中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > དགོན་སྡེ་ངོ་སྤྲོད། >
༄༅།། རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་མཚམས་སྦྱོར་མདོར་བསྡུས།
དུས་ཚོད།2017-10-11 09:55:46     རྩོམ་གྱི་ཡོང་ཁུངས། ཁྱུང་སྔོན་རྩོམ་རིག་སྣ་འཛོམས་འཕྲིན་སྟེགས། འགྲེལ་བཤད་པ། ལྡོང་ཡོན་ཏན་རྒྱ་མཚོ།    ཆུང་། | འབྲིང་། | ཆེ།
 
\

\
ལྡོང་ཡོན་ཏན།
རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་མཚམས་སྦྱོར་མདོར་བསྡུས།
ལྡོང་ཡོན་ཏན་རྒྱ་མཚོ།
 
བྱང་ཕྱོགས་ཁ་བ་ཅན་པའི་རྒྱལ་ཁམས་སུ།།
བསྟན་ལ་སྟོན་པ་གཉིས་པའི་མཛད་པ་ཅན།།
འཇམ་དཔལ་དགྱེས་བཞད་ཀུན་མཁྱེན་བླ་མ་ཡི།།
སྐུ་འཕྲེང་རིམ་བྱོན་རྣམས་ལ་གུས་ཕྱག་འཚལ།།
 
  དེ་ཡང་ཇི་སྐད་དུ།བཀའ་གདམས་གླེགས་བམ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།། གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད།། ཅེས་གསུངས་པ་ལྟར། རྣམ་འདྲེན་རྒྱལ་བ་དུ་མས་ཆོས་ཀྱི་འཁོར་ལོ་བསྐོར་སའི་གནས་མཆོག་འཕགས་ཡུལ་རྡོ་རྗེ་གདན་ལས་དཔག་ཚད་བརྒྱ་ལྷག་ཙམ་བགྲོད་པའི་བྱང་གི་ཆར། རབ་དཀར་གངས་རིའི་མུ་ཁྱུད་ཀྱིས་ཟླུམ་པོར་བསྐོར་བའི་ཆོས་ལྡན་བོད་ཀྱི་རྒྱལ་ཁམས་ཆེན་པོ་ལྷོ་རྒྱལ་འཛམ་བུ་གླིང་བའི་རྒྱ་ཕིབས་དང་ཆུ་བོའི་མཆོད་རྟེན་གྱི་གཟུགས་སུ་ལྷམ་མེར་ཆགས་ཤིང་། ཡུལ་ཁམས་ཆེན་པོ་འདི་ནང་བཅུད་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཆོལ་ཁ་གསུམ་དུ་ཕྱེས་པ་ལས་མདོ་སྨད་རྟའི་ཆོལ་ཁའི་ལྷོ་རྒྱུད་དུ་གཏོགས་པ། སྨར་རོལ་མ་ལག་དྲུག་གི་ནང་ཚན། རྔ་ཁོག་ལགས་པ་སྐྱ་མོ་སྨར་གྱི་ལག་ཞེས་བྱ་བ། སྔོན་གྱི་ཚེ་ན་བོད་བཙན་པོའི་རིགས་སྲས་རྩོད་མེད་གནམ་ལྡེ་འོད་སྲུང་གིས་དབང་བསྒྱུར་བའི་སྟོད་མངའ་རིས་ཀྱི་མི་རྒྱུད་སྐོར་ཞིག་འོང་སྟེ་གཞིས་ཆགས་པས་མངའ་བ་ཟེར་བ་ལ་རིམ་གྱིས་བརྡ་འགྱུར་ཏེ་རྔ་བ་ཞེས་འབོད་པ། ཡང་ན་སའི་དབྱིབས་རྔ་དང་འདྲ་བའི་ཆ་ནས་རྔ་བར་གྲགས་པ། དེང་གི་ཆར་སི་ཁྲོན་དང་ཀན་སུའུ་མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འདྲེས་མཚམས། སི་ཁྲོན་གྱི་ཁོངས་གཏོགས་སུ། རྩྭ་ཆུ་འཛོམས་ཤིང་ལོངས་སྤྱོད་རྒྱས་པ། གྲུབ་མཐའ་རིས་མེད་ཀྱི་བསྟན་པ་དར་ས། རིགས་ཞེན་ཟབ་ཅིང་ལ་རྒྱ་ཡོད་པ། མཎ་ཌལ་གྱི་ཚོམ་བུ་མཆོད་པར་བཤམས་འདྲའི་རྔ་བ་རྫོང་ལ་རྔ་སྟོད་སྨད་གཉིས་སམ་གསུམ་དུ་ཕྱེས་པ་ལས་རྔ་སྟོད་ཀྱི་ཕྱིའི་སྣོད་ཀྱི་བཀོད་པ་ནི།
