中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > དགོན་སྡེ་ངོ་སྤྲོད། >
༄༅།།ལྷ་ལྡན་གཙུག་ལག་ཁང་གི་ཕྱོགས་བཞིའི་དར་ཆེན་ལྔ།
དུས་ཚོད།2019-04-03 15:36:21     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་བོད་ཀྱི་དྲྭ་བ།    ཆུང་། | འབྲིང་། | ཆེ།
འདིར་ལྷ་ལྡན་གཙུག་ལག་ཁང་གི་བར་སྐོར་གྱི་དར་ཆེན་ལྔ་ངོ་སྤྲོད་མདོར་བསྡུས་ཞེས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཟིན་བྲིས་ཤིག་བཀོད་ཡོད།
གཙུག་ལག་ཁང་གི་མདུན་ནས་གཡས་སུ་བསྐོར་ཏེ་བྱོན་ན།
༡.བྱང་ཤར་དུ་དགའ་ལྡན་དར་སྨྱོན་གཡང་འབོད།
༢.ཤར་དུ་ཤར་སྐྱ་རེངས་དར་ཆེན།
༣.ལྷོ་ནུབ་ཏུ་བསྐལ་བཟང་དར་ཆེན།
༤.མདུན་གྱི་གཡོན་ཟུར་དུ་སྤྱིའི་དར་ཆེན།
༥.མདུན་གྱི་གཡས་སུ་བཀྲ་ཤིས་དར་ཆེན།

༼ ༡ ༽ དགའ་ལྡན་དར་སྨྱོན་གཡང་འབོད་ནི། སོག་པོའི་དམག་དཔོན་དགའ་ལྡན་ཚེ་དབང་གིས་ནུབ་མངའ་རིས་སྐོར་གསུམ་ཕྱོགས་སུ་དམག་དྲངས་ཏེ། ལ་དྭགས་རྒྱལ་བོ་སེང་གེ་རྣམ་རྒྱལ་ཆམ་ལ་ཕབ་ནས་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་སུ་བསྡུས་པའི་རྒྱལ་ཁའི་དགའ་སྟོན་རྟེན་འབྲེལ་དུ༼ ༡༦༨༡ ༽བཙུགས།
༼ ༢ ༽ ཤར་སྐྱ་རེངས་དར་ཆེན་ནི། རྗེ་ཙོང་ཁ་བ་ཆེན་པོ་དགུང་གྲངས་ང་གསུམ་པར་གནས་སྐོར་དུ་ཕེབས་ནས་ཕྱག་འཁར་ས་ལ་བཙུགས་པའི་གནས་སུ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་དུ་དབུ་འཛུགས་མཛད་སྐབས་དགའ་སྟོན་རྟེན་འབྲེལ་དུ༼༡༤༠༩༽བཙུགས།
༼ ༣ ༽ བསྐལ་བཟང་དར་ཆེན་ནི། རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཡང་སྲིད་ལ་རྩོད་ཉོག་མང་དུ་བྱུང་ཞིང་། རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་ལི་ཐང་དུ་འཁྲུངས་ནས་རྐྱེན་མང་བོ་ཞིག་གིས་ཡུན་རིང་བོར་ལྷ་སར་ཞབས་སོར་འཁོད་མ་ཐུབ་པར་ལུས་པ་ལས། འབངས་ཡོངས་ཀྱི་རེ་སྨོན་མངོན་དུ་གྱུར་ཏེ་དངོས་སུ་རྒྱལ་བའི་དབང་བོའི་གསེར་ཀྱི་ཁྲི་ལ་མངའ་གསོལ་མཛད་པའི་བསྐལ་བཟང་རྫོགས་ལྡན་གསར་བ་མངོན་པར་ཤར་བའི་དགའ་སྟོན་རྟེན་འབྲེལ་དུ་གསུང་ཆོས་ར་བའི་མདུན་ལ༼༡༧༢༠༽བཙུགས།
༼ ༤ ༽ སྤྱིའི་དར་ཆེན་ནི། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་མདོ་ཁམས༼སི་ཁྲོན༽བེ་རི་རྒྱལ་བོ་དོན་ཡོད་རྒྱལ་ཆམ་ལ་ཕབ་པས། སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་དགའ་སྟོན་རྗེས་དྲན་དུ༼༡༦༣༤༽བཙུགས།
༼ ༥ ༽ བཀྲ་ཤིས་དར་ཆེན་ནི། པཎ་ཆེན་བཅུ་བ་ཆེན་པོས་རིག་གནས་གསར་བརྗེ་གོ་ཆག་ཆེན་པོའི་ཕྱིས་སུ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བསྐྱར་འཛུགས་གནང་བའིབཀྲ་ཤིས་པའི་དགའ་སྟོན་རྟེན་འབྲེལ་དུ༼༡༩༨༦༽བཙུགས།


