中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > དགོན་སྡེ་ངོ་སྤྲོད། >
༄༅།།ཅོ་ནེ་དགོན་ཆེན་དགའ་ལྡན་བཤད་སྒྲུབ་གླིང་ངམ་ཏིང་འཛིན་དར་རྒྱས་གླིང་།
དུས་ཚོད།2016-05-14 10:53:19     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
གཅིག དགོན་པའི་གནས་ཀྱི་བཀོད་པ་སོགས་གླེང་བ།
ཅོ་ནེ་དགོན་དགའ་ལྡན་བཤད་སྒྲུབ་གླིང་ངམ་ཏིང་འཛིན་དར་རྒྱས་གླིང་ནི་བོད་ཡུལ་མདོ་སྨད་ཤར་ཕྱོགས་ཀྱི་སའི་ཆ། ཆོས་རྒྱལ་སྲོང་བཙན་སྒམ་པོས་རི་པད་མ་ཅན་ཞེས་གསུངས་པར་ངོས་འཛིན་ཅིང་། རྒྱ་ཡུལ་དུ་བསྟན་པ་དར་བའི་ཐོག་མར་ས་འདུལ་མཛད་པའི་གསུང་རྒྱུན་ཅན(ལེན་ཧཱ་ཧྲན)དུ་འབོད་པའི་ལྷོ་ཕྱོགས་ས་ལེ་བར་ཉིས་བརྒྱར་ཉེ་བ་ན། ཀླུ་ཆུ་ཞེས་ཉལ་འགྲོའི་ཀླུང་ཆེན་པོ་ཤར་ལྷོར་དལ་གྱིས་འབབ་པའི་བྱང་འགྲམ། གནམ་འཁོར་ལོ་རྩིབས་བརྒྱད་ཉི་མའི་དབྱིབས་སུ་འཁོད་པ། ས་པད་མ་འདབ་བརྒྱད་ཟླ་ཚེས་རྣམ་པར་ཤར་བ་ལྟ་བུ། ཉི་ཟླ་ཁ་སྤྲོད་ཀྱི་བཀོད་པ་ངང་གིས་གྲུབ་པ། རྒྱབ་རི་ནོར་བུ་སུམ་བརྩེགས་མཐོ་ལ་ལྷུན་ཆགས་པ། མདུན་རི་གསོམ་ཤུག་སོགས་ཤིང་སྣ་ཚོགས་པའི་ནགས་ཚལ་སྟུག་པོའི་བཀོད་པས་མཛེས་ཤིང་དུས་བཞིར་གཡུ་ཡི་མདངས་མི་འགྱུར་བ། རྣམ་སྲས་རྟ་བརྒྱད་ཀྱི་བྱད་འཛོམས་པ། དགོན་པར་ཉེ་བའི་མགོན་པོ་ཐང་གི་བྲག་ངོས་ལ་རྒྱ་དཀར་ནག་དང་བོད་ཀྱི་ཡིག་རང་བྱོན་གསལ་བར་ བཞུགས་པ་སོགས་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་ཆགས་པའི་ཡུལ། སའི་དགེ་བཅུའི་དཔལ་ཚང་བ། ལུང་ཁག་ཡངས་ལ་དུས་བཞིར་འབྱུང་བའི་ཁམས་སྙོམས་པ་སོགས་མ་བསྒྲིགས་རང་བྱུང་གི་ཕྱི་སྣོད་རྒྱུ་རྐྱེན་བཟང་བོའི་རྟེན་འབྲེལ་ལྷུན་གྱིས་གྲུབ་པས། སོ་ནམ་གྱི་ལས་དང་རྐང་བཞིའི་ཕྱུགས་རིགས་སྤེལ་བའི་མཐུན་རྐྱེན་རྨད་དུ་བྱུང་ཞིང་བགྲང་ཡས་སྐྱེ་དགུའི་ཚོགས་ལ་དགའ་བདེའི་དཔལ་སྟེར་བའི་གཡང་ཆགས་པའི་ས་ལ། ཐེག་པ་རིམ་དགུའི་བསྟན་པ་རིང་ དུ་གནས་པའི་མོད་ལ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་ཐུགས་བསྐྱེད་ཀྱིས་ཕན་བདེ་འབྱུང་གནས་རྒྱལ་བ་བུ་རམ་ཤིང་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་ཉི་མ་ཆེན་པོ་ཡུལ་འདིའི་གདུལ་བྱའི་བསོད་ནམས་མཁའ་ལ་ཉེ་བར་དྲངས་ཏེ་ནོར་འཛིན་རྒྱ་ཁྱོན་ཡངས་པོར་དགེ་ལེགས་སྣང་བ་འབུམ་ཕྲག་སྤྲོ་བའི་དམ་པའི་ཆོས་ཀྱི་སྒྲོན་མེ་ཐོག་མར་སྤེལ་བར་མཛད་དོ།།
གཉིས། དགོན་པ་ཇི་ལྟར་བཏབ་ཚུལ་གླེང་བ།
དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་སངས་ རྒྱས་པའི་ཕྱི་ལོ་སྟེ་ཆུ་རྟ་ལ་དཔལ་ལྡན་འབྲས་སྤུངས་སུ་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུངས་པ་ནས་ལོ་དྲུག་བརྒྱ་དང་ཞེ་གསུམ་ན་བོད་ཡུལ་དུ་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་ པོ་བྱུང་བ་ནས་རྒྱལ་རབས་སོ་གཉིས་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་པའི་སྟེང་ཁྲིད་འཁོད། ཁོང་ནས་གདུང་རྒྱུད་ཀྱི་རྒྱལ་རབས་འགའ་ན། དགའ་ཡེ་ཤེས་དར་རྒྱས་བྱ་བ་མངའ་བདག་ཁྲི་རལ་གྱི་བློན་པོ་བྱེད་པ་མདོ་སྨད་ཕྱོགས་འདིར་ཁྲལ་བསྡུ་བའི་ཆེད་དུ་མངགས་པ། ད་ལྟའི་མཛོད་དགེ་གླིང་བ་རྨ་ཆུ་རྨེ་ཆུ་སྐ་ཆུ་གསུམ་འབབ་བ་སྤང་ལྗོངས་སོགས་ས་གཞི་ཡིད་དུ་འོང་བར་མཐོང་ཞིང་། འབངས་སུ་གྱུར་པ་མཐའ་དག་གི་དཔོན་དུ་གྱུར་ནས་བཀུར་གཟོས་ཆེ། དེ་ནས་རིགས་བཟང་ཞིང་ཁུངས་བཙུན་པའི་བུད་མེད་ཅིག་བླངས་པ་ལ་བུ་ལྔ་སྐྱེས། ཆེ་བས་ཡབ་ཀྱི་སྲིད་བཟུང་། དེའི་རྒྱུད་ལས་སྤྱང་ཐི་དང་དངོ་ཐི་གཉིས་བྱུང་། དེ་གཉིས་བློ་རྣོ་ཞིང་ཤེས་རབ་ཆེ་བས་མཛོད་དགེ་སྟོད་སྨད་ཀྱི་ས་ཆ་ལ་ཕྱུགས་སྐྱོང་བའི་སར་བཟང་ཡང་། ཞིང་ས་ལྡན་ པའི་གནས་གཞི་བཟང་བོ་ཞིག་བཙལ་བར་འདོད་ནས་ཅོ་ནེའི་ས་ཕྱོགས་འདིར་བྱོན་ནས་དང་བོ་རེ་ཞིག་རྟ་མགོ་ཕུགས་ཟེར་བ་ཞིག་ཏུ་ཤིང་གི་སྤྱིལ་བུ་ཕུབ་སྟེ་བསྡད། ཕྱིས་ནས་དེའི་རྗེས་དྲན་དུ་དཔོན་བཅུ་དགུ་བ་བློ་བཟང་བསྟན་འཛིན་རྣམ་རྒྱལ་རྡོ་རྗེ་འདི་བའི་བར་ལོ་ལྟར་ལོ་གསར་ དགའ་སྟོན་ལ་རོལ་སྐབས། ཕོ་བྲང་རྭ་བར་སྤྱིལ་བུ་ཞིག་ཕུབས། དེར་དཔོན་འཁོར་བཅས་འཁོད་དེ་ལོ་སྟོན་བྱེད་སྲོལ་མ་ཆད་པར་ཡོད། གང་ལྟར་མེས་གོང་མ་རྣམ་གཉིས་བློ་རྣོ་བ་དང་ དཔའ་རྩལ་ཆེ་བ། དགེ་ལ་དགའ་བ། དམན་པ་ལ་བརྩེ་བ་སོགས་ཡོན་ཏན་དུ་མ་དང་ལྡན་པའི་སྟོབས་ཀྱིས་ཕྱོགས་འདིའི་སྐྱེ་བོ་ཐམས་ཅད་ཀྱིས་རང་གི་དཔོན་པོར་བསྐོས་ཏེ་ཅི་གསུང་དང་དུ་ལེན་པར་གྱུར། འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་ཧོར་སེ་ཆེན་རྒྱལ་པོས་རྒྱལ་ ནང་དུ་གདན་དྲངས། དེ་དུས་འཕགས་པ་ད་ལྟའི་ཅོ་ནེའི་ལུང་འདིར་བྱོན། གནས་འདི་ཉིད་ས་བཀྲ་ལེགས་ཤིང་དགོན་པ་བཏབ་ན་བསྟན་པ་ལ་ཕན་པར་གསུངས་འདུག ཉིད་ཀྱི་ཞལ་སློབ་ས་སྐྱའི་དགེ་བཤེས་ཤེས་རབ་ཡེ་ཤེས་ལ་གནས་གཞི་འདིང་དུ་བཅུག རྟེན་བཞེངས་སོགས་ཀྱི་ཞལ་བཀོད་དང་དགོས་ཆས་རྣམས་བསྩལ། གནས་དེར་ཅོ་ཤིང་ཡ་མཚན་ཅན་ཞིག་ཡོད་པ་གཟིགས་པས་དགོན་པའི་མིང་ལ་ཅོ་ནེ་དགོན་ཞེས་ཐོགས་གསུངས། དགེ་བཤེས་དེས་འཕགས་པའི་བཀའ་བཞིན་རབ་བྱུང་ལྔ་བའི་ཤིང་ལུག(སྤྱི་ལོ༡༢༩༥)ཡོན་རྒྱལ་རབས་ཀྱི་ཡོན་ཀྲིན་ཁྲི་ལོ་ དང་པོ་ལ་འགོ་བརྩམས། གསང་བ་འདུས་པའི་ལྷ་ཁང་རྟེན་དང་བརྟེན་པ་མགོན་པོའི་སྐུ་བརྙན་སོགས་སྐུ་གསུང་ཐུགས་རྟེན་རྒྱ་ཆེར་བཞེངས་ཏེ་རབ་ གནས་མཛད་ཚུལ་བསྟན་འགྱུར་དཀར་ཆག་རིན་པོ་ཆེར་གསུངས། དེ་ན་རབ་བྱུང་བཞི་བའི་ཤིང་ལུག(སྤྱི་ལོ༡༢༣༥)ལ་འགྲོ་མགོན་འཕགས་པ་སྐུ་འཁྲུངས། རབ་བྱུང་ལྔ་བའི་ལྕགས་འབྲུག་ལོ(སྤྱི་ལོ༡༢༨༠)ལ་གཤེགས། ཏཱ་བོན་ལོ་རྒྱུས་སུའང་དེ་དང་ཆ་འདྲ་བ་ལུང་གིས་ བསྟན་ཚུལ་བཤད། རྗེ་འཕགས་པའི་བདག་རྐྱེན་ལས་ཅོ་ནེ་དགོན་བྱུང་བ་ཡིན་ནོ།།
གསུམ། དགོན་པའི་འཕེལ་འགྲིབ་དང་སྦྲགས་ཞར་བྱུང་དཔོན་རབས་བཤད་པ།
དུས་ཤིག་ན་དཔོན་སྤྱང་ཐིལ་དགོན་པར་མཇལ་དུ་འབྱོན་སྐབས་ཆུ་ཆེན་པོ་འགྲོ་བའི་སྣེ་ ལ་ཐུག དགོན་དུ་འཕགས་པའི་སློབ་མ་བླ་མ་དགེ་བཤེས་ཀྱིས་ཆུ་སྣེ་ལ་ཐུག་པའི་རྟེན་འབྲེལ་གྱིས་ཁྱེད་ཀྱི་མི་རྒྱུད་ཆུ་བོ་གང་གཱའི་རྒྱུན་ལྟར་རིང་ལ། འཁོར་འདབ་ཀྱང་རྒྱས་པ་ཞིག་འོང་གསུངས་པས་དགོན་པ་གཏད། དེ་ནས་བཟུང་ཅོ་ནེ་དཔོན་པོ་ཞེས་ཕྱོགས་ཀུན་ཏུ་གྲགས་ཞེས་ གསུངས་པ་དཔག་ན། དེ་ནས་བཟུང་དཔོན་པོ་ཞེས་པའི་སྔར་གྱི་མིང་གི་ཟུར་ལ་ཅོ་ནེ་དགོན་པ་ཞེས་པའི་ཅོ་ནེ་སྦྲེལ་ཏེ། ཅོ་ནེ་དཔོན་པོ་ཞེས་ད་ལྟའི་མིང་ཧྲིལ་བོར་ཆགས་པ་འདི་གྲགས་པར་ ངེས་སོ།། ནུ་བོ་དངོ་ཐིལ་སྲིད་མ་བསྐྱངས་པར་ལ་ལུང་ཞེས་པའི་ས་ཁུལ་དུ་མི་རྒྱུད་དར་ཞིང་ཞི་བཞིན་ཞེས་ཚོ་བའི་མི་ཁྱིམ་དུ་མ་ཡོད་ཅིང་། གཅེན་སྤྱང་ཐིལ་དང་དངོ་ཐི་ཟེར་བའི་གཏམ་རྒྱུད་ཀྱང་བྱུང་། དེའི་རྒྱུད་པ་བཙན་པོ་སྐུ་མཆེད་བཞི་འཁྲུངས། ཆེ་བས་དཔོན་ས་བཟུང་། ཆུང་བ་  གསུམ་རབ་ཏུ་བྱུང་། གཉིས་དགོན་པའི་ཤར་ནུབ་ཏུ་བཞུགས་ནས་འཛིན་སྐྱོང་མཛད། ནུབ་ཀྱི་འདི་ཅོག་རོའི་སི་ཀན་མཛད། གཅིག་ནི་རིན་ཆེན་ལྷུན་པོ་བར་གྲགས་པ་དེ་ཡིན་ལ་ཁོང་དབུས་སུ་བྱོན་ནས་ཆོས་རྗེ་ཡེ་ཤེས་བཟང་བོ་སོགས་བཤེས་གཉེན་དུ་མའི་ཞབས་བསྟེན་ཏེ། མདོ་སྔགས་ལ་གསན་སྦྱོང་མཐར་ཕྱིན་པར་མཛད་པས་མཁས་པའི་དབང་བོར་གྱུར། དེ་ནས་རང་ ཡུལ་དུ་བྱོན་ནས་ཆོས་ཀྱི་ཆར་ཆེན་པོ་ཕབ་སྟེ་གདུལ་བྱ་ཚིམ་པར་མཛད་ཆེད་དགའ་ལྡན་བཤད་སྒྲུབ་གླིང་ཞེས་དགོན་པ་སྔར་ས་སྐྱ་བ་ཡིན་པ་དགེ་ལུགས་སུ་བསྒྱུར་ནས་རང་ཉིད་ཆོས་ཁྲིར་འཁོད་དེ་བསྐྱངས། སྡེ་འདིའི་བླ་རབས་ལོ་རྒྱུས་སུ་རྗེ་བདག་ཉིད་ཆེན་པོ་གཤེགས་ནས་ལོ་ཉི་ཤུ་མ་ལོན་ཙམ། དེ་ལ་ལྷ་དང་བླ་མའི་ལུང་བསྟན་བཞིན་རབ་བྱུང་བརྒྱད་པའི་ས་ཡོས(སྤྱི་ལོ༡༤༥༩)ལ་ཏིང་འཛིན་དར་རྒྱས་གླིང་ཞེས་མཚན་ཡང་བསྐྱར་བཏགས། དགོན་སྡེ་འདི་ཉིད་བཏབ་ཅེས་བཤད་མོད། དེ་དུས་དགེ་ལུགས་སུ་བསྒྱུར་པ་ལ་དགོངས་པར་ངེས། ཁྲི་རིན་པོ་ཆེ་ཚུལ་ཁྲིམས་དར་རྒྱས་པའི་རྣམ་ཐར་དུ་ཡང་ཆོས་རྗེ་དེ་ཉིད་ལ་རྗེ་དགེ་འདུན་གྲུབ་ཀྱིས་དྲེའུ་དཀར་མོ་ཞིག་གནང་། འདི་ཉལ་ས་ཞིག་ལ་དགོན་པ་ཐོབ་ཅེས་ལུང་བསྟན། ར་མོ་ཆེའི་ལྷ་ཁང་ལ་དཔེ་བླངས་ཏེ་གཙུག་ལག་ཁང་བཞེངས་པ་ལ། ད་ལྟ་གསང་འདུས་ལྷ་ཁང་དུ་གྲགས་ཞེས་བཤད་པའང་གོང་དུ་སྨྲས་མ་ཐག་པའི་དགེ་ལུགས་སུ་བསྒྱུར་རྒྱུ་ལུང་གིས་ཟིན་པ་ལས། དགོན་འདེབས་པར་གོ་ཚེ་དགོན་པ་བྱུང་བ་དངོས་དང་འགལ་ལམ་སྙམ། དེ་དུས་གྲྭ་བ་ཡང་སྟོང་ལྷག་ཞལ་འཛོམས་ཟེར། གོང་མ་ཀྲེན་ཐུང་ཁྲི་ལོ་དགུ་བ་ལ་ཐོའུ་ཤུས་གནང་བ་དེང་སང་ཅོག་རོ་ནང་བའི་རྟེན་གྲས་སུ་ཡོད། སྲས་བཀྲ་ཤིས་དང་དེའི་སྲས་དགའ་སྐྱེས། འདིའི་དུས་སུ་གྲྭ་བ༣༨༠༠ཡོད་ཟེར། དེའི་སྲས་དབང་ཕྱུག་གིས་སྲིད་བསྐྱངས། འདིས་ཅཱང་ཏེ་རྒྱལ་པོ་ཁྲི་ལོ་གསུམ་པ་རབ་བྱུང་བརྒྱད་པའི་ཆུ་སྤྲེལ(འདི་རྒྱ་དཔེ་ལ་བསྡུར་ནས་བཅོས་པ་ཡིན)(༡༤༥༢)ལ་ཅཱང་ཏེ་ རྒྱལ་བོ་དང་མཇལ། དཔོན་འདི་ཉིད་ཀྱི་རུས་དགའ་ཡིན་པ་ལ། ཅཱང་ཏེ་རྒྱལ་བོའི་ལུང་གིས། རྒྱ་ནག་ སྐད་དུ་རུས་ལ་ཡཱང་དང་མིང་ལ་ཧུང་ཞེས་ཡང་བསྐྱར་འདོགས་པ་གནང་བ་ནས་ད་ལྟར་འབོད་པ་རྒྱུན་འབྱམས་སུ་གྱུར། དེའི་སྲས་ཡཱང་ཙིན། འདིས་ཅོ་ནེ་ མདོར་རྫོང་བརྩིགས། དེའི་སྲས་ཡཱང་ཁའི་མུས། དེའི་སྲས་ཡཱང་ཀོ་ལུང་དང་ཡཱང་ཀི་ཧྥུ་ཞེས་པ་གཉིས་བྱུང་། ཆེ་བས་སྲིད་  བསྐྱངས། ཆུང་བ་རྫོང་ནང་སྒར་དུ་བཞུགས་ཀྱང་རྒྱུད་པ་མ་བྱུང་བ་འདྲ། རྫོང་ནང་སྒང་ལྷ་ཁང་དུ་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་ལོ་རྒྱུས་ཅན། གེ་སར་རྒྱ་བཞེངས་འཁོར་བཅས་ཕོ་བྲང་རྒྱ་ཁྱོན་ལྡན་པ་བཞེངས། འདི་རྣམས་ཀྱིས་དགོན་པ་ལ་ སྐུ་གསུང་ཐུགས་རྟེན་མཆོད་རྫས་ཡོ་བྱད་སོགས་དང་འགྱེད་མང་བསྐོལ་གྱི་བསྙེན་བཀུར་རྒྱ་ཆེར་བྱས་ནས་སྐྱོང་བཀུར་ཚད་མེད་པ་མཛད། ཡཱང་ཀོ་ལུང་གི་སྲས་ཚེ་དབང་དོན་གྲུབ་ནི་ཁྲུན་ཀྲེན་རྒྱལ་པོ་རྒྱལ་སར་བཞུགས་ནས་ལོ་ངོ་བཅོ་ལྔ་བ་ལྕགས་འབྲུག་ལ་འཁྲུངས། དགུང་ལོ་བཞི་ནས་སློབ་དཔོན་བསྟེན་ཏེ་བོད་ཡིག་དང་སྐར་རྩིས་སོགས་ལ་སྦྱངས། གསེར་ཁང་ཆོས་རྗེ་ མཆོད་གནས་སུ་བཀུར། ཡིག་དཀར་ནག་ལ་མཁས་པར་སྦྱངས་པས་རང་ཉིད་ཀྱིས་བརྒྱད་སྟོང་གསེར་བྲིས་བཀའ་འགྱུར་ཏི་དང་དངུལ་བྲིས་ཚར་གཅིག་བཞེངས། གསེར་གྱིས་བྲིས་པའི་བཀའ་འགྱུར་ལ་ཡོན་དོང་ཙེ་ཁྲོན་བདུན་བརྒྱ་དང་སོ་དྲུག་ཕུལ། བཀའ་འགྱུར་དབུས་པར། ཁམས་ཀྱི་པར་མ། རྒྱ་ནག་གི་པར་མ་གསུམ་བླུས་པའི་ཡོན་དུ་དངུལ་སྲང་བརྒྱད་བརྒྱ་དང་གྱ་བརྒྱད་ཕུལ། ནེའུ་མགོ་བ་ངག་དབང་རྒྱལ་མཚན་ ཆེད་གཉེར་གྱིས་བླ་མར་བསྟེན་ཏེ་བཀའ་ཆོས་ཞུས། གུར་ཡག་རི་ཁྲོད་དུ་གཟིམ་ཁང་བརྒྱབ་སྟེ་དེར་བཞུགས་སུ་བཅུག ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་གསུང་རབ་མང་བོ་གསེར་དངུལ་ཅི་རིགས་ཀྱིས་བཞེངས། བཀའ་བསྟན་ཀློག་པ་དང་། རྒྱུད་སྡེ་བཞི་སྟོང་ཚར་ཙམ་གསུངས། དགོན་ཆེན་དུ་མགོན་ཁང་། གཟིམ་ཁང་། སྨན་བླའི་ལྷ་ཁང་རྣམས་བཞེངས། དགེ་ འདུན་ལ་མཆོད་འབུལ་བསྙེན་བཀུར་རྒྱ་ཆེར་བསྒྲུབ། སྨན་བླ། གནས་བཅུ། མི་འཁྲུགས་པ་རྣམས་ཀྱི་ཆོ་གའི་རྒྱུན་བཙུགས་པ་སོགས་ཕྱག་རྗེས་ཆེ། འབངས་རྣམས་དང་རྒྱལ་སྲིད་ཚུལ་བཞིན་དུ་བསྐྱངས་ཏེ། བསྟན་སྲིད་དོན་དུ་མི་མང་བོ་བསད་པས་སྡིག་པ་ཤིན་ཏུ་ཆེ་བར་དགོངས་ནས་གུར་ཡག་ཅེས་གྲགས་པ་སོགས་བླ་མ་དུ་མའི་ཞབས་ལ་བསྟེན་ནས་བཀའ་འགྱུར་ཚར་གཉིས་གསུང་སྒྲོག་དང་དག་པའི་ལས་ལམ་རྒྱ་ཆེར་བསྒྲུབ། དེ་ནས་དབུས་སུ་བྱོན་ཏེ་སྔགས་དང་མཚན་ཉིད་ལ་མཁས་པར་སྦྱངས། ཁྱད་པར་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་པཎ་ཆེན་ཐམས་ཅད་མཁྱེན་པ་གཉིས་ལ་ཆོས་འབྲེལ་ཞུས། ཇོ་ཤཱཀྱ་རྣམ་གཉིས་གཙོ་བྱས་རྟེན་ རྣམས་ལ་བརྒྱ་མཆོད་དང་གྲྭ་ས་ཆེན་པོ་སེ་འབྲས་དགེ་གསུམ་སོགས་ལ་མང་འགྱེད་བཅས་རྣམ་དཀར་གྱི་དགེ་བ་རླབས་པོ་ཆེ་བསྒྲུབ་ནས་སྐུ་དོན་མཐར་ཕྱིན་པར་མཛད། དེའི་སྲས་བློ་བཟང་དོན་གྲུབ་འདི་བས་མཚན་བརྗོད་ཞལ་འདོན་མཛད་པ་སོགས་ཆོས་ལ་དཀར། རི་དྭགས་གཤོར་བར་བྱོན་སྐབས་ཨ་གྱའི་ཟམ་ཕུག་གི་ཀླུ་མེས་དཔོན་ལ་འཚེ་བ་བྱས། དཔོན་འདིས་མི་ཁྲིམས་  ལྟར་ཀླུ་དེ་གནས་རི་ལ་དབྱུག་པ་བཅད། བཀའབཀྱོན་གནང་། ཐེ་བོ་རྣམས་ཆོས་མ་དར་ཞིང་ སྡིག་སྤྱོད་ལ་དགའ་བས་དམག་གིས་འབངས་སུ་བཅུག་ནས་ཆོས་དར་བར་བྱས། ལྕགས་བྱ་ལོར་གོང་མ་ཁང་ཤཱར་རྒྱལ་བོ་ལ་མཇལ་དུ་བྱོན། གོང་མ་ཐུགས་མཉེས་པའི་གསུང་གླེང་མང་དུ་མཛད་པའི་མཐར་ཁྱོད་བོད་ཀྱི་དཔོན་པོ་ཡིན་པས་བོད་ཀྱི་ཆོས་ཤེས་སམ་ཞེས་བཀའ་འདྲི་གནང་བའི་ལན་དུ་ཅུང་ཟད་ཤེས་ཚུལ་ཞུས་ཏེ་ཐུགས་དགྱེས་པས། བདག་རྐྱེན་གནང་སྦྱིན་མཐའ་ ཡས་པ་བསྩལ། དེ་ནས་རང་ཡུལ་དུ་བྱོན་ཏེ་ཆས་པའི་གཤིས། གཤེན་ཚ་སྒང་གཤིས། བདེ་ཐང་སོགས་འཇིག་རྟེན་པའི་ལྷ་འདྲེ་སྐྱབས་སུ་འཛིན་ཅིང་། ཤ་ཁྲག་གི་མཆོད་སྦྱིན་བྱེད་པའི་བོན་རྣམས་ཀྱི་ཆོས་ལུགས་དོར་ནས་དགེ་ལུགས་སུ་བསྒྱུར། ཀླུ་ཆུང་དགོན་རྙིང་གི་གཙུག་ལག་ཁང་ བཞེངས་ཏེ་ཁྲི་བ་དགོན་ཆེན་ནས་བསྐོ་བའི་སྲོལ་ཕྱེ། ཤིང་གླང་ལོར་མདོ་དགོན་གཉིས་ལ་མཆོད་རྟེན་མཐོ་ཚད་ཁྲུ་སུམ་ཅུའི་ཚད་རེ་བཞེངས། དགོན་པར་ལི་མ་ཁང་། མི་འཁྲུགས་པའི་ལྷ་ཁང་རྣམས་བཞེངས། ས་སྦྲུལ་ལ་བསྟན་འགྱུར་གསར་བཞེངས་མཛད། དེའི་བཙུན་མོ་བློ་བཟང་མཚོས་ཀྱང་མཚལ་སྣག་སྤེལ་མའི་བཀའ་འགྱུར་གསར་བཞེངས་མཛད། གཞན་ཞལ་འདོན་དུ་མ་དང་ལྷ་ཁང་དུ་མ་ཞིག་གསོས་སོགས་རྣམ་དཀར་ལ་གཞོལ་བ་ཞིག་རེད། བློ་བཟང་དོན་གྲུབ་ལ་སྲས་གཉིས་ཡོད་དེ་ཆེ་བ་དམག་ཟོར་མགོན་པོ་དང་ཆུང་བ་གུཤྲཱི་ངག་དབང་འཕྲིན་ལས་རྒྱ་ མཚོ། དེ་ཡང་དང་བོ་ནི་དགུང་ལོ་བཅུ་གཉིས་ལོན་པའི་ཚེ་རྒྱ་བོད་ཀྱི་ཡི་ གེ་སོགས་རིག་གནས་ལ་མཁར་པར་སྦྱངས། དགུང་ལོ་བཅུ་དྲུག་ལོན་པའི་ཚེ་རིགས་རུས་ཕུན་སུམ་ཚོགས་པའི་བཙུན་མོ་སྨན་བྱང་བྱ་བ་ཁབ་ཏུ་བཞེས། ཧེས་ཞིས་སྤན་ཀྱང་འདི་དུས་མི་སྡེར་བཀུག གོང་མ་ཁང་ཞི་ དགུང་ལོ་ང་ལྔ་བ་ལ་མཇལ། རྟ་རྒྱུག་མདའ་འཕེན་སོགས་ཀྱིས་ཁང་ཞི་མཆོག་ཐུགས་མཉེས། མ་ཤྲཱི་ལྔ་བ་རྗེ་བསོད་ནམས་རྒྱ་མཚོ། ཀུན་མཁྱེན་འཇམ་དབྱངས་བཞད་པ། སེ་ར་པཎྚི་ཏ་བློ་བཟང་སྦྱིན་པ། སྟོབས་ལྡན་སྔགས་རམས་པ། ཁྱ་དགེ་དཔོན་སློབ་སོགས་གདན་དྲངས་ཏེ་བཀའ་ཆོས་མང་དུ་ཞུས། དེའི་བཙུན་མོ་ས་སྨན་བྱང་གིས་རྣམ་རྒྱལ་མའི་ལྷ་ཁང་བཞེངས་ཏེ་དེའི་སྒྲུབ་རྒྱུན་བཙུགས། ཀླུ་རི་བྲག་མགོར་དཔོན་དམག་ཟོར་མགོན་པོའི་བཙུན་མོསྨན་བྱང་གིས་བཞེངས་པའི་བཅུ་གཅིག་ཞལ་གྱི་ལྷ་ཁང་། དཔོན་ཆེན་ཡབ་ཡུམ་སྲས་གསུམ་གསུང་གླེང་མཛད་དེ། རྒྱལ་བའི་བཀའ་རིན་པོ་ཆེ་པར་དུ་བསྒྲུབ་ན་བསྟན་པ་དང་སྐྱེ་རྒུ་རྣམས་ཀྱི་ཕན་བདེའི་རྩ་བར་འདུག་པར་དགོངས་ནས་ཁུར་དུ་བཞེས་ཏེ། མངའ་འོག་ན་ཡོད་པའི་པར་ཡིག་པ་མི་ལྔ་བཅུ། དག་ཐེར་བྱེད་མི་བཅུ། པར་རྐོ་བ་མི་སུམ་བརྒྱ་ཡོད་པ་རྣམས་བསྡུས་ཏེ། དེ་དག་ལ་དར་ཧན་གྱི་བདག་རྐྱེན་གནང་། པར་ཤིང་དང་ཡོ་བྱད་ཐམས་ཅད་བསྒྲུབ། ལི་ཐང་པར་མ་དང་། རྒྱ་པར། དབུས་བྲིས་དག་པ་གསུམ་ཕྱི་མོར་བྱས་ཏེ་ཡོངས་སུ་རྫོགས་པར་བཞེངས་ནས་འཛད་པ་མེད་པའི་ཆོས་ཀྱི་སྦྱིན་པས་ཕྱོགས་ཀུན་ཏུ་ཁྱབ། བཀའ་འགྱུར་བཞེངས་པའི་ཡོན་ལ་དངུལ་སྲང་ཁྲི་ ཕྲག་གཅིག་དང་བདུན་སྟོང་ལྔ་བརྒྱ་དང་ཉེར་ལྔ་སོང་། གྲྭ་ཚང་གསར་ཚུགས་ལ་དངུལ་སྲང་  སྟོང་དང་ལྔ་བརྒྱ་ཙམ་གྱི་འདུ་ཁང་བཞེངས། དངུལ་སྲང་སྟོང་ཕྲག་ལྷག་ཙམ་གྱིས་ཇོ་ཁང་དང་། དངུལ་སྲང་ལྔ་བརྒྱ་ལྷག་ཙམ་གྱིས་བདེ་མཆོག་ལྷ་ཁང་ཡང་བཞེངས། དངུལ་སྲང་ཉིས་སྟོང་ལྷག་ཙམ་ཕུལ་ཏེ་ཕོ་བྲང་ནས(པེ་ཅིན)གདན་དྲངས་པའི་བཀའ་འགྱུར་ཇོ་ཁང་དུ་བཞུགས། རྗེའི་གསུང་འབུམ་གསེར་གྱིས་བཞེངས་པར་དངུལ་སྲང་སྟོང་ཕྲག་གསུམ་དང་བརྒྱ་ལྷག་སོང་། གཞན་ཡང་བཀའ་འགྱུར་དབུས་མ་དང་རྒྱ་མ་ཚར་གཉིས་ཀྱིས་གཙོས་རྟེན་གསུམ་མང་དུ་སྒྲུབས་སོ།།