  བཀའ་གདམས་གླེགས་བམ་ལས། དུས་དགུན་གསུམ་དཀར་བོ་ཤེལ་གྱི་མདོག། དུས་དབྱར་གསུམ་སྔོན་པོ་གཡུ་ཡི་མདོག། དུས་སྟོན་གསུམ་སེར་བོ་གསེར་གྱི་མདོག། དུས་དཔྱིད་གསུམ་ཁྲ་བོ་གཟི་ཡི་མདོག། གསུངས་པ་ལྟར། དུས་བཞིའི་འགྱུར་ལྡོག་གསལ་བ། མཁའ་དབུགས་གཙང་ཞིང་སྨན་སྣ་མང་བ། ཆུ་བོ་ཡན་ལག་བརྒྱད་ལྡན་དལ་གྱིས་འབབ་པ། གྲོ་ནས་སྲན་གསུམ་གྱི་སྙེ་ཞགས་ཆུ་བོའི་རླབས་ལྟར་འཕྱོ་ཞིང་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་བས་ཞིང་འབྲོག་ཟུང་གི་འཚོ་བ་སྣུམ་པ་སོགས་ཁྱད་ཆོས་དང་དགེ་མཚན་དུ་མས་མཛེས་པར་ཕྱུག་ཡོད་ལ། དེ་ལྟ་བུའི་ས་ཡི་ཐིག་ལེར་དཀར་དམར་མེ་ཏོག་ཁྲ་ཆི་ལེར་བཞད་སའི་དགོན་གནས་བཀྲ་ཤིས་ཆོས་ཐང་ནི། རིན་ཆེན་བུམ་པའི་གཟུགས་སུ་ཡོད་ཅིང་པདྨ་འདབ་བརྒྱད་ཀྱི་རྟགས་མཚན་ཕྱོགས་སུ་བཀྲ་བ། གནམ་ལ་འཁོར་ལོ་རྩིབས་བརྒྱད་ཀྱིས་མཚན་ཞིང་ཉི་མའི་དབྱིབས་སུ་གདུགས་ལྟར་འཁོད་པ། རྒྱབ་རི་མཆོད་རྟེན་སྒོ་ཁྱིམ་དབྱིབས་ལྡན་གྱི་རྩེ་མོ་རྒྱལ་མཚན་བསྒྲེངས་པ་ལྟར་མཐོ་ཞིང་བརྗིད་པ། མདུན་རི་དུང་དཀར་གཡས་འཁྱིལ་གྱི་གཟུགས་ལ་ཆུ་ཕྲན་མང་བོ་དཔལ་བེའུའི་ཚུལ་དུ་འབབ་པ། ཤར་ནུབ་གཉིས་སུ་དྭངས་བསིལ་རྫ་ཆུ་བསིལ་མ་ཟུང་གསེར་གྱི་ཉ་མོ་འཁྱུག་པ་ལྟར་ལྷུང་ལྷུང་གླུ་སྒྲ་སྒྲོག་བཞིན་འབབ་པ་སོགས་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚན་མ་ལྷུན་གྱིས་གྲུབ་པ། ཤར་ལྷོ་ན་ཀླུ་ཆུ་དུང་ཆུང་དཀར་མོའི་ཆུ་མིག་དང་། ནུབ་བྱང་ན་ཆུ་འགོ་བརྒྱ་དང་བརྒྱད་ལྡན་གྱི་ཚྭ་ཆུ་གཉིས་མཆོད་ཡོན་གྱི་ཚུལ་དུ་བཤམས་པ་སོགས་མ་བཅོས་རང་བྱུང་གིས་གྲུབ་པའི་དགེ་མཚན་བརྗོད་ཀྱིས་མི་ལངས་པ་དང་། སའི་ལེགས་ཉེས་དཔྱད་པའི་གཙུག་ལག་གི་དགོངས་དོན་ལྟར་ན་ཡང་། ཤར་གྱི་གད་པ་སྐྱ་བོ་རྒྱ་སྟག་སྐྱ་བོས་མཆེ་བ་གཙིགས་འདྲ། ལྷོ་ཡི་རྔ་ཆུ་རིང་མོ་གཡུ་འབྲུག་ཐང་ནས་འཁྱུག་འདྲ། ནུབ་ཀྱི་བདེ་འཛོམས་རི་རྒྱུད་ཁྱུང་ཆེན་མཁའ་ལ་ལྡིང་འདྲ། བྱང་གི་བྲག་རྒན་རི་བོ་རུས་སྤལ་སེར་བོ་ཐང་ལ་གོག་པ་ལྟ་བུ་སྟེ་སའི་སྲུང་བཞི། དགེ་འདུན་འདུས་པའི་སྡེ་ཆེན་གོང་དུ་འཕེལ་བའི་བརྡར་ཤར་ཕྱོགས་ཀྱི་མཐོངས་ཡངས་པ། སྐུ་ཚེ་མཛད་འཕྲིན་རིང་བའི་རྟགས་སུ་ནུབ་ཕྱོགས་རིང་དུ་གཏན་པ་སོགས་ས་ཡི་ཀྭ་བཞི་དང་དགེ་བཅུ་ཚང་བའི་ཡུལ་ཁྱད་པར་ཅན་དེ་ནི། སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ཆེན་པོ་ལྷུན་གྱིས་ཆགས་པའི་གནས་ཁྱད་པར་ཅན་ལགས་སོ།།
  དེ་ལྟའི་ཁྱད་དུ་འཕགས་པའི་གནས་མཆོག་འདིར་ཆོས་ཀྱི་སྡེ་ཆེན་པོ་ཇི་ལྟར་བཏབ་ཚུལ་ནི། སྔོན་ཀུན་མཁྱེན་སྐུ་གོང་མ་ལའང་རྔ་ཡུལ་ཕྱོགས་འདིར་འབྲས་སྤུངས་སྒོ་མང་གི་མཚན་སྒྲ་འཛིན་པའི་ཆོས་སྡེ་ཞིག་འཛུགས་རྒྱུའི་ཐུགས་འདུན་ཡོད་ལ། སྤྱི 1759 ལོར་ཀུན་མཁྱེན་སྐུ་འཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་བོ་དཔལ་བཟང་བོ་མཆོག་དབུས་ནས་ཆིབས་ཁ་བསྒྱུར་ཅིང་སྒོ་ལ་བརྒྱུད་དེ་རིམ་གྱིས་རྭ་སྒྲེང་དུ་བྱོན་པ་ན། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་བོ་ཡང་དགའ་ལྡན་བརྒྱུད་དེ་དེར་ཕེབས་པས་ཡབ་སྲས་གཉིས་ཉིན་གཅིག་ལ་བཀའ་གདམས་གདན་ས་ཆེན་པོར་ཞལ་འཛོམས། དཀོན་མཆོག་འཇིགས་མེད་དབང་བོས་ཀུན་གཟིགས་མཆོག་ལ་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་ཞུས་ཤིང་ཆིབས་ཆེན་དཀར་བོ་ཞིག་ཕུལ་བར་ཐུགས་ཤིན་ཏུ་དགྱེས། དེ་ནས་ཀུན་མཁྱེན་མཆོག་གིས། ངས་རྔ་ཡུལ་དུ་དགོན་སྡེ་ཞིག་བཏབ་ན་འཕེལ་རྒྱས་ཅི་འདྲ་འབྱུང་ཞུས་པར། ཀུན་གཟིགས་རིན་པོ་ཆེས། དེ་ནི་ཤིན་ཏུ་ལེགས། ཀུན་མཁྱེན་གོང་མའི་ཐུགས་བཞེད་ལྟར་འབྲས་སྤུངས་སྒོ་མང་གི་མཚན་སྒྲ་འཛིན་པའི་ཆོས་སྡེ་ཞིག་ཐོབས་དང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཕེལ་རྒྱས་ཆེན་པོ་འབྱུང་ཞེས་མ་འོངས་ལུང་དུ་བསྟན་ཅིང་ཙན་དན་དཀར་བོའི་གཎྜི་ཞིག་ཀྱང་རྟེན་སྐལ་དུ་གནང་བར་གྲགས།