དར་ཆེན་འདི་དག་ལ་དར་ལྕོག་འཕངས་པའི་ཕན་ཡོན་དམ་པའི་གསུང་བགྲོས་ལས་འབྱུང་བ་ལྟར་ན། དགའ་ལྡན་དར་སྨྱོན་གཡང་འབོད་ལ་ནི་ཁྱིམ་ལ་གོད་ཆག་བྱུང་བའི་རིགས་ཀྱིས་དར་ལྕོག་འཕངས་ན་གྱོང་དང་གོད་ཆག་རང་ཞི་ཞིང་ཁྱིམ་ལ་གཡང་འཁོར་ཟས་ལ་བཅུད་ཆགས།
ཤར་སྐྱ་རེངས་དར་ཆེན་ལ་ནི་གདན་ས་གསུམ་དུ་སློབ་གཉེར་ལ་ཕེབས་པའི་དཔེ་ཆ་བ་རྣམ་པས་དར་ལྕོག་འཕངས་ན། རྗེ་ཐམད་ཅད་མཁྱེན་པའི་མདོ་སྔགས་ཀྱིས་བསྡུས་པའི་གཞུང་ལུགས་གང་ལའང་སློབ་གཉེར་གྱི་བྱ་བར་བགེགས་དང་བར་ཆད་མི་འབྱུང་ཞིང་སློབ་གཉེར་ལེགས་པར་མཐར་ཕྱིན་པར་འགྱུར་བའི་དགེ་མཚན་ལྡན།

བསྐལ་བཟང་དར་ཆེན་ལ་ནི་ཁ་ལས་མི་དགེ་ཞིང་བྱ་བ་གང་ཡིན་ལམ་འགྲོ་མི་འོང་བ་དག་གིས་དར་ལྕོག་འཕངས་ན་ཁ་ལས་དགེ་ཞིང་བྱ་བ་མཐའ་དག་ལམ་འགྲོ་ཡོང་བ་ཚིག་བཙུན་པར་འགྱུར་བའི་ཁྱད་ཆོས་ལྡན།
སྤྱིའི་དར་ཆེན་ལ་ནི་ཚོང་བ་ཚོས་དར་ལྕོག་འཕངས་ན་ཚོང་ལྷ་འཁོར་ཞིང་ཚོང་ལ་ཁེ་བཟང་འབྱུང་བ། རླུང་རྟ་དར་བ་དང་འབྱོར་ཕྱུག་རྒྱས་པའི་ཕན་ཡོན་འབྱུང་།
བཀྲ་ཤིས་དར་ཆེན་ལ་ནི་དགོན་པ་དང་གྲྭ་བ། རུ་སྡེ་དང་ཁྱིམ་ཚང་སོགས་རྩོད་གླེང་བྱུང་བ་དག་གིས་དར་ལྕོག་འཕངས་ན་ཁ་མཆུ་འདུམ་ཞིང་འཆམ་པོ་མཐུན་པོ་འབྱུང་བར་པཎ་ཆེན་བཅུ་བ་ཆེན་པོ་ཁོང་གིས་དངོས་སུ་བྱིན་གྱིས་བརླབས་ཡོད་པར་སྐྱེས་ཆེན་དམ་པ་དུ་མའི་གསུངས་ལས་ཐོས་སོ། །   ཞེས་དར་ཆེན་ལྔའི་ངོ་སྤྲོད་རག་བསྡུས་འདི་ནི་གཞན་དག་ལ་ཕན་པ་ཅུང་ཙམ་རེ་འབྱུང་སྲིད་དམ་སྙམ་པའི་ཀུན་སློང་རྣམ་དག་གི་སྒོ་ནས་ཟམ་ཚའི་དགེ་འདུན་དར་རྒྱས་ཀྱིས་ཟིན་ཐོར་བཀོད་པའོ། །

                                                                                                                                                    རྩོམ་པ་པོ། ཟམ་ཚའི་དགེ་འདུན་དར་རྒྱས།


Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།