ཏཱ་གུ་ཤྲྀ་ངག་དབང་འཕྲིན་ལས་རྒྱ་མཚོ་ནི་རབ་བྱུང་བཅུ་གཉིས་པའི་ས་འབྲུག(སྤྱི་     ལོ༡༦༨༨)ལ་འཁྲུངས། འདུལ་འཛིན་ངག་དབང་བསོད་ནམས་ལས་རབ་ཏུ་བྱུང་། རྒྱའི་སློབ་ དཔོན་ལིས་ཞཱན་ཟིན་བསྟེན་ནས་རྒྱ་ཡིག་བསླབ་པས་འབྲི་ཀློག་རྩོམ་གསུམ་ཚེགས་མེད་དུ་མཁྱེན། ཉན་མཛངས་པ་ལས་བོད་ཡིག་སྦྱངས། འདོན་ཆ་རྣམས་ལོ་གཅིག་ལ་ཐུགས་སུ་ཆུད།  དགེ་སློང་དཀོན་མཆོག་རྒྱ་མཚོར་བསྟེན་ནས་ཡི་གེ་འབྲི་ཚུལ་བསླབས། མེ་སྤྲེལ་ལ་ཕུ་བོ་སྲིད་སྐྱོང་དང་མཉམ་དུ་གོང་མ་ཁང་ཞིར་མཇལ། ཏཱ་གུ་ཤྲྀའི་མཆིས་སུ་ཙི་པེན། གསེར་ཐམ་བཅས་ གནང་། ལུགས་གཉིས་མཁྱེན་རྒྱ་ཆེ་བའི་མི་དཔོན་ཀུན་གྱི་ཡིད་འཕྲོགས། སྐུ་གསུང་ཐུགས་རྟེན་མང་དུ་གདན་འདྲེན་ཞུས། གུར་ཡག་ངག་དབང་རྒྱལ་མཚན་གྱི་ཞབས་ལ་གཏུགས། རྗེའི་མདོ་སྔགས་ཀྱི་ལམ་རིམ་སོགས་ཆོས་མང་དུ་ཞུས། དེའི་སློབ་མ་ཡུ་གུར་བ་བློ་བཟང་ཡར་འཕེལ་ལས་སུམ་རྟགས་སོགས་བསླབས། རྗེ་གྲགས་པ་བཤད་སྒྲུབ་པའི་དྲུང་ནས་སྙན་ངག་སྡེབ་སྦྱོར་སོགས་ཐུན་མོང་བའི་རིག་གནས་དང་དབང་ལུང་མན་ངག་དུ་མ་གསན་ཏེ་ཕྱི་ནང་རིག་གནས་ཀུན་ལ་མཁས་པར་སྦྱངས། ཁྱ་དགེ་དཔོན་སློབ་ལས་པཎ་ཆེན་ཆོས་རྒྱན་གྱི་གསུང་འབུམ་ལུང་སོགས་ དང་། གདན་སའི་ཁྲི་ཐོག་པ་འཇམ་དབྱངས་དགེ་ལེགས། སྟག་ཚང་དཔོན་སློབ། རྭ་ཁོ་དཔོན་ སློབ་སོགས་ལས་ཀྱང་ཆོས་གསན། སྟོབས་ལྡན་སྔགས་རམས་པ་ལས་སྔགས་ཀྱི་དཀའ་གནད་དུ་མ་དང་། ཟབ་ཆོས་རྒྱ་ཆེར་ཞུས། སྔར་དཔོན་སློབ་འགའ་ཞིག་གིས་འཆད་ཉན་ལན་དུ་མར་བཙུགས་ཀྱང་ཡུན་རིང་མ་གནས། གོང་མ་ཆེན་པོའི་བཀའ་དང་ཉིད་ནས་ཀྱང་མདོ་སྔགས་ཟུང་འབྲེལ་གྱི་འཆད་ཉན་འཛུགས་པར་དགོངས་ནས། དགུང་ལོ་ཉེར་བདུན་པ་རབ་བྱུང་བཅུ་གཉིས་པ(སྤྱི་ལོ༡༧༡༤)ཤིང་རྟ་ལ་ཚོགས་ཆེན་ལས་ཟུར་དུ་ཕྱེ་ནས་མཚན་ཉིད་གྲྭ་ཚང་དང་། དེ་ནས་ལོ་བཅོ་ལྔ་འདས་པའི་ས་བྱ་ལ་རྒྱུད་གྲྭ་བཙུགས། འདུ་ཁང་ཡང་གཉིས་ཐོག་དྲི་གཙང་ཁང་དང་བཅས་པ་བཞེངས། རྒྱུད་སྨད་ལྟར་གྲྭ་དཔོན་སློབ་དང་བཅས་པ། དགོན་ཆེན། གོང་སོ། ནགས་མདོ། ཀླུ་ཆུང་། མཐའ་ཚང་། མན་ཇུ། གླིང་གསར་སོགས་གར་བཞུགས་སུ་ཆོས་ཐོག་བཙུགས་ཏེ་རྒྱུད་པ་དཔོན་སློབ་ཀྱིས་བསྐྱེད་རྫོགས་ཀྱི་བཤད་པ་གནང་། ལུག་ལོར་མ་ཡུམ་གཤེགས་པའི་དགོངས་རྫོགས་ཆེད། མདོ་དགོན་ཐུན་མོང་ནས་དབུས་གཙང་དུ་མང་འགྱེད་རྒྱ་ཆེར་བསྒྲུབ། དངུལ་སྲང་སྟོང་ཕྲག་ལྷག་གིས་བྱམས་ཁང་ཞིག་གསོས་མཛད། ཀླུ་ཆུང་། ནགས་ མདོ། གོང་སོ་དགོན་རྣམས་སུ་འདུ་ཁང་ལྷ་ཁང་དུ་མ་བསྐྲུན། ཁྱ་དགེ་དང་། ཚ་རྡོར་དགོན་གྱི་ འདུ་ཁང་གསར་བཞེངས་ལ་གྲོགས་ལྡན་ཀྱང་མཛད། ནགས་མདོར་ཆུ་སྟོད་ཚེས་བཞི་དང་།གོང་སོར་ས་ག་ཟླ་བའི་བཅོ་ལྔ་ལ་བསྙེན་བཀུར་ཆག་མེད། ཚོགས་ཆེན་ལ་དངུལ་འགྱེད་ལན་གཉིས། ཁ་དར་སོགས་ལྔ་ཚན་གྱི་འགྱེད། རྒྱུད་པའི་གྲྭ་བ་རེ་ལ་དངུལསྲང་གསུམ་རེ་དང་གང་རེ་སོགས་ཀྱི་འགྱེད་ལན་དུ་མ། དངུལ་སྲང་སྟོང་ཕྲག་མང་བོས་སྡོང་ནག་དཔོན་གྱི་གཞིས་ཀ་ཉོས་ནས་རྒྱུད་པ་གྲྭ་ཚང་གི་མཆོད་ཐེབས་ལ་བཞག་འདུ་ཁང་རྣམས་སུ་མཆོད་རྫས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བསྒྲུབས། ང་གཅིག་པ་ས་རྟ་ལ་གཤེགས་པ། དཔོན་སློབ་གྲགས་པ་བཤད་སྒྲུབ་པས་གདུང་བྱིན་འབབས་བྱས། གདུང་རྟེན་བཞེངས། ཡབ་ཡུམ་འདི་གཉིས་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་འཇམ་དབྱངས་ནོར་བུ། འབྲིང་བོ་བློ་བཟང་དཔལ་འབྱོར། ཆུང་བ་ནང་སོ་བློ་བཟང་བསྟན་པའི་རྒྱལ་མཚན་འདི་བ་གོང་མ་ཁང་ཞི(སྤྱི་ལོ༡༧༠༣ལོ)ཁྲི་ལོ་ཞེ་གཉིས་པ་ཆུ་ལུག་ལ་འཁྲུངས། བོད་ཡིག་བསླབ། མདོ་གདུགས་སྒྲོལ་གསུམ་སྨོན་ ལམ་སོགས་རྒྱུན་འདོན་བྱས། དགུང་ལོ་བཅུ་བཞི་བར་རིགས་རུས་བཟང་བའི་བཙུན་མོ་རིན་ཆེན་དཔལ་འཛོམས་ཁབ་ཏུ་བཞེས། མཁས་གྲུབ་ཆེན་པོ་གྲགས་པ་བཤད་སྒྲུབ་རིན་པོཆེར་བསྟེན་ནས། རྩིས་དཀར་ནག་ཡི་གེ་སྡེབ་སྦྱོར་སུམ་རྟགས་སོགས་ལ་སྦྱངས། རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ་ལ(སྤྱི་ལོ༡༧༢༥)ལ་ཡབ་ཀྱིས་སྲིད་སྐྱོང་བར་དབང་བསྐུར། ན་ཚོད་གཞོན་ཡང་བློ་གྲོས་ཀྱི་མཁྱེན་རྒྱ་ཆེ་བས་ཆབ་འབངས་རྣམས་ཚུལ་བཞིན་དུ་བསྐྱངས། ཁེ་སྤོག་སྡེ་བ་དང་ནོར་བུ་ཇ་སག་སོགས་ཀྱིས་གོང་མ་ལ་ངོ་ལོག་བྱས་པ་རྣམས་གོང་མའི་བཀའ་ལྟར་ཕམ་པར་བཏུལ། དེའི་སྡིག་སྦྱོང་གི་ཆེད་དགེ་འདུན་ལ་བསྙེན་བཀུར་རྒྱ་ཆེར་བྱས། ཡུམ་རྒྱས་པ་གསེར་བྲིས་སོགས་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས། མདོར་གཡེང་བས་སུན་ཏེ། མ་རིའི་གཞིས་ཀར་གཟིམ་སྤྱིལ་བཏིང་ནས་ཐུགས་དམ་མཛད་དེ་ཆོས་ཀྱི་བྱ་བ་རྒྱ་ཆེར་སྤེལ། ལྕག་ལུག་ལ་ཁྲི་རྒྱལ་མཚན་སེང་གེ་ལ་རྡོར་ཕྲེང་ཞུས། གཅུང་བློ་བཟང་དཔལ་འབྱོར་དཔལ་ཡུལ་དུ་གཞིས་ཀ་བཟུང་ནས་དེར་བཞུགས། བཙུན་མོ་རིན་ཆེན་དཔལ་འཛོམས་ཁོང་ཉིད་ཀྱིས་ཕྱག་བཟོ་གཙགས་དྲུབ་ཀྱིས་རྗེ་ཡབ་སྲས་ཀྱི་གོས་སྐུ་སོགས་གོས་སྐུ་ཆེ་ཆུང་བརྒྱད་བཞེངས། གཞན་ཡང་ཐེ་བོ་དང་སྟག་ཚང་ལྷ་མོ་སོགས་ལའང་གཙགས་དྲུབ་མང་བོ་ཕུལ། སེ་རའི་གཞོན་པ་ཁམས་ཚན་ལ་སྒྲོལ་སྐུ་སོགས་ཁ་ཤས་ཕུལ། ཆུང་དུས་ནས་དམ་པའི་སྤྱོད་པ་གསལ། ཆོས་རྗེ་འཇམ་དབྱངས་ཕུན་ཚོགས་ལས་རབ་ཏུ་བྱུང་། གནས་བརྟན་འཕྲིན་ལས་དར་རྒྱས་ནས་ཀློག་བསླབས་ཤིང་། བདེ་གསང་འཇིགས་གསུམ་སོགས་ཆོ་ག་རྣམས་བློར་བཟུང་། སེ་ར་པཎྚི་ཏའི་དྲུང་དུ་དགེ་ཚུལ་བསྒྲུབས། རྗེ་གྲགས་པ་བཤད་སྒྲུབ་ལ་ས་སྙན་ངག་སོགས་རིག་གནས་ལ་མཁས་པར་སྦྱངས། བཀའ་པོཏ་ལྔའི་རིགས་ལམ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན། ཉི་ཤུ་བ་ལ་ཁྱ་དགེ་དཔོན་སློབ་ལས་བསྙེན་པར་རྫོགས། ཚུལ་ཁྲིམས་སྲུང་མཚམས་པར་ངེས་པར་མཛད། རྗེ་གསུང་འབུམ་གྱི་དཔར་གསར་དུ་བསྐྲུན། གསང་འདུས་གཙོ་བོར་བྱས་པའི་སྔགས་གྲྭ་ཞིག་བཙུགས་པ་ཁྱ་དགེ་དཔོན་སློབ་པའི་བཀས་རྒྱུད་གྲྭ་དང་གཅིག་ཏུ་བསྒྲིལ་ཏེ་མཚན་ཉིད་གྲྭ་ཚང་དང་ཟུང་འབྲེལ་དུ་བསྐྱངས། དབུས་སུ་པཎ་ཆེན་རིན་པོ་ཆེའི་དྲུང་དུ་དངོས་འབུལ་ལན་གཉིས་ཕུལ་བར་མཁན་པོ་ནོ་མོན་ཧན་གྱི་ ཆོ་ལོ་བཀའ་ཤོག་ཐམ་ཀ་དང་བཅས་པ་གནང་། ལམ་རིམ་བླ་བརྒྱུད་སོགས་ཞལ་ཐང་མང་བོ། འཇིགས་བྱེད་བློས་བསླངས། འཇམ་དབྱངས་ལྡེར་སྐུ། བདེ་གཤེགས་བརྒྱད་ཀྱི་མཆོད་རྟེན་དང་བཀའ་འགྱུར། རྗེ་ཡབ་སྲས་ཀྱི་གསུང་འབུམ་སོགས་གསུང་རབ་མང་བོ་བཞེངས། པཎ་ཆེན་འཁྲུངས་རབས་དང་གནས་བཅུའི་པར་ཀྱང་བརྐོས། ལོ་ལྟར་དུས་ཆེན་རྣམས་སུ་བརྒྱ་མཆོད་སྟོང་མཆོད་སོགས་མཆོད་འབུལ་རྒྱ་ཆེར་བགྱིས། རི་ཁྲོད་དང་དགོན་རེས་མོས་སུ་བཞུགས་ནས་དོན་གཉེར་ཅན་རྣམས་ལ་ཟབ་ཆོས་སྩོལ་བ་དང་། སྐུ་མཚམས་བསྡམ་པ་ཟུང་འབྲེལ་གྱིས་དུས་འདའ་བར་མཛད། དངུལ་སྲང་ཕྱེད་གཉིས་སྟོང་ཙམ་གྱིས་རི་བོ་ཆེར་དགེ་འདུན་གྱི་སྡེ་བཙུགས། གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་སོགས། འཁོར་ལོ་གསུམ་གྱི་མཛད་པས་ཐུབ་བསྟན་སྤེལ་བའི་མོད་ལ་སྐུ་གཤེགས་སོ། འཇམ་དབྱངས་ནོར་བུའི་སྲས་དཔོན་བསོད་ནམས་ཆོས་འཕེལ་ཡོན་ཏན་དང་ལྡན་པ་ལུགས་གཉིས་ལ་མཁྱེན་རྒྱ་ཆེ་བ་ཞིག་གོ།། དེའི་སྲས་ཆེ་བ་བསྟན་སྲུང་ཚེ་རིང་། བཅུ་བདུན་པ་ཁྲི་མདོན་མཛད། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་བོ་གདན་དྲངས་ནས་དབང་རྗེས་གནང་ཁ་ཤས་ཞུས། བསྙེན་བཀུར་དངོས་འབུལ་གྱི་མཆོད་སྦྱིན་རྒྱ་ཆེར་སྤེལ། བསྟན་འགྱུར་དཀར་ཆག་ རྩོམ་བསྐྱལ་ཞུས། དུས་རྒྱུན་ལ་སྐྱབས་འགྲོ། ལྟུང་བཤགས་སོགས་ཞལ་འདོན་ལ་བརྩོན་པ་དང་། སྨན་བླའི་ཕོ་བྲང་ཁྱད་འཕགས། དགོན་པར་ཆོས་འཁོར་ལྷ་ཁང་སོགས་རྟེན་གསུམ་མང་དུ་བཞེངས། ཅོ་ནེ་དགོན་ཁག་ལྔའི་གཙོས་དགོན་སྒྲུབ་སྡེ་ཐམས་ཅད་ལ་མང་འགྱེད་ལན་དུ་མར་ཕུལ་བ་སོགས་མཛད་པ་རླབས་ཆེ། གོང་ཁང་ཞི་ལ་མཇལ་དུས་དགོན་པའི་མིང་ལ་རྒྱའི་སྐད་དུ་ཁྲན་ཏིན་ཟི་ཞེས་ཁང་ཞི་་ལུང་གིས་བསྩལ་པ་རྒྱའི་དེབ་ཐེར་དུ་གསལ་བར་བཤད། བདེ་བར་གཤེགས་པའི་བཀའི་དགོངས་འགྲེལ་བསྟན་འགྱུར་པར་དུ་སྒྲུབ་པའི་བདག་རྐྱེན་གྱི་བྱེད་པ་པོ་ནི་ཡབ་མེས་ཀྱི་བཙུན་མོ་དང་། དཔོན་བསྟན་སྲུང་ཚེ་རིང་གཉིས་ཡིན། བསྟན་འགྱུར་དཔར་སྐྲུན་གྱི་ཡོན་ལ་དངུལ་སྲང་ཁྲི་གཅིག་དང་སུམ་སྟོང་དགུ་བརྒྱ་སུམ་ཅུའི་འབུལ་བ་དང་བྱ་དགའ་སོགས་གནང་། ཆུང་བ་ནང་སོ་ངག་དབང་མཁས་བཙུན་རྒྱ་མཚོ་ནི། མུ་ནེ་དཔོན་སློབ་སངས་ རྒྱས་དཔལ་བཟང་ལས་རབ་བྱུང་དང་བསྙེན་རྫོགས་ཞུས། མཚན་ཉིད་གྲྭ་ཚང་དུ་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་བསྡུས་གྲྭ་དབུ་ཕར་བཅས་ལ་ཞིབ་ཏུ་སྦྱངས་པས་མཁྱེན་རབ་ཀྱི་ཀློང་བརྡོལ། དཀའ་བཅུའི་མཚན་བཏགས་ཀྱང་མཛད། དགོན་ཆེན་གྱི་མཁན་པོའི་ལོ་སར་ མངའ་གསོལ། དག་ཡིག་སྙན་ངག་མངོན་བརྗོད་སོགས་ཐ་སྙད་རིག་པའི་རྣམ་གྲངས་མང་བོ་ བསླབ་པས་མཁས་པའི་སྙན་པ་རྒྱས། བསྲུང་བྱའི་སྡོམ་གསུམ་བཅས་མཚམས་དང་ཐུགས་དམ་དགེ་སྦྱོར་ལ་གཅིག་ཏུ་གཞོལ་བར་མཛད། གུང་ཐང་འཇམ་པའི་དབྱངས། རྗེ་ངྷྭ་ཛའི་མཚན་ཅན་རྣམ་གཉིས་གདན་དྲངས་ཏེ་ཕྲེང་བ་དང་མི་ཏྲའི་དབང་ཞུས། བསྟན་སྲུང་ཚེ་རིང་གི་སྲས་བསྟན་འཛིན་རིན་ཆེན་ཆོས་རྒྱལ་གྱི་སྲིད་བསྐྱངས། སྐུ་ཚེ་མཐར་མ་ཕྱིན་པར་གཅུང་ལྷ་བཙུན་ བློ་བཟང་རིན་ཆེན་བསྟན་འཛིན་དགོན་ཆེན་དུ་བཞུགས་པ་ས་སྐྱོང་དུ་བསྐོས། མཚན་ཆོས་རྒྱལ་འཇིགས་མེད་སྟོབས་རྒྱས་སུ་གསོལ། ཡབ་ཀྱིས་རྗེ་ངྷྭ་ཛའི་མཚན་ཅན། ལན་དུ་མར་གདན་དྲངས་ཏེ་ཐུགས་རྗེ་ཆེན་པོའི་དབང་སོགས་ཆོས་བཀའ་ཅི་རིགས་གནང་། ལྕགས་འབྲུག་ལ་གུང་ཐང་འཇམ་པའི་དབྱངས་ལས་ཡཱ་མོན་ནས་ཚེ་དབང་། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་། དགོན་ཆེན་དུ་ཁོང་གཉིས་ནས་མི་ཏྲ་རྡོར་ཕྲེང་ཡོངས་རྫོགས་གསན་ཅིང་མཐུན་རྐྱེན་ ཕུན་སུམ་ཚོགས་པ་ཞུས། ཆུ་སྤྲུལ་ལོར་རྗེ་ངྷྭ་ཛའི་ཞབས་ཐོའུ་ཇུས་དཔོན་བོས་ཟ་འདོད་ཀྱིས་བཀག་པོ་ཞུས་པ་གསན་འཕྲལ་དེར་བྱོན་ནས་ཞབས་འདེགས། བསྟན་དོན་ལ་རྒྱལ་ཕན་པ་བསྒྲུབས། བཀྲ་ཤིས་འཁྱིལ་དུ་མང་འགྱེད་གྱ་ནོམ་པ་ཕུལ། དཔལ་ཡུལ་ནས་མཁན་ས་རྩོད་པའི་དོན་དུ་མངའ་ཞབས་ཀྱི་དགོན་སྡེ་ཁག་གི་སེར་མོ་ཁ་ཤས་བཅས་ལན་ཇུར་ཕེབས་པ་ཙམ་མ་གཏོགས་སྐུ་ཚེ་གང་བོར་དམག་འཁྲུག་གི་གཏམ་ཙམ་ཡང་ཐོས་མ་མྱོང་བའི་ལས་བསོད་ནམས་ཅན་དུ་གླེང་། དགུང་ལོ་མཐོན་པོ་ལ་གཤེགས། དེའི་ བདག་མོ་བདེ་སྐྱིད་སྒྲོལ་མ་ཡང་དམན་ལ་བྱམས་ཤིང་། རྣམ་དཀར་གྱི་དགེ་བ་ལ་མོས་པ་སོགས་ཡ་རབས་ཀྱི་ལེགས་སྤྱོད་ལ་གནས་པ་ཞིག་སྟེ་སྲས་གསུམ་བྱུང་བའི་ཆེ་བ་ཏཱ་ཡེ་གཞོན་ནུའི་དུས་གཤེགས། འབྲིང་བོས་མཁན་ས་བཟུང་། ཐ་ཆུང་དཔོན་རིན་ཆེན་བསྟན་འཛིན་ཆོས་རྒྱལ་འཕྲིན་ལས་རྡོ་རྗེ་ཁྲིར་འཁོད། འདི་བ་ས་བྱི་ལ་འཁྲུངས། རྒྱ་བོད་ཀྱི་ཡི་གེ་བསླབས་པས་མཁས་པར་མཁྱེན། གོང་མ་ཆེན་པོའི་བཀས་རང་ཞབས་ཀྱི་དཔུང་དང་བཅས་དམག་ཐོག་ཏུ་མར་ཕེབས་དགོས་བྱུང་ཡང་སྐུ་དོན་ཚེགས་མེད་དུ་གྲུབ། འབངས་ལ་བྱམས་ཤིང་། ཕ་རོལ་བསླུ་བའི་བསམ་སྦྱོར་ངན་པ་གཏན་ནས་མི་སྲིད་པས་རྒྱ་དཔོན་རྣམས་ཀྱང་ཡ་མཚན་དུ་བྱས། རྒྱལ་ཚབ་མཆོག་མདོ་སྨད་ལ་ཕེབས་སྐབས་ཐབས་བྱས་ཏེ་རང་གིས་ཐད་ཀར་ཡི་གེ་འབུལ་ཆོག་པའི་ཐོག་བྱུ་རུའི་ཏོག་རྨ་བྱའི་སྒྲོ་བཅས་ཐམ་ཀ་བཀའ་ཤོག་དང་བཅས་པ་བྱུང་བས་ཕྱིས་སུ་བོད་ཀྱི་ལ་རྒྱར་ཤིན་ཏུ་ཕན་པ་བྱུང་། དུས་རྒྱུན་ཡར་བཞེངས་འཕྲལ་མཆོད་ཁང་དུ་ཕྱག་མ་ཕུལ་བར་བཞེས་པ་མི་གནང་བ་དང་། ཕྱི་དྲོར། རྡོ་དྲིལ། ནང་མཆོད། ཀཱ་པཱ་ལ་སོགས་རྣལ་འབྱོར་གྱི་ཡོད་བྱད་ཚགས་པར་བྱས་ཏེ་ཡི་དམ་ཆོས་སྐྱོང་ལ་གཏོར་མ་གཏོང་བ་སོགས་ཡབ་མེས་ཆོས་རྒྱལ་གོང་མའི་མཛད་སྲོལ་ཉམས་མེད་དུ་སྐྱོང་བར་ཡོད། འབྲིང་བ་དཀོན་མཆོག་དམ་ཆོས་རྒྱ་མཚོ་ཤིང་བྱ་ལ་འཁྲུངས། མཚན་ཀུན་དགའ་སྙིང་བོས་གསོལ། ས་བྱ་ལོར་སྐྱབས་རྗེ་ངྷྭ་ཛའི་ཞབས་འདིར་ཕེབས་པའི་དྲུང་ནས་ལམ་རིམ་ཆེན་མོའི་ཞལ་ལུང་སེམས་བསྐྱེད་མཆོད་པ་བཅས་མནོས། རབ་བྱུང་ཞུས་པའི་མཚན་ལ་དཀོན་མཆོག་སྟོབས་ལྡན་དབང་ཕྱུག་ཅེས་གནང་། ཆུ་སྤྲུལ་ལོར་ཞལ་སྔ་ནས་བདེ་ལམ་གྱི་ཁྲིད་ཆོས་རྒྱལ་ཕྱི་ནང་གསང་གསུམ་སོགས་རྗེས་གནང་དུ་མ་གནང་། དགུང་ལོ་བཅུ་བ་ཤིང་རྟ་ལོར་བཀྲ་ཤིས་འཁྱིལ་དུ་གཏོང་སྒོ་རྒྱ་ཆེར་མཛད་ནས་ཚོགས་སུ་ཞུགས། གདུང་གྲལ་གཡས་སུ་གྲལ་མཚམས་བཏང་བ་སོགས་གང་ཅིའི་བཀུར་གཟོས་ཚད་མེད་པ་དང་། སྒོ་མ་མཁན་པོ་ཆོས་དར་བའི་མཆོག་སྤྲུལ་བློ་བཟང་དཀོན་མཆོག་ཆོས་དར་ཆོས་གྲྭའི་དགེ་རྒན་དུ་བསྐོ་བཞག་གནང་། ཉིན་རེ་བཞིན་སློབ་སྦྱོང་ཆག་མེད་དུ་མཛད་ནས་སྐུ་ན་ཕྲ་ཡང་མཁྱེན་རབ་དང་སྤོབས་པ་ཟུང་ དུ་འབྲེལ་བས་ཀུན་གྱི་ཡིད་འཕྲོག་པ་བྱུང་། ཡབ་རྗེ་ངྷྭ་ཛ་ཞབས་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་ པ་བཞེས། ལྕགས་བྱི་ལོར་ཁྱ་དགེར་རྗེ་དེའི་དྲུང་ནས་ལམ་རིམ་ཆེན་མོ་བཞི་སྦྲགས་ཀྱི་བཤད་ལུང་སེམས་བསྐྱེད་མཆོད་པ་དང་བཅས་གནང་། རྣམ་ཐར་བཀའ་རྩོམ་ གནང་དགོས་པའི་བསྐུལ་མ་ཞུས། ལོ་དེར་དགོན་ཆེན་དུ་ཕེབས་ནས། དབང་ལུང་། ཁྲིད། རྗེས་གནང་སོགས་རྣམ་གྲངས་མང་བོ་གནོག་ཆོས་སུ་མནོས་ཤིང་། མི་ཏྲ་རྡོར་ཕྲེང་གི་དཀྱིལ་འཁོར་གྱི་ཐིག་མཆེད་བརྒྱད་ཀྱི་ཐིག་རྩ་ཡིག་རིགས་དུ་མ་འབྲི་ཚུལ། སྒྲ་སྙན་ངག་བཅས་ལ་སྦྱངས་པས་ཡིག་ཚུགས་ལེགས་ཤིང་དག་པ་ཐོན། ཚིགས་བཅད་ལྷུག་གི་སྦྱོར་བ་ཕུན་སུམ་ཚོགས་པ་མཁས་པའི་ཡིད་འཕྲོག་པ་མཁྱེན། ཤིང་འབྲུག་ལོར་ཡབ་གཤེགས་པའི་དགོངས་རྫོགས་ལ། ཀུན་མཁྱེན་སྐུ་ཕྲེང་ གསུམ་པ་གདན་འདྲེན་དུ་ཁྱ་དགེ་ལ་བྱོན། འཕྲལ་དུ་ཆིབས་བསྒྱུར་མཛད་དེ་ཟླ་གཅིག་ཙམ་གྱི་རིང་ལ་བཞུགས། ཆོས་ཀྱི་གསུང་གླིང་དང་ཆོས་སྐལ་དུ་གནང་། དུར་ས་ཡང་གསར་བ་གཟིགས། ས་བྱ་ལོར་བཀྲ་ཤིས་འཁྱིལ་དུ་རྗེ་ཉིད་ཀྱི་དྲུང་ནས་བསྙེན་པར་རྫོགས། མཚན་དཀོན་མཆོག་དམ་ཆོས་རྒྱ་མཚོར་གསོལ། འདུལ་ཁྲིམ་དག་པ་མཉམ་བཞེས་སུ་མཛད། ཁྲིམས་སྲོལ་གྱིས་གཡེང་བ་ཐུགས་སུན་ཏེ་དོན་དག་ཞུ་གཏུག་གང་བྱུང་མདོའི་ཡཱ་མོན་ལ་ཐག་གཅོད་བཅུག ལྕགས་ཁྱི་ལོར་རྒྱལ་ཚབ་ནོ་མོན་ཧན་ཕེབས། ཁོང་བོད་ཀྱི་རྒྱལ་ཚབ་དང་སྲིད་སྐྱོང་ཟུང་འབྲེལ་གྱི་དུས་རྗེ་འདི་ལ་ཐམ་ཀ་གྲུ་སྒོར་བཀའ་ཤོག་སོགས་མཁན་ཆོས་བསྩལ་བས་ཐུགས་འབྲེལ་ཤིན་ཏུ་ཟབ། འདི་སྐབས་ཀྱང་བཀའ་ཆོས་གང་བཞེད་ཞུ་བ་དང་། ཉིན་རེ་བཞིན་སྐུ་དྲུང་དུ་བཅར་ བས་རྒྱ་བོད་ཧོར་གསུམ་གྱི་བསྟན་པའི་གནས་ཚུལ་སོགས་གསུང་འཕྲོས་ཐུགས་ཚིམ་པར་མཛད། ས་ལུག་ལོར་མ་ཡུམ་གཤེགས་པའི་དགོངས་རྫོགས་ལ་སྐུ་མཆེད་ཐུན་མོང་ནས། དགོན་ཆེན་དང་། གཡེར་བ། ཚ་རྡོར། ནགས་མདོ། གོང་སོ། ཁང་ཐོག་སྟོད་སྨད་ཀྱི་དགོན་པ་གསུམ། ཁྱ་དགེ མར་སྙུང་། ཀླུ་ཆུང་། ཆས་པའི་གཤིས། རེབ་ཚ་སོགས་དགོན་སྒྲུབ་སྡེ་དུ་མའི་གྲྭ་བ་ཁྲི་ལ་ཉེ་བ་འཚོགས། དེའི་དུས་འགྲོ་སོང་ལ། ཇ་ཁྱ་ཙེ་བརྒྱ་དང་ལྷག མར་རྒྱ་མ་སྟོང་གསུམ(རྒྱ་མང་གང་ད་ལྟའི་རྒྱ་མ་ལྔ)གྲོ་ཕྱེ་རྒྱ་འཇག(རྒྱ་འཇག་གཅིག་ད་ལྟའི་རྒྱ་མ ༥༠༠)བཅུ་བདུན། རྩམ་པ་རྒྱ་འཇག་ཉི་ཤུ་ལྷག ཀེ་ཚེ་རྒྱ་འཇག་བཅུ་བཞིའི་གཡིས། དངུལ་སྲང་སྟོང་ཕྲག་གསུམ་ལྷག་གིས་མཆོད་འགྱེད་དང་མཁན་ཆེན་ནས་ཀྱང་བདེ་གསང་འཇིགས་གསུམ་ཀུན་རིག་སོགས་ཀྱི་བདག་འཇུག་ཉིན་མང་བོར་གསུངས། བདེ་བ་ཅན་གྱི་ཞིང་བཀོད་སོགས་ཞལ་ ཐང་མང་བོ་བཞེངས་ནས་དགེ་རྩ་ཆེར་བསྒྲུབ། སྐུ་མཆེད་ཐུན་མོང་ནས་དགེ་རྩ་རྒྱ་ཆེར་བསྒྲུབ་པས་ཀླུ་ཆུང་དགོན་དུ་རྒྱུད་སྟོད་པའི་གྲྭ་ཚང་ཁྱ་དགེར་མཚན་ཉིད། རོང་བ་འབྲུག་ཆུའི་བོད་ཡུལ་དུ་ཞལ་  གྲངས་ལྔ་བརྒྱར་ཉེ་བ་འཚོགས་པའི་དགེ་འདུན་གྱི་སྡེ་བཙུགས། ལན་གཅིག་སྐུ་མདུན་པ་ཞིག་ གིས་སྐུའི་ཉེར་སྤྱད་ཀྱི་དངུལ་ཐུར་བརྐུས་པ་ཞབས་ཕྱི་གཞན་རྣམས་ཀྱིས་རྩད་བཅད་དེ་བླངས་ནས་ཉིད་ལ་ཕུལ་བར། ཁྱེད་དངུལ་ལ་དགའ་བས་དངུལ་ཐུར་ཁྱེད་རང་གི་གྱིས། འཕྲོར་དེ་འདྲ་མ་བྱེད། ངེད་ཀྱི་ཞབས་ཕྱི་བྱེད་མི་དགོས། གསུངས་ནས་རང་ཡུལ་དུ་འགྲོ་རུ་བཅུག དེས་མཚོན་ནས་བྱ་བ་ཆེ་ཕྲ་གང་ལའང་ས་སྐྱ་ལེགས་བཤད་དང་། བསླབ་བྱ་མུ་ཐི་ལིའི་ལུང་འདྲེན་འཕྲལ་ མར་གནང་བ་སོགས་མཛད་སྒོ་མཐའ་དག་ཡ་རབས་མཁས་པའི་སྲོལ་བཟང་དང་བསྟུན་པ་ཞིག་སྟེ་ཆོས་སྲིད་ཀྱི་མཛད་པ་བཟང་བོ་གོང་འཕེལ་ངོས་ཞབས་པད་ལྷུན་ཆགས་པའི་གཟི་བྱིན་གྱིས་དགོན་མ་ལག་ཀུན་དབུ་འཕང་མཐོ་བའི་སྐབས་སོ། །
གདན་སའི་ཐོག་མ་ཆོས་རྗེ་བློ་གྲོས་རྒྱལ་མཚན། འདི་བ་ཆེན་པོ་བཟང་བོ་དཔལ་གྱི་སློབ་མ་ཡིན་ཞེས་དགའ་ལྡན་ཆོས་འབྱུང་ལས་གསུངས། དབང་ལུང་མན་ངག་མང་དུ་གནང་བས་འཕྲིན་ལས་ཀྱིས་མདོ་སྨད་ཀྱི་ལྗོངས་ཁྱབ་པ་ཙམ་བྱུང་། དྲུང་དཔོན་བློ་བཟང་རབ་གསལ། ཆོས་རྗེ་བསོད་ནམས་ལེགས་པ། ཆོས་རྗེ་གྲགས་པ་རིན་ཆེན་འདི་བ་བསྐྱེད་རྫོགས་ཀྱི་ཉམས་རྟོགས་ ལ་མངའ་བརྙེས་པའི་གཤིན་པོའི་རྣམ་ཤེས་དགུག་གཞུག་བྱས་པས་རོ་འཕར་བ་དང་། ནང་ཆོད་ཁོལ་བ། ཡི་དམ་གྱི་ལྷའི་ཞལ་གཟིགས་ཤིང་ཆོས་སྐྱོང་བྲན་དུ་འཁོལ་བ། སེར་བ་ཆར་དུ་བསྒྱུར་བ་སོགས་གྲུབ་པའི་རྟགས་མཚན་ཀུན་ལ་མཐུན་སྣང་དུ་གྲུབ། མངོན་ཤེས་གསལ་པས་མ་འོངས་ལུང་བསྟན་འགའ་ཞིག་ཀྱང་ཡོད་སྣང་། ཆོས་རྗེ་དཔལ་ལྡན་བཟང་བོ། ཆོས་རྗེ་འཕགས་པ་རྒྱལ་མཚན། ཆོས་རྗེ་བསོད་ནམས་ལྷུན་པོ། དཔོན་སློབ་དེ་དག་གིས་འཆད་ཉན་རྒྱ་ཆེར་མཛད་པས་སློབ་མ་མང་དུ་འདུས། བྱ་ཁྱུང་གྲགས་པ་རིན་ཆེན་མཆོག་རྒྱལ་འདི་དུས་གཟིམ་ཁང་གོང་དུ་གདན་འདྲེན་ཞུས། ས་ཟླའི་སྨོན་ལམ་བཙུགས། ཆོས་རྗེ་ཚེ་བརྟན་དོན་འགྲུབ་ཀྱིས་འདུ་ཁང་ཆེན་མོ་ཞིག་གསོས་མཛད། འདི་དང་གོང་སོ་གཉིས་འཛིན་གྱིས་བསྐྱངས། བྱ་བཏང་གི་བྱ་བ་རྣམས་བསྒྲུབས་ནས་སྐུ་ཚེ་མཐར་ཕྱིན་པར་མཛད། གདུང་རྟེན་གོང་སོར་བཞུགས།   རིན་ཆེན་བསྟན་འཛིན་ཆོས་རྒྱལ་འཕྲིན་ལས་རྡོ་རྗེའི་སྲས་མི་འགྱུར་ཚེ་དབང་བསོད་ནམས་སྟོབས་རྒྱས་ནི། ཡབ་ཀྱི་རིང་ལ་འཁྲུག་ཆེན་གྱིས་ཡབ་ཀྱི་བློན་པོ་བྱས་ནས་རེབ་གོང་ཕྱོགས་སུ་འགྲོ་དགོས་བྱུང་། ཕྱིས་སུ་རང་ཡུལ་ནས་ཆོས་སྲིད་གཉིས་ཀ་བསྐྱངས། དེའི་སྲས་བློ་བཟང་བསྟན་འཛིན་རྣམ་རྒྱལ་རྡོ་རྗེ་ནི། རབ་བྱུང་བཅོ་ལྔ་བའི་ས་གླང(སྤྱི་ལོ༡༨༨༩)ལོར་འཁྲུངས། རྒྱ་ཡིག་སོགས་ལ་མཁས་པར་སྦྱངས། མདོ་དགོན་གཉིས་ཀྱི་ཆོས་སྐྱོང་བཞིན་པའི་སྐབས་ས་འབྲུག(སྤྱི་ལོ༡༩༢༨)ལོར་ཀ་ཇུ་ཕྱོགས་ནས་མཆེད་པའི་ཇག་རྐུན་དམག་སྐོར་ཞིག་གིས། ས་ཁུལ་མང་བོ་འཕྲོག་བཅོམ་བྱས་ཏེ་བཱ་ཙེ་མཁར་ལ་ཐོན།ཅོ་ནེ་དཔོན་པོ་ལ་ཁོ་བོར་འབྲུ་མཛོད་སྟེར་དགོས། མགོ་འདོགས་སུ་ཤོག་ཅེས་པའི་ཡི་གེ་བཏང་། དཔོན་རང་ཉིད་ཀྱིས་ཁོ་བོ་རང་གི་གོང་མ་མ་གཏོགས། ཁྱོད་ཇག་རྐུན་གྱི་དཔུང་ལ་མགོ་འདོགས་དགོས་པའི་རྒྱུ་མཚན་མེད། འབྲུ་མཛོད་མི་སྟེར་ཞེས་ཡིག་ཐོག་ནས་ལན་བསློགས་པར། ལུགས་རྙིང(༡༩༢༨ལོའི་ཟླ༡༠ཚེས༢༦ལ།)ཀ་ཟི་ལེན་ནམ་མཱ་ཀྲུང་དབྱིན་བྱ་བའི་དམག་སྐོར་དེ་འོངས་ནས་ཚོགས་ཆེན་འདུ་ཁང་། མཁན་པོའི་བླ་བྲང་དང་། མདོའི་དཔོན་ཚང(ཡཱ་མོན)སོགས་མེར་བཏང་། གྲྭ་བ་དང་མི་སྐྱ་ཁ་ཤས་བསད། ཁ་ཤས་ཀླུ་ཆུར་གཡུག ཡང་ཟླ༡༢ཚེས ༡ལ་ཟི་ཧྲོའོ་ཅུན་ནམ་མཱ་ཐིན་ཞན་རྒྱ་དམག་འོངས་ནས། རྒྱུད་པའི་ལྷ་ཁང་། པར་ཁང་གོང་མའི་བསྟན་འགྱུར་གྱི་པར་ཤིང་སོགས་ལྷ་ཁང་ དང་གྲྭ་ཁང་མང་བོ་ཞིག་དེའི་ཕྱི་ལོའི་ལུགས་རྙིང་ཟླ༥ཚེས༡༧ལ་ཡང་། མཱ་ཀ་ཞི་ཧྲོན་གྱིས་དམག་སྐོར་ཞིག་ཁྲིད་འོངས་ནས། སྔར་ལུས་པའི་ལྷ་ཁང་དང་ གྲྭ་ཁང་ཉེ་འཁོར་གྱི་དུད་ ཚང་མང་བོ་མེར་བཏང་། འཁྲུག་ལོ་སྔ་ཕྱི་འདིའི་སྐབས་ཅོ་ནེའི་དཔོན་གྱི་མངའ་འབངས་ཀྱི་སྡེ་ཚོགས་མང་བོ་སྲེག་ཐལ་དུ་གྱུར། ཉེས་མེད་ཀྱི་མི་མང་བོ་བསད་པ་སོགས་སྡིག་སྤྱོད་བློས་མི་བཟོད་པའི་རྩུབ་སྦྱོར་གྱིས་གཟིར་བར་བྱས། དེའི་རྗེས་དཔོན་འདིས་ཞུམ་མེད་སྙིང་སྟོབས་ཀྱི་གོ་ཆ་བཞེས་ཏེ། མངའ་ཞབས་སུ་གཏོགས་པའི་མཁན་སློབ་བླ་གྲྭ། འགོ་བ། བློན་པོ་རྣམས་དང་བཅས་བཀའ་བགྲོས་ཀྱིས་འདུན་པ་གཅིག་ཏུ་བསྡུས་ནས་ཕྱོགས་དུ་མར་དགོན་ཉམས་གསོའི་ འབུལ་བ་སྡུད་པའི་ཆེད་དུ་མངགས། ཆུ་སྤྲེལ(སྤྱི་ལོ༡༩༣༢)ལོ་ནས་སླར་ཡང་ཉམས་གསོའི་ལས་འགོ་ཚུགས་ཏེ་ལོ་ངོ་དྲུག་གི་རིང་ལ། ཚོགས་ཆེན་འདུ་ཁང་ཉིས་ཐོག་ཅན། མཚན་ཉིད་གྲྭ་ ཚང་། རྒྱུད་པ་གཉིས་ལ་འདུ་ཁང་ཉིས་ཐོག་ཅན་རེ་རེ། རྒྱལ་ཆེན་ལྷ་ཁང་། མཁར་སྒོའི་སྟེང་གི་ལྷ་ཁང་བཅས་རྒྱུད་ལྡན་དམ་པའི་ཕྱག་བཞེས་བཞིན་ཕྱི་ནང་གི་བཀོད་པ་མཛེས་ཤིང་གསེར་མཚོན་གྱིས་བརྒྱན། གཞན་སྐུ་གསུང་ཐུགས་རྟེན། མཆོད་རྫས་ཡོ་བྱད་སོགས་གཙུག་ལག་ཁང་ རྟེན་དང་བརྟེན་པ་བཅས་ཆོས་དང་ཆོས་སྤྱོད་ལ་མཁོ་དགོས་ཕལ་ཆེར་ཚགས་སུ་ཆུད་པར་བྱས་སོ།།
དཔོན་བློ་བཟང་བསྟན་འཛིན་རྣམ་རྒྱལ་རྡོ་རྗེའི་སྲས་དཔོན་པད་མ་དབང་ཕྱུག་ནི། རབ་ བྱུང་བཅུ་དྲུག་པའི་ས་སྦྲུལ་ལོར(སྤྱི་ལོ༡༩༢༩)འཁྲུངས། རྒྱའི་སྐད་ཡིག་སོགས་ལ་མཁས་པར་བསླབས་ཤིང་། གསར་བརྗེའི་ལས་སུ་བརྩོན་བཞིན་པའི་སྐབས་སོ།། གཅུང་ཡཱང་དོན་གྲུབ་བློ་བཟང་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་ཆུང་དུས་ནས་རབ་ཏུ་བྱུང་། རང་ལོ་བཅུ་བ་ལ་མཁན་པོའི་ཁྲི་བ་བཏོན། གོ་མིན་ཏང་སྲིད་གཞུང་གིས་ཆོས་སྐྱོང་ཀུན་བཟང་མཁན་པོ་དོན་གྲུབ་ཧོ་ཐོག་ཐུ་ཞེས་རྒྱ་བོད་སོག་གསུམ་གྱི་ཡི་གེ་སྤེལ་མའི་དངུལ་ཐམ་གྱི་ཆོ་ལོ་བྱིན། འདི་དུས་ ས་རིས་གྲྭ་ཚང་དང་འཆམ་པ་གྲྭ་ཚང་གཉིས་ཀའི་འདུ་ཁང་སྐུ་གསུང་ཐུགས་རྟེན་མང་བོ་བཞེངས་པ་སོགས་ཕྱག་རྗེས་ཆེ། གཞན་ཡང་ཟུར་འཕྲོས་ཅུང་ཟད་གླེང་བར་བྱ་ཡི། དཔོན་མེས་གོང་མ་སྤྱང་ཐིལ་ནས། ཉི་ཤུ་བ་པད་མ་དབང་ཕྱུག་འདིའི་བར་མཁན་པོ་དྲུག་བྱུང་། དང་པོ་མཁན་པོ་རིན་ཆེན་ལྷུན་པོ་བས་རབ་བྱུང་བརྒྱད་པའི་ས་ཡོས(སྤྱི་ལོ༡༤༥༩)ལོར་དགེ་ལེགས་སུ་བསྒྱུར་ཏེ་མཁན་པོའི་ཁྲིར་ཐོག་མར་ཞལ་བདག་མཛད། དེ་ཕྱིས་ཀོ་ཤྲྀ་ངག་དབང་འཕྲིན་ལས་རྒྱ་མཚོ། བློ་བཟང་བསྟན་པའི་རྒྱ་མཚོ། ངག་དབང་མཁས་བཙུན་རྒྱ་མཚོ། དཀོན་མཆོག་ དམ་ཆོས་རྒྱ་མཚོ། དབྱང་དོན་གྲུབ་རྣམས་རིམ་པར་བྱུང་ལ། སྤྱིར་ཅོ་ནེ་དཔོན་ཚང་ནི་རང་གི་ གདུང་རྒྱུད་གཅིག་པོ་ཁོ་ནས་བདག་གིར་བྱེད་པ་མ་ཟད། སྐུ་མཆེད་གཉིས་སམ་གསུམ་སོགས་ མེད་ཚེ། དེས་དཔོན་པོ་དང་མཁན་ས་འཛིན་པ་ལས་གཞན་དུ་མི་སྤོ་པའི་སྲོལ་གྱི་དབང་གིས་སྤྱི་ལོ༡༩༥༨ལོའི་བར་དཔོན་རབས་ཉི་ཤུ་བྱུང་བར་བཤད།།
བཞི། དགོན་པའི་རྟེན་གསུམ་རགས་ཙམ་བཤད་པ།
དགོན་འདིའི་ལྷ་ཁང་སོ་སོའི་མཚན་དང་དེར་བཞུགས་པའི་རྟེན་གྱི་ཐོ་ལའང་རེག་ཙམ་བྲི་བར་བྱ། དེ་ཡང་མཁན་ཆེན་བླ་བྲང་ཐོག་སོ་གསུམ་ཅན་དུ་སྐུ་བརྙན་བྱིན་ཅན་མང་བོ་དང་།སྨན་བླའི་ཕོ་བྲང་། ལྷ་སའི་ཇོ་ཁང་ཁྱམས་རའི་ལྡེབས་རིས་ཀྱི་མཇུག་ཏུ། སྔོན་དུས་ཀྱི་སྨན་ཐང་ཡབ་སྲས་དང་། དེང་དུས་ཀྱི་དངོས་གྲུབ་རྡོ་རྗེ་གཉིས་སྤྱི་ཚུགས་ཀྱི་རི་མོ་མཚུངས་གྱུར་ཀྱང་། བྱེ་བྲག་གི་རྣམ་འགྱུར་ཁོ་བོ་མང་། ཞེས་ཁ་བྱང་འདེབས་མཁན་དེ་ཉིད་ཀྱིས་བཞེངས་པའི་འཁོར་དག་པ་རྣམ་བརྒྱད། སྤྱན་རས་གཟིགས། སྒྲོལ་མའི་ཞིང་བཀོད་སོགས་ཞལ་ཐང་ནམ་འཕང་ཅན་དུ་མ། བཀའ་འགྱུར་དང་ཕྱག་དཔེ་པོ་ཏི་བརྒྱ་ཕྲག་མང་པོ། མདོ་ཕུག་གི་གཟིམ་ཁང་གཉིས་ ཐོག་བཞི་སྐོར་སྐྱེད་ཚལ་དང་བཅས་པ། མཚན་ཉིད་གྲྭ་ཚང་འདུ་ཁང་ཉིས་ཐོག་ཅན། རྗེའི་གསུང་འབུམ་གསེར་བྲིས། ཙན་དན་ལས་གྲུབ་པའི་རྗེའི་སྐུ་བརྙན་པེ་ཅིན་ནས་སྤྱན་དྲངས་པ་ བཤད་སྒྲུབ་པའི་སྐུ་གདུང་། འཇམ་དབྱངས་སྐུ་ཐང་གསུང་འབྱོན་མ། དྲི་གཙང་ཁང་དུ་ཐུབ་པ་བྱམས་པ། འཇམ་དབྱངས། རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་ལྡེར་སྐུ་ཆ་ཚང་། བཀའ་འགྱུར་ དངུལ་བྲིས་བཀའ་རྒྱ་མ། བསྟན་འགྱུར་དབུས་མ། མགོན་ཁང་དུ་འཇིགས་བྱེད་གཙོས་ཆོས་སྐྱོང་དུ་མ། རྒྱུད་པའི་ལྷ་ཁང་ཉིས་ཐོག་ཅན་དུ་བདེ་གསང་འཇིགས་ས་གསུམ་གྱི་བློས་བསླངས། རྗེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། གསེར་འོད་ས་བཅུ། བཀྲ་བརྩེགས། འགྲེལ་པ་བཞི་ སྦྲགས། འདོན་ཆ་དང་ཆོས་སྤྱོད་སོགས་ཀྱི་དཔར་མང་བོ། རྗེ་རིན་པོ་ཆེ། ཙན་དན་ཇོ་བོ། བདེ་གསང་འཇིགས་་གསུམ་སོགས་ཀྱི་སྐུ་བརྙན། འཕགས་ལུགས་ཛམྦྷ་ལའི་དངུལ་སྐུ་བྱིན་ཅན། མགོན་ཁང་དུ་འཇིགས་བྱེད། མགོན་ཆོས་ལྔ་དང་བཀའ་བསྟན་འགྱུར། རྒྱུད་ཁང་གི་རྒྱབ་ཏུ་ཆོས་འཁོར་ལྷ་ཁང་ཉིས་ཐོག་ཅན་དུ་བཀའ་འགྱུར་གྱི་འཁོར་ཆེན། དེར་བསྟན་འགྱུར་དང་། རྗེ་གསུང་འབུམ་སོགས་ཀྱི་དཔར། ཁ་བར་དང་གླ་ལུང་ལྷ་བཟོས་བཞེངས་པའི་དཔག་བསམ་འཁྲི་ཤིང་གི་ལོགས་རིས། དུས་སྒོའི་ཚོང་བ་སྒར་དཔོན་གྱིས་དབུས་ནས་གདན་དྲངས་པའི་གདུགས་དཀར་ཕྱག་སྟོང་སྤྱན་སྟོང་ཆེ་ཚད་བཞུགས་པའི་གདུགས་དཀར་ལྷ་ཁང་ཉིས་ཐོག་ཅན་དུ་བཀའ་འགྱུར་གྱི་འཁོར་ཆེན། དེར་བསྟན་འགྱུར་དང་། རྗེ་གསུང་འབུམ་སོགས་ཀྱི་དཔར། ཁ་ བར་དང་ལཱ་ལིས་ལྷ་བཟོས་བཞེངས་པའི་དཔག་བསམ་འཁྲི་ཤིང་གི་ལོགས་རིས། དུས་སྒོའི་ཚོང་བ་སྒར་དཔོན་གྱིས་དབུས་ནས་གདན་དྲངས་པའི་གདུགས་དཀར་ཕྱག་སྟོང་སྤྱན་སྟོང་ཆེ་ཚད་བཞུགས་པའི་གདུགས་དཀར་ལྷ་ཁང་ཉིས་ཐོག ཁྲི་བ་རིམ་བྱོན་གྱི་གཟིམས་ཁང་ཉིས་ཐོག་ཅན་དུ་ཁྲི་བ་རིམ་བྱོན་གྱི་གདུང་རྟེན། བཀའ་འགྱུར་བཅས་བཞུགས། འདུ་ཁང་གསར་བ་ཉིས་ཐོག་ཅན་གྱི་ནང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་བཟོ་ཀླུ་འཇིམ་ལས་གྲུབ་པའི་ སྒྲུབ་སྐུ་མཛད་པ་བཅུ་གཉིས་ཀྱིས་བསྐོར་བ་བྱིན་ཅན། ཁྲི་ཚུལ་ཁྲིམས་དར་རྒྱས་བས་གནང་བ་རྗེ་གླིང་འཕུར་མ། རྒྱ་གར་ནས་བྱོན་པའི་མི་གཡོ་བ་གནམ་སྲུང་མ། ཙན་དན་སྦྲུལ་རྙིང་ལས་བཞེངས་ པའི་རྣམ་སྲས་བྱིན་ཅན། ཏ་ལའི་ལོ་མའི་ངོས་ལ་ཀླུ་སྒྲུབ་ཀྱིས་ཕྱག་བྲིས་མཛད་པའི་སངས་རྒྱས་སྐུ་བརྙན། མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་དབུ་ཐོད། རྒྱལ་སྲས་ལྷ་རྗེའི་ཕྱག་ངར་ལ་ཐུགས་ རྗེ་ཆེན་པོ་ཁ་སཪྤ་ཎི་རང་བྱོན་ཅན། དཔའ་བོ་རིན་ཆེན་དཔལ་གྱི་གདུང་རུས་ཡི་གེ་གསུམ་རང་བྱོན་ཅན། ཀུན་འཁྱེན་ཆོས་སྐུ་འོད་ཟེར་གྱི་དབུ་ཐོད། ཁྲི་བློ་བཟང་དར་རྒྱས་ཀྱི་དབུ་ཐོད་ལ་ཕབ་པའི་ཨ་ཡིག་རང་བྱོན་ཅན། པཎ་ཆེན་ནཱ་རོ་པའི་རུས་རྒྱན། རྒྱལ་དབང་པཎ་ཆེན་སྐུ་ཕྲེང་ རྣམས་གཙོས་སྐྱེས་ཆེན་པོའི་དབུ་ཞྭ་དང་ན་བཟའ། ཞབས་ཅག་སོགས་ནང་རྟེན་བྱིན་ཅན་མང་པོ། མཁན་རིན་པོ་ཆེ་དཀོན་མཆོག་དམ་ཆོས་རྒྱ་མཚོའི་དབུ་ཐོད། ཁྲི་བློ་བཟང་དར་རྒྱས་ཀྱི་ཐུགས་དམ་གྱི་རྟེན་དངུལ་གྱི་བྱམས་སྐུ་ཁྲུ་གསུམ་ཙམ་པ་སྐོར་བྱོན་དུ་གྲགས་པ། ནང་བཞུགས་སུ་སངས་རྒྱས་འོད་སྲུང་དང་ཐུབ་པའི་འཕེལ་གདུང་ཅན། འདུ་ཁང་ཆེན་མོ་སྔོན་མ་སུམ་ཐོག་གི་ནང་དུརྗེའི་སྐུ་བརྙན་དབུ་ཞྭ་ལ་སྐྱི་དྲེགས་ཆགས་པ། གཡུའི་ཚེ་དཔགམེད་དཀྱུས་མཐོ་གང་ ལྷག་ཅན། ལི་མ་ཁང་གཉིས་སུ་རྒྱ་གར་ནག་དང་བལ་བོའི་ལི་སྐུ་ཆེ་ཆུང་ཉིས་བརྒྱ་ལྷགརྒྱལ་ཚབ་ དེ་མོ་ཕྱག་བྲིས་སུ་གྲགས་པའི་གནས་བརྟན་བཅུ་དྲུག་སོགས་ཀྱི་ཞལ་ཐང་ཁ་ཤས། དབུས་ཀྱི་བཀའ་འགྱུར། དངུལ་གྱི་མཆོད་རྟེན་ཆེ་ཆུང་བཅུ་དགུ ཆེས་མཐོ་ཚད་ཁྲུ་ཙི་ལྔ། གསེར་གྱི་མཆོད་རྟེན་གཉིས། ཙན་དན་གྱི་མཆོད་རྟེན་གཉིས་སོགས་དང་། ཇོ་ཁང་ཉིས་ཐོག་ཅན་དུ་སྨྲི་ཏིའི་ཕྱག་ཚའི་ཐུབ་པ། རྒྱལ་ཆེན་ལྷ་ཁང་དུ་རྒྱལ་ཆེན་བཞིའི་འབུར་ས་སྐུ་ཆེ་བ། མཐོ་ཚད་ཁྲུ་བཅུ། ནང་ བཞུགས་ཀྱི་ཐུབ་སྐུ་རང་བྱོན་ལྟ་བུ། ལམ་རིམ་བླ་བརྒྱུད་ཡོངས་རྫོགས་ཀྱི་ སྨན་སྐུ་མི་ཚད་ཙམ་ པ་སྐུ་ཉམས་ཤིན་ཏུ་ལེགས་པ། བཀའ་འགྱུར་རྒྱ་མ། བྱམས་ཁང་ཉིས་ཐོག་ཅན་གྱི་ནང་དུ། བྱམས་པའི་ལྡེར་སྐུ་ཐོག་གཉིས་པ་བྱོན་ལེགས་པ་དང་། ཐུགས་ཀ་ལ་གསས་ཁང་ཆོས་རྗེའི་ཚེམས་རིང་བསྲེལ་ཅན་བཞུགས་པ། བཀའ་འགྱུར། སྒོ་ཁང་དུ་རྒྱལ་ཆེན་བཞིའི་འབུར་སྐུ་ཆེ་བ། མཁར་གྱི་སྒོ་ཁང་སྟེང་དུ་གསེར་ཟགས་ཀྱི་སྒྲོལ་མ་ཉེར་གཅིག གསང་འདུས་ལྷ་ཁང་གཉིས་ཐོག་ཏུ་དུས་གསུམ་སངས་རྒྱས། ས་པཎ། བུ་སྟོན། རྗེ་རིན་པོ་ཆེ་སོགས་དཔའ་བརྒྱད་རྣམས་མི་ཚད་བརྒལ་བ། གནས་བཅུའི་སྐུ་བརྙན་བྱིས་པ་ལོ་བརྒྱད་པའི་ཚད་ཙམ། དམིགས་བརྩེ་མའི་ལྷ་ཁང་དུ་རྗེའི་གསུང་འབུམ་ན་མཁས་གྲུབ་རིན་པོ་ཆེ་གནང་བའི་ལོ་རྒྱུས་གསལ་བའི་ཚེམས་ནང་བཞུགས་ཀྱི་རྗེའི་སྐུ་བརྙན། འཆམ་པ་གྲྭ་ཚང་གི་ལྷ་ཁང་། དུས་གསུམ་སངས་རྒྱས་སོགས་སྐུ་བརྙན་མང་བོ། འདུ་ཁང་འདིའི་རྒྱབ་ཏུ་བཀའ་འགྱུར་གྱི་དཔར་ཁང་། བདེ་མཆོག་ལྷ་ཁང་། ཕྱག་རྡོར་འཁོར་ཆེན་ལྷ་ཁང་། ཀུན་རིག་ལྷ་ཁང་། ཚེ་དཔག་མེད་ཀྱི་ལྷ་ཁང་། རྣམ་རྒྱལ་མའི་ལྷ་ཁང་། སྨན་བླའི་ལྷ་ཁང་། མི་འཁྲུགས་པའི་ལྷ་ཁང་སོགས་དང་སྐུ་གསུང་ཐུགས་རྟེན་ངོ་མཚར་ བ། རྗེའི་གོས་སྐུ་དབུ་བཙུག་ཏུ་འོད་དཔག་མེད་རང་བྱོན་དུ་ཕེབས་པ་སོགས་སྐུ་ཆེ་ཆུང་བདུན་བཅས་བཞུགས་སོ།། དཔོན་པོའི་ཕོ་བྲང་ཡོངས་འདུའི་རྒྱལ་ཁབ་སྟེ་མདོའི་ཡཱ་མོན་གྱི་ཕུག་ཏུ་དཔོན་རབས་བརྒྱུད་པའི་མཆོད་ཁང་། སུམ་ཐོག་རྩེ་ཐོག་གི་རྟེན་གཙོ་བོ་བྱམས་པ། བར་དུ་ཐུབ་པ་གྲོང་ཁྱེར་མ། ཐེ་རྒན་གྱིས་རིན་པོ་ཆེ་འགའ་ཞིག་ལས་བཞེངས་པའི་སྨན་བླའི་ཕོ་བྲང་ཁྱད་མཚར་ཅན། རྒྱལ་ཆེན་རྣམས་དང་རང་གི་མདོག་བཞིན་དུ་དུང་། བཻཌཱུརྱ། བྱུ་རུ། སྤོས་ཤེལ་ལས་གྲུབ་པ། འོག་ཁང་དུརྗེ་རིན་པོ་ཆེ་གཙོར་བཞུགས་ཀྱི་འབུར་སྐུ་མང་བོ་མ་ཁ་ལྷ་བཟོས་བཞེངས་པའི་འཇིགས་བྱེད་ལྷ་བཅུ་གསུམ་མའི་ནག་ཐང་སོགས་ཞལ་ཐང་དུ་མ། བརྒྱད་སྟོང་བའི་དབུ་ ཁང་ཡིག་ཆེན་རྣམས་གསེར་གྱིས་བརྡུངས་པའི་ཡིག་འབྲུ་རེའི་ནང་དུ་སངས་རྒྱས་འོད་སྲུང་གི་འཕེལ་གདུང་རེ་བཞུགས་པ། གསེར་གྱིས་བཞེངས་པའི་ཡུམ་འབུམ་པ། གསེར་དངུལ་སྤེལ་མའི་བཀའ་འགྱུར། བཀའ་འགྱུར་སྣག་བྲིས་ཚར་གཉིས། པར་མ་ཚར་གཅིག་སོགས་སྐུ་གསུང་ཐུགས་རྟེན་དང་། མཆོད་རྫས་ཡོ་བྱད་ནམ་འཕང་ཆེ། དགོན་ཆེན་ནས་དགོན་གཉེར་བཞག་སྟེ་མཆོད་བཤམས་དང་། མགོན་ཁང་དུ་རྒྱུན་བསྐང་ཆག་མེད། པར་དཔོན་ཀྱང་འདི་ནས་བསྡད་དེ་བཀའ་བསྟན་གྱི་ཡོན་དགོན་པའི་སྤྱི་གཞུང་དང་། གྲྭ་ཚང་སོ་སོ་ལ་མཆོད་ཐེབས་སུ་གཏོང་ཞིང་། དཔོན་ཚང་ཕྱི་ནང་རིམ་པ་གསུམ་ཅན་རྒྱ་ཆེ་ལ་བཀོད་པ་མཛེས་པ་མིག་དང་ཡིད་འཕྲོག་པ་སྐྱེད་ཚལ་དང་བཅས་པའི་བར་བཅད་ཀྱིས་ར་བ་མང་། ཨོ་རྒྱན་ལྷ་ཁང་དུ། ཨོ་རྒྱན་རིན་པོ་ཆེའི་སྐུ་མི་ཚད་གཅིག་སོགས་སྐུ་དུ་མ་དང་། ཐང་ཡིག་སྡེ་ལྔའི་པར་ཀྱང་བཞུགས། ཀླུ་རི་བྲག་མགོར་བཅུ་གཅིག་ཞལ་གྱི་ལྷ་ཁང་། སེ་ར་པཎྡི་སྒྲུབ་ཁང་། དེར་སྟོབས་ལྡན་སྔགས་རམས་པ་བཞུགས་ ཏེ་ཡ་མ་རཱ་ཛ་ཚར་རེ་དང་། ས་མཐེབ་སྐྱུ་རེས་བཞེངས་པའི་འཇིགས་བྱེད་ཀྱི་སྐུ་བརྙན་སོགས་ བཞུགས་།།
ལྔ། དགོན་པའི་གྲྭ་བ་འབྱུང་ཡུལ།
འོག་སྒང་གི་སྡེ་བ་བཅུ་བདུན་ནི། གྲྭ་བ་རྣམས་ཀྱི་རང་རང་གི་ཡུལ་ཕྱོགས་སྡེ་ཁག་སྟབས་ གང་འགྲིག་གིས་ཤོག་ཁག་བྱས་པ་ལ་འོག་སྒང་ཟེར། སྡེ་འདིའི་གྲྭ་བའི་འབྱུང་ཁུངས་གཙོ་བོ་འོག་སྒང་བདུན་ཅུ་ཡིན། གཞན་གྱི་གྲྭ་བ་ཡང་ཚོགས་སུ་ཞུགས་ཆོག འོག་སྒང་བཅུ་བདུན་ནི། ཉིན་སྲིབ་འོག་སྒང་གཉིས། མར་ནང་འོག་སྒང་། སྐྱིད་ལུང་འོག་སྒང་། གྲུ་ཚང་འོག་སྒང་། བཅུ་བཀོད་འོག་སྒང་། གཡོ་ས་འོག་སྒང་། ཐང་ནག་འོག་སྒང་། མཁར་བར་ལུང་ཞི་འོག་སྒང་། སྒོ་བཞི་འོག་སྒང་། སེ་ཚང་འོག་སྒང་། བན་དགེ་འོག་སྒང་། གཤིན་ཚ་འོག་སྒང་། དམར་ལོང་འོག་ སྒང་། ཨ་སྨོན་འོག་སྒང་། དཔའ་བོ་འོག་སྒང་། གསས་པོ་གཤམ་འོག་སྒང་རྣམས་སོ།།
དྲུག དགོན་འདིར་བྱོན་པའི་སྐྱེས་ཆེན་དམ་པ་དང་གདན་རབས།
ཅོ་ནེ་དགོན་འདི་ཀའི་གྲྭ་རྒྱུན་ཁྲོད་ནས་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་ཆེན་མང་བོ་བྱོན་ཞིང་། ཁྱད་པར་དགའ་ལྡན་ཁྲི་རིན་པོ་ཆེ་མཛད་པ་ན། རས་ཆུང་རྣམ་འཕྲུལ་ཁྲི་ཕོ་ལྷ་བ་ཆོས་གཉེར་གྲགས་པ། ཁྲི་ཤོ་བཟང་བ་ཚུལ་ཁྲིམས་དར་རྒྱས་ལ་ཁྲི་ཤོ་བཟང་བའི་རྣམ་ ཐར་རང་རྩོམ་འཕྲོ་ཅན་དང་། དབོན་པོ་ཐུབ་བསྟན་རྒྱ་མཚོས་བསྒྲིགས་པའི་རྣམ་ཐར་པད་དཀར་ཆུན་པོ། ཁྲི་ཨ་བཟི་གཟིགས་ཐང་བ་ཉིད་ ཀྱིས་བཞེངས་པའི་བྱང་ཆེན་འབུམ་པའི་དཀར་ཆག། སེམས་དགའ་སྐྱེད་དུ་ལོ་རྒྱུས་ཞིབ་པར་སྣང་། ཚ་རྡོར་ཁྲི་ཆེན་ངག་དབང་ཚུལ་ཁྲིམས་དབུས་སུ་མ་ཕེབས་པའི་སྔོན་དགོན་འདི་ནས་ཐུགས་གཉེར་ཡུན་རིང་གནས། སེར་སྨད་མཁན་པོ་བློ་བཟང་ཐུགས་རྗེས་མཛད་པའི་རྣམ་ཐར་དད་པའི་སྒོ་འབྱེད་ཤོག་གྲངས་བདུན་བརྒྱ་ལྔ་བཅུ་ལོངས་པ་ཡོད། དེའི་སྤྲུལ་སྐུ་ཁྲི་ཆེན་ནོ་མོན་ཧན་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་ཅོ་ནེ་མདོར་འགོ་བ་ཐབས་མཁས་རྒྱ་མཚོའི་སྲས་སུ་ཆུ་བྱི་ལ་འཁྲུངས། སེར་སྨད་དུ་བཀའ་པོ་ཏི་ཡོངས་རྫོགས་ལ་གསན་སྦྱོང་དཔྱིས་ཕྱིན་པ་མཛད། ལྷ་རམས་པའི་དམ་བཅའ་ ཨང་དང་པོ་ཐོན། གྲྭ་རྐྱང་དཀྱུས་མ་ལྟར་རྒྱུད་གྲྭར་ཚུལ་བཞིན་འགྲིམས། བླ་མ་དབུ་མཛད་ནས་བཟུང་གདན་ས་རིམ་འཕར་གྱིས་དགའ་ལྡན་ཁྲི་བ་དང་། བོད་ཀྱི་སྲིད་སྐྱོང་ཟུང་འབྲེལ་མཛད་ཏཱོ་གསལ་བཀྭང་ཁྲི་ལོ་བཅུ་གཉིས་པ་ཆུ་རྟ་ལོར་བསྟན་པ་སྤེལ་པའི་སློབ་དཔོན་གྱི་འཇའ་ས། ཐམ་ཀ་གཟེངས་བསྟོད་ཀྱི་བཀའ་ཡིག་བཅས་ཟླ་དང་བྲལ་བ་གནང་། སྐྱབས་མགོན་ཚུལ་ཁྲིམས་རྒྱ་མཚོའི་ཡོངས་འཛིན་དང་རྗེ་ཆོས་དཔལ་རྒྱལ་མཚན། ཆོས་རྗེ་ངག་དབང་ལྷུན་གྲུབ། ཆོས་རྗེ་ངག་དབང་ཉི་མ། དེའི་ཕྱིས་ཆོས་རྗེར་ཕེབས་པ་གླ་ལུང་བབཞི་འབོད། སེར་སྨད་མཁན་པོ་མཛད་པ། མཁན་པོ་བློ་བཟང་རྒྱལ་མཚན། མཁན་པོ་བསོད་ནམས་རབ་བརྟན། མཁན་པོ་ཕྱོགས་ལས་རྣམ་རྒྱལ་བྱོན། དཔོན་དམག་ཟོར་མགོན་པོ་ཡབ་སྲས་སོགས་མདོ་དང་དགོན་ཐམས་ཅད་ལ་ཆོས་ཀྱི་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་ཁྱ་དགེ་བ་དཔོན་སློབ་བློ་གྲོས་རྒྱ་མཚོ་རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག(སྤྱི་ལོ༡༦༦༤)ལ་འཁྲུངས། དཔོན་སློབ་གྲགས་པ་བཤད་སྒྲུབ་ནི། གཡོ་སའི་སར་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས(སྤྱི་ལོ༡༦༧༥)ལ། ཡབ་ གཟུངས་འབུམ་སྐྱབས་དང་ཡུམ་བསྐལ་བཟང་སྨན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་ནས་བཟུང་ཡི་གེ་དང་འདོན་ཆ་ལ་སྦྱངས་པས་བྱང་བར་མཁྱེན། དགུ་བ་ལ་དགོནཆེན་ དུ་དཔོན་སློབ་དགེ་འདུན་གྲགས་པ་ལས་ རབ་ཏུ་བྱུང་། བཅུ་དགུ་བ་ལ་དབུས་སུ་སླེབས་སྐབས། མཚོ་ཁར་སྟག་རིས་དགེ་སློང་ཟེར་བ་ལ་སྨན་དཔེ་འགའ་ཞིག་བཞུགས་ཡོད་པ་གཟིགས་པས་ངེས་ཤེས་སླ་བ་བྱུང་། ཁ་ཅིག་གིས་ཁྱོད་ཀྱིས་སྨན་བསླབ་ན་ཞུས་པར། སྐྱེ་ཕོ་མོའི་ལག་པ་འཛིན་མི་འདོད། མགོ་ལ་ལག་པ་འཇོག་འདོད་ཡོད་ཅེས་དང་དུ་བླངས། ཉེར་གཉིས་ནས་སེར་སྨད་དུ་བཀའ་པོཏ་ཡོངས་རྫོགས་ལ་སྦྱངས། ཡིག་ཆའི་ཐལ་ཕྲེང་ཟུར་བཀོལ་ཐམས་ཅད་བློ་ལ་ཟུངས། ཤིང་བྱ་ལོར་ལྷ་རམས་པའི་མཚན་བཏགས་བྱུང་བ་ཕྱི་ལོའི་སྨོན་ལམ་ལ་དམ་བཅའ་འཇོག་རྩིས་ཡིན་ཀྱང་། སྨོན་ལམ་ལྟར་གྱི་གྲྭ་སྐོར་བ་དགོས་ཚུལ་གཞུང་གི་བཀའ་ཕེབས་བཞིན་སེ་ར་ནས་འདི་བས་དམ་བཅའ་བཞག ཕྱི་ལོར་གཙང་དུ་བསྙེན་རྫོགས་བསྒྲུབ། རྒྱུད་སྟོད་ཆོས་གྲྭར་ བཞུགས། སོ་གསུམ་པ་མེ་ཕག་ལ་ཨ་མདོར་བྱོན། དེ་དུས་རྒྱུད་པ་དཔོན་སློབ་བློ་ བཟང་དར་རྒྱས་པ་ལ་དགོངས་པ་ཞུས་པར། ཁོང་གིས་རང་ཡུལ་དུ་མ་འགྲོ། འདི་ནས་བསྡད་ན་བླ་ཆེན་འོང་གསུངས་པར། ངེད་སྒོ་ལ་བརྒྱབ་ན་བླ་མ་ཡིན། འདི་ཀའི་བླ་མའི་ཨང་ཉན་མགོ་དཀར་གྱི་ དཔེ་དེ་མི་དགོས་ཞུས། རང་མགོན་གྱི་མཁན་ས་ལན་གཉིས་བཞུགས། རྗེས་མའི་དུས་མཚན་ཉིད་གྲྭ་ཚང་གསར་ཚུགས་གཉིས་འཛིན་གྱིས་བསྐྱངས། རྒྱུད་གྲྭ་བཙུགས་སྐབས་ཀྱང་ཐོག་མའི་རྡོ་རྗེ་སློབ་དཔོན་གནང་། མདོ་སྔགས་ཀྱི་འཆད་ཉན་མཛད་པས་བློ་གསལ་ཆེ། གསུང་རྩོམ་པོཏ་བཅུ་ལྷག་བཞུགས། སྐྱབས་མཆོག་འཇིགས་མེད་དབང་བོས་དགོན་སྡེ་འདི་ལ་ཆོས་བཀའ་མང་བོ་གནང་ཞིང་། བསྟན་འགྱུར་དཀར་ཆག་ཀྱང་ཁོང་གིས་རྩོམ་པར་མཛད། ཅོ་ནེ་ལོ་རྒྱུས་མེ་ཏོག་ཕྲེང་མཛེས་རྩོམ་པ་པོ་བྱང་ཆུབ་མི་ལ་ངག་དབང་བསོད་ནམས་རབ་བྱུང་བཅུ་ གཅིག་པའི་མེ་བྱི་ལ་འཁྲུངས། ལོ་ལྔའི་སྟེང་ཤུག་པའི་ཡལ་ག་ལ་ཕྲེང་བ་བརྒྱ་རྩ་བརྒྱད་ཡོད་པ་ཉིད་ནས་བཟོས། ཉིན་རེ་བཞིན་རྒོད་ཚང་ཉེ་འཁོར་ཤུག་ནགས་ཀྱི་དཀྱིལ་ན་བྲག་ཁུང་ཞིག་ཡོད་པ་དེར་ཚུལ་མཐུན་གྱིས་འཁོད་ནས་མ་ཎི་ཁྲི་ཚོ་གསུམ་རེ་ཆག་མེད་མཛད། བདུན་པ་ལ་དབེན་གནས་བཀྲ་ཤིས་འཁྱིལ་དུ་བསྐལ་ལྡན་རྒྱ་མཚོའི་དྲུང་ནས་རབ་བྱུང་བསྒྲུབ། བཅུ་བཞི་བཅོ་ལྔ་ཞིག་ལ་རོང་བོ་དགོན་ཆེན་དུ་ཐུགས་གཉེར་མཛད། ཉི་ཤུའི་ནང་དབུས་སུ་འབྲས་སྒོ་མང་ཆོས་གྲྭར་ཞུགས་ནས་བཀའ་པོཏ་ཡོངས་རྫོགས་ལ་སྦྱངས། གྲྭ་ཚང་ཉིད་དང་དགའ་ལྡན་སོགས་སུ་དམ་བཅའ་ བཞག དཀའ་བཅུའི་མཚན་བཏགས་ཐོན། རྒྱུད་སྨད་དུ་སྔགས་ལ་སྦྱངས། ལྔ་བ་ཆེན་པོ་ལས་བསྙེན་པར་རྫོགས། ཉེར་བདུན་པ་ཆི་བྱིར་རང་ཡུལ་དུ་བྱོན། རྗེ་སྐལ་ལྡན་པ་རྩ་བའི་བླ་མར་ བཟུང་། བླ་མ་དུ་མའི་ཞབས་པད་བསྟེན་ནས་ཟབ་ཆོས་མང་བོ་ལ་ཐོས་བསམ་ སྒོམ་གསུམ་གྱིས་དུས་འདའ་བར་བྱས། སེང་བཟང་རྣམ་འཕྲུལ་དུ་གྲགས་པ་ཨ་སྨོན་དཔའ་པོ་ནོར་བཟང་ནི།བཟང་གདོང་རི་ཁྲོད་བཀྲ་ཤིསདགའ་ཚལ་གླིང་འདེབས་པ་པོ་ཡིན་ནོ།།
དགོན་འདིའི་ཁྲི་རིམ་བྱོན་གྱི་ཐོག་མ་ཆོས་རྗེ་བློ་གྲོས་རྒྱལ་མཚན། ཆོས་རྗེ་གྲགས་པ་རིན་ ཆེན། རྭ་རོང་ངག་དབང་ཆོས་གྲགས་དཀོན་མཆོག་གྲུབ་པའི་སྡེ། ཆོས་རྗེ་བློ་བཟང་གྲགས་པ།ཆོས་རྗེ་དཔལ་ལྡན་བཟང་བོ། ཆོས་རྗེ་འཕགས་པ་རྒྱལ་མཚན། ཆོས་རྗེ་བསོད་ནམས་ལྷུན་པོ། བྱ་ཁྱུང་གྲགས་པ་རིན་ཆེན་མཆོག་རྒྱལ། འདི་བས་བྱམས་པའི་གསེར་སྐུ་བཞེངས། ས་ཟླའི་སྨོན་ལམ་བཙུགས། གསས་ཁང་ཆོས་རྗེ་སངས་རྒྱས་མཚོ། འདི་བས་མཚན་ཉིད་བཙུགས་ཁྲིར་ལོ་བཅུ་གཉིས་བཞུགས། ཆོས་རྗེ་ཚེ་བརྟན་དོན་གྲུབ། འདི་བས་འདུ་ཁང་ཆེན་མོ་ཞིག་གསོས་མཛད། འདི་དང་གོང་སོ་གཉིས་འཛིན་གྱིས་བསྐྱངས། ཆོས་རྗེ་ནམ་མཁའ་རྣམ་རྒྱལ། འདི་བས་བཀའ་འགྱུར་བཞེངས། སླར་ཡང་གསས་ཁང་བ་སངས་རྒྱས་རྒྱ་མཚོ་ལོ་བརྒྱད་ལ་བཞུགས།དགོན་མཐར་ལྕགས་རི་བརྡུངས། ཆོས་རྗེ་སྦྱིན་པ་དར་རྒྱས་ལོ་བདུན་ལ་ཁྲི་མཛད་ནས་རྡོར་ཕྲེང་སོགས་སྤྱི་སྒོས་ཀྱི་ཆོས་ཆར་ཕབ། འདུ་ཁང་ཆེན་མོ་དང་བདེ་མཆོག་ཁང་གསར་རྒྱག་མཛད། བཀའ་འགྱུར་བཞེངས། དངུལ་གྱི་རིགས་ལྔ་སོགས་དངུལ་སྤྱད་མང་པོ། གོས་ཡོལ།འཆམ་ལྭ་བཅས་བཞག སེ་རར་སྐུ་གཤེགས་པའི་གདུང་རུས་ཕྱག་ངར་ལ་ཨ་ཡིག་རང་བྱོན་དུ་ཕེབས། ཆོས་རྗེ་ཐུགས་རྗེ་ལྷུན་གྲུབ། ཆོས་རྗེ་བརྩོན་འགྲུས་དཔལ་ལྡན། ཆོས་རྗེ་ལྷ་དབང་རྒྱ་མཚོ་འདི་བས་གསང་འདུས་ལྷ་ཁང་ཞིག་གསོས་དང་། དམིགས་བརྩེ་མའི་ལྷ་ཁང་བཞེངས།   གཡོ་ས་བྱམས་པ་བཀྲ་ཤིས། འོལ་ཁ་ཆོས་རྗེ་རྡོ་རྗེ་རྒྱལ་མཚན། འབྲོག་གནས་བློ་བཟང་དར་རྒྱས། གཡོ་ས་དགེ་འདུན་གྲགས་པ། ཆོས་པ་བློ་བཟང་ཚུལ་ཁྲིམས། ཁྲ་འོག་པ་འཇམ་དབྱངས་བཀྲ་ ཤི ས། སྡེ་བའི་ནང་བ་ངག་དབང་རབ་བརྟན། དགུང་ལུང་བ་བློ་བཟང་རྒྱ་མཚོ། དགུང་བ་འཇམ་དབྱངས་རབ་བརྟན། ཆོས་ལུང་བ་གསུང་རབ་རྒྱ་མཚོ། སླར་ཡང་དགུང་བ་འཇམ་དབྱངས་རབ་བརྟན། ཁྱུང་རི་བཀྲ་ཤིས་རྒྱ་མཚོ། ཁོད་འབྱམས་བློ་བཟང་དར་རྒྱས། གནས་གཞི་ངག་དབང་ཡར་འཕེལ། མར་མཐིལ་ཁར་བ་དཔལ་ལྡན་ལྷུན་གྲུབ། བྱ་རྒོད་ཚལ་བ་གྲགསཔ། བཟང་བོ། སྐལ་ལྡན་དངོས་སློབ་ངག་དབང་བསོད་ནམས། སླར་ཡང་ཁྲ་འོག་འཇམ་དབྱངས་ བ་བཀྲ་ཤིས། ཆོས་རྗེ་རིནཆེན་བློ་གྲོས། གཡོ་སའི་དཔོན་སློབ་གྲགས་པ་བཤད་སྒྲུབ། ཆོས་རྗེ་གྲགས་པ་རྒྱ་མཚོ་འདི་རང་ཡུལ་དུ་བྱོན་པར་རྒྱལ་རོང་དགེ་བཤེས་སོགས་ཀྱིས་ཨ་མདོའི་ལུང་ བར་གསེར་ཕྱེ་ཤིང་རྟ་གང་དྲངས་སོགས་ཟེར་བ་བྱུང་། དཀའ་རམས་མཚན་བཏགས་ཀྱི་སྲོལ་ འདི་དུས་བཙུགས། དམ་བཅའི་སྐབས་ཁྱ་དགེ་དཔོན་སློབ། སྟག་ཚང་དཔོན་སློབ་སོགས་བྱོན། སྐུ་གཤེགས་པའི་གདུང་ལ་ཐུགས་ལྗགས་སྤྱན་གསུམ་བྱོན། རྗེ་གྲགས་པ་བཤད་སྒྲུབ་སླར་ཡང་ བཞུགས། ཆོས་རྗེ་ངག་དབང་དགེ་ལེགས། ཆོས་རྗེ་དགེ་འདུན་རྒྱ་མཚོ། མུ་ནེ་དཔོན་སློབ་སངས་རྒྱས་དཔལ་བཟང་། སྣ་ལུང་དགའ་ལྡན་ཕུན་ཚོགས་གླིང་འདེབས་པ་པོ་ཆོས་རྗེ་ངག་དབང་ཉི་མ། ཆོས་རྗེ་ངག་དབང་བཟོད་པ། ཆོས་རྗེ་རིནཆེན་དཔལ་འབྱོར། འདིས་བསྒྲིགས་པའི་ཅོ་ནེ་ དགོན་ཆེན་གྱི་ཆོས་འབྱུང་བླ་རབས་དང་བཅས་པ་གསལ་བའི་ཉིན་བྱེད་དབང་པོ་ཞེས་པ་ཡོད། ཆོས་རྗེ་བློ་བཟང་ནོར་བུ། ཆོས་རྗེ་འཇམ་དབྱངས་དོན་ཡོད། སླར་ཡང་ཆོས་རྗེ་རིན་ཆེན་དཔལ་འབྱོར། ཆོས་རྗེ་བློ་བཟང་ཆོས་འཕེལ། ཆོས་རྗེ་དགེ་འདུན་ཕུན་ཚོགས། ཆོས་རྗེ་དགེ་འདུན་རྒྱ་ མཚོ། ལྷ་རམས་པ་ངག་དབང་ཕུན་ཚོགས།ཆུ་མ་ཐང་བ་ལྷུན་གྲུབ་རྒྱ་མཚོ། ལ་ཁའི་དཔོན་སློབ་དགེ་འདུན་ནོར་བུ། སྤུ་ལུང་ནང་བ་ཀུན་དགའ་རྒྱ་མཚོ། འབྲོག་ནས་བློ་བཟང་ཆོས་འབྱུང་། ཐོའུ་ཇུའི་དཔོན་སློབ་ངག་དབང་སངས་རྒྱས། ཆུ་མ་ཐང་བ་ངག་དབང་རྒྱལ་མཚན། ལུང་    འཇོག་ནང་བ་འཇམ་དབྱངས་ཆོས་འབྱོར། གཡོ་ས་དཔོན་སློབ་ངག་དབང་བློ་གྲོས། ཚལ་མགོ་བ་དོན་ཡོད་སྦྱིན་པ། དགེ་ཚང་རིན་ཆེན་དཔལ་བཟང་། ཐོ་ལོ་གྲགས་པ་ཐབས་མཁས་རྒྱ་མཚོ། སོ་ས་བ་དགེ་འདུན་ནོར་བུ། སྤྱང་ལུང་གུར་བ་དགེ་འདུན་བརྩོན་འགྲུས། ཨ་སྨོན་ཚལ་བ་བློ་བཟང་བསམ་གཏན། སྣ་རིང་དཔོན་སློབ་ངག་དབང་རྒྱལ་མཚན། ཆུ་མ་ཐང་བ་བློ་བཟང་ལེགས་པ། གུར་བ་ཀུན་དགའ་ནོར་བུ། ཆུ་ལུང་པ་ངག་དབང་བསྟན་དར། ཏཱ་ཐང་བ་རིན་ཆེན་དར་རྒྱས། གླང་གཤོང་བློ་བཟང་སྦྱིན་པ། སྡེ་བའི་ནང་བ་བློ་བཟང་བསྟན་པའི་ཉི་མ། སྔོ་བཟང་འཇམ་དབྱངས་དར་རྒྱས། སྤྱང་ལུང་གུར་བ་གྲགས་པ་དོན་ཡོད། རྔ་མོང་གདོང་བ་དཀོན་མཆོག་བསྟན་འཛིན་བཟང་བོ། པན་ཚང་དཔོན་སློབ་ཆོས་འཕེལ་དོན་ཡོད། བྱ་རྒོད་ཚལ་བ་ཀུན་དགའ་རྒྱལ་མཚན། གཤེན་ཚ་དཀོན་མཆོག་བསམ་གྲུབ། བྲག་ལྕོག་ཐང་བ་དཀོན་མཆོག་ཕུན་ཚོགས། གཡོ་ས་སངས་རྒྱས་དཔལ་བཟང་། ཆུ་ཕྱི་ནང་བ་མཐུ་སྟོབས་རྒྱལ་མཚན། མར་ཐང་བློ་བཟང་ཆོས་འཕེལ། འདིའི་སྔོན་ནས་ཁྲི་རབས་ལྔ་དང་རྗེས་ནས་བཞིའི་མཚན་བྱང་མ་ ཚང་འདུག སྣ་ལམ་དཔོན་སློབ། དཔོན་སློབ་དགེ་ཚང་བ། ན་ལུང་བ་འཇམ་དབྱངས་བློ་བཟང་། སྐར་ཚན་བློ་བཟང་བསོད་ནམས། གཡས་གཙང་བྱམས་པ་ཆོས་འཛིན། ཞུ་ཚང་ངག་དབང་ཚུལ་ཁྲིམས། ཀྱེ་གེ་བླ་མ། སྤྲུལ་དཀར་ངག་དབང་རྒྱ་མཚོ། ཐོ་ལོ་གྲགས་པ་དཔལ་འབྱོར། སྤྲུལ་ དཀར་བློ་བཟང་དོན་གྲུབ། ཁྱོབ་ལུང་དཔོན་སློབ། གྲུ་བཞི་ཁ་བ་དགེ་འདུན་ཕུན་ཚོགས། ཤ་རུ་དགུང་བློ་བཟང་། ཡར་དངོས་དཔོན་སློབ། མ་རུ་སྔགས་རམས་པ་ངག་དབང་སྟོབས་ལྡན། སྒྱིས་ད་ཇ་སག་མཁན་པོ་ངག་དབང་བཟང་བོ། མར་ཐང་སྤྲུལ་པའི་སྐུ་བཟང་བསྟན་འཛིན་རྣམ་རྒྱལ། ཡུ་ལུ་སྤྲུལ་སྐུ་མཁྱེན་རབ་བསྟན་པ། སྤྱང་ལུང་གུར་བ་གྲགས་པ་མཐའ་ཡས། དཔལ་ཡུལ་ལྷ་རམས་པ་བློ་བཟང་བསྟན་འཛིན། ན་ལུང་སྐུ་སྐྱེས་དཀོན་མཆོག་སྐལ་ལྡན་རྒྱ་མཚོ། སྒྱིས་ད་སྐུ་སྐྱེས། རྡོ་རིང་དཔོན་སློབ། ཉན་བྱང་དཔོན་སློབ། དགེ་ལུང་དཔོན་སློབ་འདི་བ་ཚོགས་རམས་པ། ཁྱ་དགེ་དཔོན་སློབ་མཁས་གྲུབ་རྒྱ་མཚོ། དུས་རིང་དཔོན་སློབ། ཚ་རྡོར་སྐུ་སྐྱེས། སྡེ་བའི་ནང་བ་ངག་དབང་སྨོན་ལམ་གྱི་སྤྲུལ་སྐུ། ཡང་སྒྱིས་ད་སྐུ་སྐྱེས། གཡོར་མོ་ལུང་དཔོན་སློབ། བྲག་དགོན་སྤྲུལ་པའི་སྐུ་འཇམ་དབྱངས་བསྟན་པ་རྒྱ་མཚོ། གུར་ཡག་སྤྲུལ་པའི་སྐུ་ཐུབ་བསྟན་དགེ་ལེགས་ རྒྱ་མཚོ། བྱ་རྒོད་ཚལ་བ་དཔོན་སློབ་དཔའ་བོ། ཡང་བྱ་རྒོད་ཚལ་བ་དཔོན་སློབ་བསམ་གཏན། ཐོ་ལོ་དཔོན་སློབ། འགྲན་བྲལ་དཔོན་སློབ་བློ་བཟང་ཤེས་རབ། གཡོ་སའི་དཔོན་སློབ། ན་ལུང་ལྷ་རམས་པ་ངག་དབང་བསྟན་པ། གཡོ་སའི་སྐུ་སྐྱེས། ཡ་རིའི་དཔོན་སློབ་བློ་བཟང་རྒྱལ་མཚན་སོགས་མང་པོ་བརྒྱུད་ཀྱང་ཁྲི་རབས་ཀྱི་གོ་རིམ་གསལ་བར་མ་ངེས་སོ།།
བདུན། དགོན་པའི་ཕྱག་བཞེས་དང་ཚོགས་འདོན།
སྡེ་འདིའི་ཕྱག་བཞེས་དང་ཚོགས་འདོན་སོགས་ཀྱི་རིམ་པ་ནི། ཧོར་ཟླ་དང་པོ་ལ་ཚོགས་  ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ཉིན་བཅོ་ལྔ། བཅུ་བཞིའི་ཉིན་འཆམ་དབུས་ཀྱི་རྩེ་རྣམ་རྒྱལ་གྲྭ་ཚང་གི་ཕྱག་རྒྱན། བཅོ་ལྔའི་དགོང་མོར་དུས་བཟང་། མེ་ཏོག་མཆོད་པ། བཅུ་དྲུག་ལ་འཆམ་བཀྲ་ཤིས་ལྷུན་པོའི་ཕྱག་རྒྱུན། རྒྱུད་པ་གྲྭ་ཚང་གི་ལྕགས་མཁར། དེའི་གཏོར་རྒྱག་ལ་གྲྭ་མང་འཆམ་པ་བཅས་ཕེབས། གཉིས་པ་གྲྭ་ཚང་སོ་སོའི་དཔྱིད་ཆོས་ཟླ་གཅིག ཐོས་བསམ་གླིང་གི་བསྡུས་གྲྭའི་འཛིན་གྲྭ་བཞིའི་གཞུང་རྒྱུགས་པ་ལ་མགོན་པོའི་གཏོར་སྒྲུབ། གསུམ་པ་གྲྭ་ཚང་སོར་བར་ཆོས་ ཉིན་བཅོ་ལྔ། བཞི་བ་ལ་གྲྭ་ཚང་རྣམས་ལ་ཟླ་ཆོས་དང་རྒྱུད་པ་ལ་གསང་འདུས་རྡུལ་ཚོན་དང་ བཅས་བདག་འཇུག དེའི་སྐབས་སྔགས་ཀྱི་དམ་བཅའ། མཚན་ཉིད་ལ་དཀའ་བཅུའི་དམ་བཅའི་མིང་བཏགས། ཚོགས་ཆེན་ལ་ས་ཟླའི་སྨོན་ལམ། གོས་སྐུ། བྱམས་པ་གླིང་སྐོར། ལྔ་བ་ལ་ ཚོགས་ཆེན་མ་ཎི་རིལ་སྒྲུབ་ཉིན་བདུན། གྲྭ་ཚང་སོ་སོའི་བར་ཆོས་ཉིན་བཅོ་ལྔ། དྲུག་པ་ལ་ཚོགས་ཆེན་ལ་སྨོན་ལམ་ཉིན་བདུན། རྣམ་སྲས་ཀྱི་འཆམ། གོས་སྐུ། གྲྭ་ཚང་རྣམས་ལ་བར་ཆོས་ཉིན་བཅོ་ལྔ། བདུན་པ་ལ་གྲྭ་ཚང་སོ་སོར་སྟོན་ཆོས་ཟླ་གཅིག  རྒྱུད་པ་ལ་བདེ་མཆོག་བདག་འཇུག བརྒྱད་པ་ལ་གྲྭ་ཚང་རྣམས་ལ་བར་ཆོས་ཉིན་ཉི་ཤུ། བརྒྱད་པ་ལ་འཇིགས་བྱེད་བདག་འཇུག དགུ་བ་ལ་ཐོས་བསམ་གླིང་གི་བྱམས་པའི་སྨོན་ལམ། རྒྱུད་པ་ལ་རབ་གནས་ཆེན་མོ་སོགས་ཉིན་བཅོ་ལྔ། བཅུ་བ་ལ་ལྔ་མཆོད་ཉིན་ལྔ། འཆམ་གསར་རྙིང་གཉིས་ཀ བཅུ་གཅིག་པ་ ལ་གྲྭ་ཚང་སོ་སོར་དགུན་ཆོས་ཟླ་གཅིག བཅུ་གཉིས་པ་ལ་ཉེར་དགུའི་ཉིན་གཏོར་རྒྱག་འཆམ་ དང་བཅས་ཡོད། རྒྱུད་པའི་འཛིན་གྲྭ་བརྒྱད་ནི། ལོ་གསུམ་རེ་ནས་སྤོ། བསྐྱེད་རིམ་འཛིན་གྲྭ་བཞི། རྫོགས་རིམ་འཛིན་གྲྭ་གཉིས་འདིའི་བར་དུ་འདོན་རྟ་དབྱངས་ཐིག་རྡུལ་ཚོན་བསྐྱེད་རྫོགས་སོགས་ཀྱི་རྒྱུགས་འཕྲོད་ཚེ་འཛིན་གྲྭ་གོང་དུ་སྤོ་ཆོག ཊིཀྐ་གོང་འོག་གཉིས། སྔགས་རམས་པ་ཐོབ་རྗེས་དགོན་ལག་གི་རྒྱུད་གྲྭ་རྣམས་སུ་ཁྲི་བར་འགྲོ་དགོས། མཚན་ཉིད་གྲྭ་ཚང་ལ་འཛིན་གྲྭ་བཅུ་གཅིག དང་བོ། ཁ་དོག་དཀར་དམར། བསྡུས་ཆུང་། བསྡུས་འབྲིང་། བསྡུས་ཆེན། གཞུང་གསར་བ། གཞུང་གཉིས་པ། སྐབས་བཞི་བ་ཟུར་བཀོལ། དབུ་མ། འདི་མན་ཆད་ བརྩི་བཞག་དང་། རིགས་ལུང་གི་རྒྱུགས་འཕྲོད་ཚེ་གོང་དུ་སྤོ་ཆོག འདུལ་བ། མཛོད་རྣམས་ཡོད། འཛིན་གྲྭ་རེ་ལོ་གསུམ་རེ། མཚན་ཉིད་ཀྱི་འཆད་ཉན་མཁས་གྲུབ་བསྟན་དར་བའི་ཡིག་ཆ་གཙོ་བོར་འཛིན། དཀའ་རམས་དམ་བཅའ་བཞག་རྗེས་དགོན་ལག་རྣམས་སུ་ཁྲི་བར་འགྲོ། དགེ་བཤེས་ཨང་དང་བོ་ཐོབ་ཚེ་རྒྱུད་པའི་བླ་མ་དབུ་མཛད་ལོ་གསུམ། དེ་ནས་མཚན་ཉིད་གྲྭ་ཚང་གི་འཆད་ཉན་པར་ལོ་གསུམ། དེའི་རྗེས་སུ་རྒྱུད་པའི་འཆད་ཉན་ལོ་གསུམ། དེ་ནས་ཚོགས་ཆེན་ཁྲི་བ་ལོ་གསུམ་གྱིས་མཐར་ཕྱིན། ས་རིས་པའི་རྩིས་དཀར་ནག་སོགས་རྒྱུགས་འབུལ་དགོས། འཁོར་ཆེན། ཀུན་རིག ཚེ་དཔག་མེད། རྣམ་རྒྱལ་མ། སྨན་བླ། མི་འཁྲུགས་པ། དམིགས་བརྩེ་མ། གནས་བཅུའི་ཕྱག་མཆོད་སོགས་ལྷ་ཁང་སོ་སོར་འཚོགས་ནས་ཉིན་ལྔའི་རིང་ལ་རང་རང་གི་ཆོ་ག་གསུངས་ནས་མཇུག་ཏུ་སྦྱིན་སྲེག་ཀླུ་ཆོག་དང་བཅས་དཀྱིལ་འཁོར་ཅན་རྣམས་ལ་རྒྱུད་པ་ནས་རྡུལ་ཚོན་བླུག་དགོས། དེ་ལ་བརྟེན་ནས། ཟླ་བ་དང་བོ། དྲུག་པ། བཅུ་བ་རྣམས་སུ་ཆོས་རེས་ཚོགས། ཐོས་བསམ་གླིང་གི་ཡིག་ཆ། སྒྲིག་ལམ། ཞལ་འདོན་ཕལ་ཆེརསེར་སྨད་ལྟར་དང་ རྒྱུད་གྲྭར་འདོན་རྟ་དབྱངས། ཐིག་རྡུལ་ཚོན་གཏོར་མ་བཅའ་བཟོ་རོལ་མོ་འབུད་དཀྲོལ་གྱི་ཚུལ་སོགས་དབུས་ཀྱི་རྒྱུད་སྟོད་ཀྱི་ཕྱག་ བཞེས་ངོས་གཙང་ཞིང་མདོ་སྔགས་ཀྱི་འཆད་ཉན་སྒོམ་སྒྲུབ་རྩལ་དུ་འདོན་པའི་དཔལ་ས་སྐྱའི་གྲུབ་མཐའ་ནས་དཔལ་རི་བོ་དགེ་ལྡན་པའི་རིང་ལུགས་སུ་ བསྒྱུར་པའི་ཆོས་སྡེ་ཆེན་པོ་ཡུལ་མདོ་སྨད་ཀྱི་ལྗོངས་སུ་བསྐྲུན་པའི་དགོན་སྡེ་སྔ་ཤོས་ཀྱི་སྲོལ་ཡིན།
དགོན་པ་འདིའི་ནང་ཆེན་ནི། ཚེ་སྨོན་གླིང་གི་བླ་བྲང་། དབྱི་ལིའི་ནང་ཆེན། མར་ཐང་ནང་ཆེན། སྡེ་བའི་སྣང་བ། གུར་ཡག་ནང་ཆེན། རྒྱལ་ཐང་ནང་ཆེན། ཚ་རྡོར་སྐུ་སྐྱེས་ནང་ཆེན་སོགས་སོ།། 
བརྒྱད། དགོན་ལག་རྣམས་ཀྱི་མཚན།
དགོན་པ་འདིའི་བུ་དགོན་རྣམས་ནི། ནགས་མདོ། གོར་སོ། དག་ཡིག ཀླུ་ཆུང་། ཁྱ་དགེ་ཤོ་ བ། ཁང་ཐོག སྟོད་མ། གསེར་ཐང་། ར་ཟི། བང་ཚང་གོང་འགབ་གཉིས་བཅས་འདི་རྣམས་ལ་ཁྲི་བར་དགོན་ཆེན་ནས་བསྐོ་བའི་སྲོལ་ཡོད། གཞན་དགོན་ལག་ཆེ་ཆུང་དྲུག་ཅུ་རྩར་ཉེ་བ་ཡོད།
སྡེ་འདིའི་ནང་ཁག་ཞིང་ཆེན་གཞན་སོགས་ལ་འབྲེལ་བ་ཡོད་ཚུལ་ནི་མར་ཐང་སྤྲུལ་སྐུ་རིམ་བྱོན་རྣམས་སྨད་སོག་ལ་ཆོས་ཀྱི་བཀའ་དྲིན་ཆེ་བའི་སྦྱིན་བདག་མང་བོ་བྱུང་། ཧོ་བ་ཤ་ར་ཧྭ་དྲོའི་དགོན། ཧོ་ཉི་ཁྱིན་ཕྱིས་ཉི་ཟོ་མོ། པ་རག་སུ་ཉིད་མདོ་ཏེ་ཝང་ཐོ་ཧེ་ཐེ། ཆ་ཧར་སྒོ་ལོ་ཤ་རྣམས་ དང་། གུར་ཡག་སྤྲུལ་བའི་སྐུ་རིམ་བྱོན་ལ་ཨ་བག་ཇ་སག་ཧྭ་ཧྲོ། དབྱི་ལི་ཚང་རིམ་བྱོན་ལ། ཙོང་སུ་ཉིད་མདོ། ཆ་ཧར་ཁོ་ཤ་ར་ཧྭ་ཉི་ཁྱིན་མདའ་ཚན་ཤ་ར་ཧ་ཏཱ་དགོན། རྒྱལ་ཐང་སྐུ་སྐྱེ་ལ་སྒོ་ལ་ཁོའི་ཧྭ་མདའ་ཚན་ཧྭ་ཧྲོ་རྣམས་སོ།།
དགུ དགོན་པའི་དཔལ་འབྱོར་མདོ་ཙམ་དང་། གྲྭ་བའི་འཚོ་བའི་རྟེན་གཞི། 
༡.ས་ཞིང་མུའུ་ལྔ་བརྒྱ་ལྷག་ཡོད་པས་སོ་ནམ་པ་ཚོས་ལོ་རེར་མུའུ་གང་རེ་ལ་རྒྱ་མ་ལྔ་བཅུའི་ཞིང་སྐལ་དགོན་པར་སྤྲོད་དགོས། ༢.དགོན་པའི་ཉེ་འདབས་སུ་དགོན་པ་རང་གིས་ཕུབ་པའི་ཁང་མིག་དྲུག་ཅུ་ལྷག་ཡོད། དེར་སྡོད་མི་རྣམས་ཀྱིས་ལོ་རེར་ཁང་མིག་རེ་ལ་དངུལ་སྒོར་རེ་ སྤྲོད་དགོས། ༣.ཁྲི་བ་ཚོ་ལོ་རེ་ལ་རོང་འབྲོག་ཀུན་ཏུ་མར་བསོད་ནས་བསོད་ཕེབས་ནས་སྤྱི་གཞུང་ལ་འབུལ་དགོས། ༤.དགོན་པའི་སྤྱི་རྫས་དངུལ་སྒོར་ཁྲི་བཞི་ལྷག་ཡོད་པ་བུ་ལོན་ལ་བྱིན་ནས་ལོ་རེ་ལ་བརྒྱ་ཆ་གཉིས་སམ་གསུམ་གྱིས་བུན་སྐྱེད་བསྡུས་པ་རྣམས་མང་འགྱེད་ཀྱི་གཏོང་རྩ་ཡིན། གཞན་སྦྱིན་བདག་གིས་རང་མོས་སུ་མང་འགྱེད་གཏོང་བ། ཚོས་མཚམས་སུ་གྲོང་ཆོག་ཏུ་འགྲོ་བ། འགའ་རེ་ཚོང་བྱེད་པའང་ཡོད། ཕལ་ཆེར་རང་ཡུལ་ནས་འཚོ་བའི་རྒྱབ་སྐྱོར་ལ་བརྟེན་པ་ཡིན་ནོ།། ཞེས་ཅོ་ནེ་དགོན་ཆེན་གྱི་རྟེན་དང་བརྟེན་པ་སོགས་མདོ་ཙམ་གོང་དུ་སྨྲས་པ་ལ་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཡང་དག་པ་ལག་བསྟར་གྱིས་སྲུང་སྐྱོང་ཆེན་པོ་གནང་། ༡༩༥༨ལོར་རྒྱལ་ཡོངས་ཀྱི་ས་གནས་ལྟར། རྟེན་དང་གནའ་རྫས་ལ་གྱོང་གུད་བྱུང་ཞིང་། ལྷག་པར་རིག་གནས་གསར་བརྗེ་ཆེན་པའི་སྐབས་སུདགོན་འདིའི་རིག་དངོས་དང་། གནའ་རྫས་རྩ་འགངས་ཆེ་བ། རྟེན་གསུམ་སོགས་ལ་གོད་ཆག་ཆེན་པོ་བྱུང་བར་མངོན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།