  གཞན་ཡང་ཀུན་མཁྱེན་མཆོག་གིས་ལྕང་སྐྱ་རོལ་བའི་རོལ་རྡོ་རྗེ་དང་། ཀློང་རྡོལ་རིན་པོ་ཆེ་ངག་དབང་བློ་བཟང་སོགས་ཡེ་ཤེས་ཀྱི་སྤྱན་ལ་དབང་འབྱོར་བའི་མཁས་གྲུབ་མང་བོར་དགོན་འདི་འཛུགས་བཞེད་ཀྱི་བརྟག་པ་ཞུས་པར་ཐམས་ཅད་ཀྱིས་རྒྱལ་བསྟན་རིན་པོ་ཆེའི་རྒྱན་དུ་འགྱུར་བའི་ལུང་བསྟན་དང་། རྟེན་བྱིན་ཅན་མང་བོ་གནང་། བླ་མའི་ཐུགས་བསྐྱེད་དང་འགྲོ་བའི་བསོད་ནམས་ཟུང་དུ་འབྲེལ་བས། སྐབས་དེའི་ཡུལ་འདིའི་རྡོར་ཞར་དཔོན་པོས་གཙོས་ཨ་རན་ཚོ་བ་བརྒྱད་ཀྱི་མི་སྣ་ཆེ་ཕྲ་དུ་མས་རྩེ་གཅིག་གུས་པ་ཆེན་པོས་རྔ་ཡུལ་སྤྱིའི་མཆོད་གནས། ཤི་བོས་སྔས་གཏོད་ས་དང་། གསོན་པོས་སྐྱབས་འཚོལ་ཡུལ་གྱི་དགོན་པ་ཞིག་འདེབས་དགོས་ཚུལ་ཡང་ཡང་ཞུས་པས། རྗེ་ཉིད་ནས་ཀྱང་ཡུལ་འདིའི་གདུལ་བྱ་རྣམས་རྗེས་སུ་འཛིན་པའི་དུས་ལ་བབས་པར་དགོངས་ནས། སྤྱི་ལོ 1790ལོའི་ཧོར་ཟླ་གཉིས་པར་རྔ་ཡུལ་སྟོད་དུ་ཆིབས་བསྒྱུར་གནང་། ཕྱོགས་ཐམས་ཅད་ནས་འདུས་པའི་མཇལ་བ་སྟོང་ཕྲག་མང་བོ་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ཆེན་བསྩལ།
  གཟའ་སྐར་གྱི་འཕྲོད་སྦྱོར་ཤིན་ཏུ་ལེགས་པའི་ཉིན་འཁོར་ཚོགས་རྒྱ་ཆེན་པོ་དང་བཅས་གདན་ས་འཚོལ་ཕྱིར་ད་ལྟའི་ས་འདིར་ཕེབས་ཏེ་ཡུལ་མི་ཞིག་ལ་ཐང་འདིའི་མིང་ལ་ཅི་ཟེར་དྲིས་ཚེ། བཀྲ་ཤིས་ཆོས་ཐང་དུ་འབོད་ཅེས་ཞུས་པར། ཁོང་ཐུགས་དགྱེས་པ་ཆེན་པོས། ད་ནི་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་ཏུ་བྱུང་། སྔོན་ཀུན་མཁྱེན་སྐུ་གོང་མས་ཀྱང་རྩེ་པོ་ཏ་ལའི་གཟིམ་ཆུང་བཀྲ་ཤིས་བཀོད་པར་ཐམས་ཅད་མཁྱེན་པ་ངག་དབང་ཡེ་ཤེས་རྒྱ་མཚོར་བཀའ་ཆོས་གནང་སྐབས། ད་ཕྱིན་ངེད་རང་ཚོ་གང་དུ་སོང་ནའང་བཀྲ་ཤིས་ཟེར་བ་ཞིག་འོང་གསུངས་པ་ལྟར། ཐོག་མར་བཀྲ་ཤིས་སྒོ་མང་གི་བླ་མ་གནང་། དེ་ནས་མཆོད་གཞིས་བཀྲ་ཤིས་རྩེ་བྱུང་། ཕྱིས་སུ་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་རྒྱལ་བས་ལུང་བསྟན་པའི་ཆོས་སྡེ་ཆེན་པོ་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་ཕྱག་འདེབས་མཛད་པ་རེད། དེ་རིང་ཡང་ང་ཚོ་བཀྲ་ཤིས་ཆོས་ཐང་དུ་སླེབས་ཚེ་ཆིབས་རྟ་ཉལ་ཞིང་རང་བྱུང་ས་ཡི་བཀོད་པའང་ཆེས་ཆེར་བཀྲ་བས་གདན་ས་དངོས་འདི་ཡིན་པར་འདུག་སོགས་གསུངས་ཏེ། དགོན་སྡེ་འདིར་ཡང་བསླབ་པ་གསུམ་ལྡན་ཞིང་།། བྱམས་དང་སྙིང་རྗེས་རྒྱུད་གང་མཁས་བཙུན་ཞིང་།། གསུང་རབས་དྲང་ངེས་རིགས་པས་ལེགས་རྟོགས་ནས།། ལམ་རིམ་གཉིས་སོགས་ཐུབ་བསྟན་དར་བར་ཤོག། ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་དུ་མ་དང་མེ་ཏོག་འཐོར་ཏེ་གདན་ས་བྱིན་གྱིས་བརླབས། སྒོ་མང་སྒར་དགའ་ལྡན་བསླབ་གསུམ་ཟུང་འཇུག་བདེ་ཆེན་གླིང་ཞེས། མཁས་གྲུབ་བྱེ་བས་རོལ་གནས་འབྲས་སྤུངས་སྒོ་མང་གི་མཚན་སྒྲ་གསོལ་ཏེ་བཤད་སྒྲུབ་གཉིས་ཀྱི་ཆ་ནས་ཡར་ཚེས་ཟླ་བའི་འཕེལ་ཁར་འགྲན་པའི་ཐུགས་སྨོན་རྒྱ་ཆེར་གནང་སྟེ་ཐོག་མར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ཕྱག་འདེབས་གནང་།
  སྤྱི་ལོ 1791 ལོའི་དབྱར་ཐོག་ཁོང་གི་ཐུགས་སྲས་མཁས་བཙུན་བཟང་གསུམ་གྱི་མངའ་བདག་རྗེ་གུང་ཐང་བསྟན་པའི་སྒྲོན་མེར་བཀའ་གནང་བ་བཞིན་ཕེབས་ཏེ། བཀྲ་ཤིས་གསོ་སྦྱོང་དང་། ས་བརྟག་བསླངས།ལྟོ་འཕྱེའི་ཐིག་རྒྱས་པར་གནང་ནས་འདུ་ཁང་གི་རྨང་བཏིང་བ་སོགས་བླ་མའི་མཛད་འཕྲིན་གྱི་འཕྲོ་བསྐྱངས་ཤིང་དགོན་འདིའི་ཁྲི་ཐོག་དང་བོར་བཞུགས། སྤྱི་ལོ 1807ལོར་ཀུན་མཁྱེན་སྐུ་འཕྲེང་གསུམ་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་རྒྱ་མཚོ་དཔལ་བཟང་བོ་མཆོག་དགོན་འདིར་ཕེབས་ནས། ཉིན་ཞག་དུ་མར་ལྷོད་བཞུགས་ཀྱིས་འགྲིག་ལམ་ཀུན་སྤྱོད་སོགས་ལ་ཞིབ་གཟིགས་གནང་། དགོན་འདིའི་འདོན་རྟ་དབྱངས། རྒྱུད་ཀྱི་འཆད་ཉན་སོགས་ཁུངས་བཙུན་ཞིང་གྲྭ་ས་ཆེན་པོའི་ཕྱག་བཞེས་ལྟར་གྲྭ་མ་ཉམས་པར་འདུག་ཅེས་ཐུགས་དགྱེས་པའི་གསུང་གནང་། ཨ་རན་ཚོ་བ་བརྒྱད་ཀྱི་སྡེ་ཕལ་ཆེར་ལ་ཕེབས་ཤིང་འཕོ་བ་ལྗགས་བསྔོ་སོགས་འདོད་ཆོས་གང་ཞུས་འཕྲལ་དུ་གནང་།
  སྤྱི་ལོ 1834ལོར་ཆོས་སྡེ་ཆེན་པོ་འདིའི་ཁྲི་ལས་ཐོག་པ་ཁྱ་དགེ་དཔོན་སློབ་སྤྲུལ་བའི་སྐུ་དཀོན་མཆོག་ཆོས་ལྡན་ཚང་དང་སྐུ་ཚབ་རྒན་གྱའི་ཚང་ར་གཉིས་ཀྱིས་གཙོར་བྱས་ཏེ་གདན་འདྲེན་ཞུས་པ་བཞིན་སླར་ཡང་ཀུན་མཁྱེན་སྐུ་འཕྲེང་གསུམ་པའི་ཆིབས་ཞལ་གླིང་འདིར་བསྒྱུར། ཐར་བ་དོན་གཉེར་ཅན་མང་བོ་རབ་བྱུང་དང་དགེ་ཚུལ་སློང་གི་སྡོམ་པའི་དཔལ་ལ་བཀོད། སེར་སྐྱའི་ཚོགས་པ་སྟོང་ཕྲག་བདུན་ལྷག་དང་བཅས་པའི་ཁྲོམ་ལ། གསང་བདེ་འཇུག་གསུམ་གྱི་དབང་དང་། ཐུགས་རྗེ་ཆེན་པོའི་དབང་གི་བཀའ་ཁྲིད་བསྩལ། ཁྱ་དགེ་ཚང་ནས་གཟིམ་ཁང་ཕུལ་ཞིང་། གཞན་རྔ་སྟོད་སྨད་ཀྱི་སྒྲུབ་སྡེ་མང་བོས་གདན་དྲངས་པའི་སར་ཕེབས་ཏེ་རང་རང་གི་འདོད་མོས་ཀྱི་ཆོས་བཀའ་དང་། བསུ་བར་ཀུན་རིག་གི་དབང་གནང་། གྲོང་བ་རྣམས་ཀྱིས་ནན་ཞུས་བཞིན་ཉིན་རེར་མི་ཁྱིམ་ཉེར་ལྔ་རེར་ཕེབས་ཤིང་དབང་ཆེན་བདུན་རེ་གནང་སྟེ་སོ་སོའི་རེ་བ་ཚིམ་པར་བསྐངས། ཚེས་བཅོ་ལྔའི་གསོ་སྦྱོང་གི་མགོན་དུ་ཕེབས་ནས་ཆོས་བསྒྲགས་པའི་མདོ་དང་། སོ་ཐར་གྱི་མདོའི་གླེང་གཞིའི་ལྗགས་ལུང་དང་། ལྟུང་བ་སྡེ་ལྔ་ཐོས་བསྒྲགས་ཀྱི་བཀའ་དྲིན་ཡང་བསྐྱངས་། ཀུན་གཟིགས་བཅུ་བ་ཆེན་མོ་དང་། ཀུན་མཁྱེན་སྐུ་འཕྲེང་དྲུག་པ། གུང་ཐང་བསྟན་པའི་དབང་ཕྱུག རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ། དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ། དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བློ་བཟང་རྒྱ་མཚོ། དགེ་བའི་བཤེས་གཉེན་ཆེན་མོ་རྗེ་གྲགས་པ་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་མང་བོ་སྔ་ཕྱིར་བྱོན་ཏེ་དབང་ལུང་མན་ངག་དང་མདོ་སྔགས་གཉིས་ཆ་ནས་དཔེ་ཁྲིད་གང་མང་གནང་སྟེ་བཤད་སྒྲུབ་གདུགས་དཀར་སྲིད་ན་མཐོ་བར་མཛད།
  སྤྱི་ལོ 1995ལོར་ཧྭར་བ་སྤྲུལ་བའི་སྐུ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་མཆོག་གིས་བསྟན་སྤེལ་འགྲོ་ཕན་ཚོགས་པ་གསར་བཙུགས། དཔེ་རྒྱུན་དཀོན་པའི་གསུང་རབ་མང་བོ་དཔར་བསྐྲུན་གྱིས་མདོ་དབུས་ཁམས་ཁམས་གསུམ་གྱི་དགོན་སྡེ་དང་སློབ་གཉེར་བ་དག་ལ་རིན་མེད་དུ་ཕུལ་ཞིང་། ནད་པ་སེར་སྐྱ་སྟོང་ཕྲག་མང་བོར་སྨན་སྦྱིན། དབུལ་བོའི་འཚོ་བའི་ཁ་སྣོན་སོགས་བསྟན་འགྲོའི་དོན་རྒྱ་ཆེན་པོ་བསྒྲུབས།
  སྤྱི་ལོ 1999ལོར་རྗེ་ཧྭར་བ་སྤྲུལ་བའི་སྐུ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་མཆོག་གིས་གསར་བཞེངས་མཛད་པའི་བྱང་ཆུབ་མཆོད་རྟེན་ཆེན་མོ་མཐོང་བ་དོན་ལྡན་རྟེན་དང་བརྟེན་པ་བཅས་སྲིད་ན་དཀོན་པ་དེ་ཉིད་ལེགས་གྲུབ་ཀྱི་དགའ་སྟོན་བསྟར། སྤྱི་ལོ 