་རྡོ་རྗེའི་འདོན་འཁྲབ། དྲུག་པ་མི་ལས་ཆོས་གསུངས་པ་སོགས་སྤྱིར་བཏང་འཁྲབ་རིམ་དྲུག་གིས་དགར་ཅིང་ཟློས་གར་གྱི་གདོད་མའི་རྣམ་པ་ཧྲིལ་པོ་ཞིག་ཆགས་ཡོད། ལོ་རེ་རེའི“བདུན་པའི་རིགས་གྲྭའི”བྱེད་སྒོ་དེ“སྨོན་ལམ་ཆེན་མོའི”བྱེད་སྒོ་དང་འདྲ་བར་དགོན་ཆེན་འདིའི་ཆོས་ཀྱི་བྱེད་སྒོ་རྒྱ་ཆེན་ཞིག་ཏུ་འགྱུར་བར་བརྟེན། གོང་གསལ་གྱི་འཁྲབ་སྟོན་རྣམ་པ་ལའང་འཕོ་འགྱུར་ཆེན་པོ་བྱུང་ཞིང་། གུང་ཐང་བསྟན་པའི་སྒྲོན་མེས་སྲོལ་གཏོད་པའི《ཁྱི་ར་བ་མགོན་པོ་རྡོ་རྗེའི》གཞུང་དེ“འཆམ”གྱི་གཤིན་ས་ནས་ལོགས་སུ་ཐོན་པའི“རྣམ་ཐར”ཟློས་གར་གྱི་འཁྲབ་སྲོལ་འབྱེད་པའི་རྩ་བའི་རྨང་གཞིར་གྱུར་བ་རེད།

བཞི་པ།  མཇུག་བསྡུ་བ།
      སྨོན་ལམ་གྱི་དོན་གཉིས་སློང་བར་ངེས་ཤིང་རྐྱེན་གྱི་འཁོས་ཕབས་དབང་གིས་སྨོན་ལམ་འཆམ་ཆེན་དང་། ཤྭ་འཆམ་སོགས་ཀྱི་འབྱུང་ཁུངས་དང་མཚོན་དོན་ཐུན་མོང་མ་ཡིན་པའི་ཆེས་བསྡུས་ཙམ་གྱི་ཟུར་ནས་ངོ་ཙམ་སྦྱོར་བ་ཡིན་ཏེ། སླད་མར་མཁས་པ་རྣམས་ཀྱི་དགོངས་བཞེད་ལྟར་གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ། གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་དོན་བྱ་ཚུལ་རྟོགས་པའི་ཤེས་རབ་གསུམ་དཔྱོད་པའི་ཆ་རྐྱེན་རིན་པོ་ཆེའི་བང་མཛོད་ལྟ་བུའི་འཆམ་འདིས་སེམས་ཅན་ཇི་སྲིད་བར་དུ་བསྐྱངས་པའི་རྒྱལ་བའི་རིང་ལུགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པ་དང་། རང་ཅག་རི་བོ་གངས་ཅན་པའི་ཤེས་རིག་རྩལ་གྱི་དགེ་མཚན་ཕུལ་དུ་བྱུང་བའི་ཡུལ་མངོན་སུམ་ཚད་མར་སྟོན་ནུས་པའི་དཔང་པོ་ཞིག་ཏུ་གྱུར་ཡོད། དེའི་ཕྱིར་འདི་ལ་འདྲིས་པར་འདོད་པའི་བློ་ལྡན་སྐལ་མཉམ་དག་གིས་ཁུངས་ལུང་བཙུན་པའི་ཡུལ་དང་འབྲེལ་ནས་དགེ་བ་རྫོགས་ལྡན་དུ་འགོད་པའི་བཀའ་དྲིན་སྐྱོང་ངོ་།།
 
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།