2002ལོར་ཧྭར་བ་སྤྲུལ་བའི་སྐུ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་མཆོག་གིས་སྡེ་འདིར་མདོ་སྔགས་བཤད་སྒྲུབ་གླིང་གསར་འཛུགས་མཛད་དེ་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ་མཆོག་གིས་ལམ་རིམ་བཤད་ལུང་བསྩལ། རིམ་གྱིས་གྲྭ་ས་རང་དང་ཕྱོགས་སོ་སོའི་གྲྭ་བཙུན་སློབ་གཉེར་བ་མང་བོ་སློབ་མར་བསྡུས་ཏེ། གཙོ་བོ་གྲྭ་ས་རང་གི་དགེ་བཤེས་རྣམས་ཀྱིས་གཞུང་བཀའ་པོད་ལྔའི་དཔེ་ཁྲིད་རྒྱུན་པར་གནང་བས་དགོན་སྡེ་འདིའི་འཆད་ཉན་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཚོད་དུ་འཕེལ་རྒྱས་བླ་མེད་བྱུང་། སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་དགེ་འདུན་པའི་ཞལ་གྲངས་ཀྱང་ཆིག་སྟོང་སུམ་བརྒྱ་ཡས་མས་སུ་འཕེལ་བར་མ་ཟད། ཆོས་འདུལ་བའི་བཅས་ཁྲིམས་ངོས་གཙང་བ། ཐུགས་མཐུན་པ། འདོན་རྟ་དབྱངས། རྡུང་ཕྱག་ལེན། གཞུང་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞིའི་འཆད་ཉན་དར་བ། ཐ་སྙད་རིག་གནས་པ་མང་བ། དུས་དང་བསྟུན་པའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་མཁས་པ་སོགས་འཇམ་མགོན་རྒྱལ་བའི་རིང་ལུགས་ཕྱོགས་མཐར་སྤེལ་བའི་ཆོས་ཀྱི་རྫོང་ཆེན་མོའི་ངོ་བོར་མི་འགྱུར་རྟག་བརྟན་རྡོ་རྗེའི་གཤིས་སུ་གྲུབ་པ་འདི་བཞིན་ལགས་སོ།།
  སྤྱི་ལོ 2012ལོར་སྐྱབས་རྗེ་ཧྭར་བ་སྤྲུལ་བའི་སྐུ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་དཔལ་བཟང་བོའི་ཐུགས་བསྐྱེད་ཉག་གཅིག་ལ་བརྟེན་ནས། ས་གསུམ་ན་མཐོང་བར་དཀོན་པའི་གཙུག་ལག་ཁང་ཆེན་མོ་མཁས་གྲུབ་བྱེ་བའི་གཙུག་རྒྱན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཞུགས་གནས་ཕོ་བྲང་ཡིད་དགའ་ཆོས་འཛིན་གསར་བཞེངས་ཀྱི་དབུ་བརྩམས་ཏེ། ཨ་ཁུ་ལྷག་བསམ་ཅན་རྒན་འཇིགས་པོ་ལགས་ཀྱིས་སྣེ་ཁྲིད་ནས་ལས་བཟོ་བ་བརྒྱ་ཕྲག་དུ་མས་ལོ་འཁོར་ལྔ་ལྷག་ལ་བརྩོན་པ་བསྐྱེད་མཐར། བྱམས་ཆེན་ལྷ་ཁང་མཐོང་བ་ཀུན་གྲོལ་དང་། ཨེ་ཝཾ་ཆོས་འཁོར་གླིང་། ཕོ་བྲང་བཀྲ་ཤིས་གཡས་འཁྱིལ། གཟིམ་ཁང་ཉི་འོད་རང་འཁྱིལ། བདེ་ཡངས་དེ་ཉིད་རབ་གསལ། གཟིམ་ཆུང་བཀྲ་ཤིས་འོད་འབར། བཀའ་གདམས་ལྷ་ཁང་བྱམས་བརྩེ་རང་འཁྲུངས། སྤྱི་དོན་ལས་སྒྲུབ་ཁང་། བཅུད་ལྡན་གསོལ་ཚིགས་ཁང་། རྟེན་མཛོད་ནོར་འཛིན་ཀུན་ཕན་གླིང་། མཆོད་ཁང་རྩེ་རྒྱལ་མཚན་ཏོག་དཀར། བཀྲ་ཤིས་ལྷུན་གྲུབ་ཁང་། ལེགས་བཤད་དགའ་ཚལ། ཕོ་བྲང་ཕུན་ཚོགས་འོད་འབར། གཟིམ་ཁང་བདེ་ཆེན་ཀུན་བཟང་། བདེ་ཡངས་ཏིང་འཛིན་རང་འཁྲུངས། གཟིམ་ཆུང་ཞི་བསིལ་ཟླ་སྣང་། དགེ་ལྡན་ལྷ་ཁང་སྲིད་གསུམ་མཛེས་རྒྱན། བློ་གསལ་རིག་གཞུང་སློབ་ཁང་། མགྲོན་བསུ་ལྷན་འཛོམས་ཁང་ཆེན། གསང་སྔགས་བདེ་ཆེན་གླིང་།འདུ་ཁང་ཆེན་མོ་དགེ་ལེགས་པད་མོའི་སྐྱེད་ཚལ་གླིང་། ཚོགས་ཁང་བཞེད་དོན་ལྷུན་འགྲུབ་དང་བཅས་པའི་རྟེན་དང་བརྟེན་པ་མ་ཚང་བ་མེད་པ་ལྷའི་བཟོ་བོ་བི་ཤྭ་ཀརྨའི་པུར་རྩེ་ལས་འཁྲུངས་པ་དང་གཉིས་སུ་མེད་པ། དགའ་ལྡན་དག་པའི་ཞིང་ཁམས་དངོས་སུ་མི་ཡུལ་དུ་བབས་འདྲ། མཐོང་ཐོས་དྲན་རེག་གང་གིས་ཀྱང་བསོད་ནམས་ཆུ་གཏེར་གྱི་འཕེལ་ཁ་རྒྱས་ཤིང་མངོན་མཐོ་ངེས་ཀྱི་དཔལ་ལ་འགོད་པ། སྙིགས་མའི་རྒུད་པ་རྨང་ནས་སེལ་ཞིང་རྒྱལ་བསྟན་རིན་པོ་ཆེ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱེད་པའི་ངོ་མཚར་སྤྲུལ་བའི་གཙུག་ལག་ཁང་ཆེན་མོ་འདི་ཉིད་ལེགས་པར་གྲུབ་སྟེ། མདོ་དབུས་ཁམས་གསུམ་གྱི་གྲུབ་མཐའ་རིས་སུ་མཆིས་པའི་དགོན་སྡེ་བརྒྱ་ཕྲག་དུ་མའི་བླ་སྤྲུལ་དགེ་བའི་དགེ་བའི་བཤེས་གཉེན་དང་། བསླབ་གསུམ་རྒྱན་གྱིས་མཛེས་པའི་དགེ་འདུན་པ་ཆིག་ཁྲི་ཡས་མས་དང་། མཐོ་བ་དབང་གིས་བརྗིད་པའི་དཔོན་པོ། རྒྱུ་འབྱོར་ལོངས་སྤྱོད་ཀྱིས་ཕྱུག་པའི་དོན་མཐུན་པ། དད་པའི་རི་མོ་བཀྲ་བའི་མཇལ་བ། ངོ་མཚར་འཕྲུལ་གྱིས་བཀུག་པའི་ཡུལ་སྐོར་བ། ཆོས་སྡེ་རང་གི་བསྟན་པའི་སྦྱིན་བདག་ཨ་རན་ཚོ་བ་དྲུག་དང་།མཐའ་བ་ཧུ་ར་མ།དམེ་སྐོར་རི་གྲོང་། ཨ་འདུས་ཚོ་བཞི། ཁང་སར་ཁང་རྒན་སོགས་མི་སྣ་ཁྲི་ཕྲག་མང་བོ་གདན་འཛོམས་ཏེ། གཟབ་རྒྱས་ཆེ་བའི་བཀྲ་ཤིས་སྒོ་འབྱེད་ཀྱི་ཚོགས་འདུ། དགེ་འདུན་པ་རྣམས་ཀྱིས་གཙུག་ལག་ཁང་ཆེན་མོར་རབ་གནས་ཁྲུས་གསོལ་དང་འབྲེལ་མདོ་སྔགས་དམ་བཅའ་ཆེན་མོ་དང་གཞུང་ཆེན་མང་བོའི་བློ་རྒྱུགས་སོགས་ཆོས་ཀྱི་དགའ་སྟོན། བསྟན་པའི་སྦྱིན་བདག་རྣམས་ཀྱིས་ཉིན་་དུ་མའི་རིང་ལ་གླུ་ལེན་གར་རྩེད་སོགས་སྒོ་གསུམ་གྱི་མཆོད་པ་གཙང་མའི་ལས་ལ་བྲེལ་བའི་བཀྲ་ཤིས་རྫོགས་ལྡན་གྱི་དུས་སྟོན་ཆེན་མོར་རོལ་བའི་རྫོགས་ལྡན་གསར་བའི་སྤྲོ་དགའ་མངོན་དུ་གྱུར་ཏོ།།
རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།