中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > དགོན་སྡེ་ངོ་སྤྲོད། >
༄༅།། ལྷ་མོ་དགོན་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་།
དུས་ཚོད།2016-06-13 07:29:53     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
ཆོས་སྡེ་ཆེན་པོ་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་ནི། ཆུ་ཀླུང་ཆེན་པོ་ཀླུ་ཆུ་གང་ལས་འབབ་པའི་སྟོད་ཀྱི་ལྷོ་ངོས། འབྲུག་དཀར་གཙང་བོའི་ཆུ་མགོ་ཐོན་ཡུལ། ཀན་སུའུ་དང་མཚོ་སྔོན། ཟི་ཁྲོན་ཞིང་ཆེན་གསུམ་གྱི་འབྲེལ་མཚམས། སྔོན་སློབ་དཔོན་པདྨས་བདུད་སྲིན་བཏུལ་བར་གྲགས་པའི་གནས་ཏེ། ད་ལྟའི་ཀླུ་ཆུ་རྫོང་ལྷ་མོ་ཞང་གི་ཁོངས་སུ་ཆགས། ཡོངས་གྲགས་ལ་སྟག་ཚང་ལྷ་མོའི་དགོན་ཟེར། ཆོས་ཀྱི་སྡེ་འདི་ནི་འཕགས་པ་ཉེ་བར་འཁོར་དང་།  གཉན་སྟོན་སྦས་པའི་རྣལ་འབྱོར། རྗེ་ཤེས་རབ་སེང་གེ  ཤར་ཆེན་རིན་ཆེན་རྒྱལ་མཚན་སོགས་ཀྱི་སྐུའི་སྐྱེ་བ་བཞེས་པ། དགའ་ལྡན་ཁྲི་རབས་ང་གསུམ་པοཁྲི་རྒྱལ་མཚན་སེང་གེ་དཔལ་བཟང་པོ་དེ་ཉིད་ཀྱིས་རབ་བྱུང་བཅུ་གསུམ་པའི་ས་འབྲུག(སྤྱི་ལོ༡༧༤༨)ལོར་ཕྱག་འདེབས་མཛད།
ཆོས་སྡེ་འདི་གསར་འདེབས་མཛད་སྐབས་སུ་ཆིང་ཝང་བསྟན་འཛིན་དབང་ཕྱུག་གིས་དགོན་གནས་ཀྱི་སྦྱིན་བདག་བྱས་ཏེ། སོག་པོ་ནས་ཐཱས་ཇི། སྦྲ་ཁག་གཉིས་ཆེད་དུ་མངགས་ནས་གསེར་ཁྲིའི་དཔོན་རྒྱུད་མ་ཆད་པ་དང་། ལྷ་སྡེ་དང་སུ་རུག་སྐྱོང་སའི་རྩྭ་ས་དང་བཅས་པ་ཕུལ།  ཅོ་ནེ་མི་དབང་ཆེན་པོ་དམག་ཟོར་མགོན་པོ་དང་འཇམ་དབྱངས་ནོར་བུ་ཡབ་སྲས་བཅས་ཀྱིས་སྔ་ཕྱིར་རྗེ་འདི་ཉིད་ཀྱི་ཞབས་པད་སྤྱི་བོས་བསྟེན་ཏེ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་དཔར་ཕུད་དང་། མཆོད་རྫས། རོལ་ཆ། གྲལ་གདན། དགོན་ལག་མཆོད་གཞིས་ཀྱི་ལྷ་སྡེ་དང་ནགས་ཚལ། ས་ཞིང་སོགས་མཐུན་རྐྱེན་གང་མཁོ་ཕུལ་ནས་དགོན་འདིའི་སྦྱིན་བདག་བྱེད་པར་ཞུས། མཛོད་དགེ་དང་བྱམས་མེས། བཞག་སྡོམ། གླིང་བ་སོགས་ཀྱིས་གྲྭ་རྒྱུན་གྱི་ཐོག་མ་ཕུལ་ཏེ་ཆོས་ཐོག་བཞིའི་སྦྱིན་བདག་བྱེད་རྒྱུའི་ཁས་ལེན་ཕུལ། གཞན་ཡང་མཆོད་གཞིས་དང་ལྷ་སྡེ་ཟམ་ཚ་ རོང་འབྲོག་ཚོ་དྲུག། ཨ་ལ་ཤོག་ཁ་ལྔ། རྐྱང་ཚོ་བ་གསུམ། ཚོང་རུ་ལྷ་སྡེ་ལྔ། འབྲིང་བའི་སྣོད་ལྗོངས། ཐ་རུ་གོང་བ་གཉིས། བྲེ་ལུན་པ། སུམ་མཐིལ་དགོན་ཆགས། ཐེ་བོ་རོང་གསུམ། དམེ་གྱ། འབོའུ། བོང་ཚང་། ཤམ་སྐོར། སྒར་རྙིང་། ཁཱ་ཤཱི། བུམ་པ། མཐའ་བ་ལྷ་སྡེ་གསུམ་སོགས་ཀྱིས་ཀྱང་སྔ་གཞུག་ཏུ་ཞྭ་སེར་བསྟན་པའི་གནས་མཆོག་ཆོས་སྡེ་ཆེན་པོ་འདི་ཉིད་གསར་དུ་འདེབས་པ་ལ་མཐུན་རྐྱེན་སྣ་ཚོགས་སྦྱར་ནས་ཞབས་ཏོག་གང་ལེགས་བསྒྲུབས།
མཁས་གྲུབ་བྱེ་བའི་གཙུག་རྒྱན་རྗེ་རྒྱལ་མཚན་སེང་གེ་གང་ཉིད་ནི་ཁྲི་ཆེན་སྐུ་ཕྲེང་དང་པོ་ཡིན་ཏེ། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་རྟ(སྤྱི་ལོ༡༦༧༨)ལོར་ཟམ་ཚེའི(ཀླུ་ཆུ་རྫོང་ཁོངས)ཆོས་འཁོར་སྒང་སྟེ་ཀ་དེའུ་མགོར་ཡབ་ཚེ་རིང་བཀྲ་ཤིས་དང་། ཡུམ་སྙིང་མོ་ལྕགས་གཉིས་ཀྱི་སྲས་སུ་གཟའ་སྐར་དུས་ཚོད་དགེ་བར་ངོ་མཚར་བའི་དགེ་མཚན་གྱི་ལྟས་དུ་མ་དང་ བཅས་སྐུ་འཁྲུངས། དམ་པ་འདི་ཉིད་སྐུ་ན་ཕྲ་མོའི་དུས་ནས་བྱིས་པ་ཐ་མལ་བའི་སྤྱོད་པ་དང་ བྲལ་ཏེ་ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཛད། དགུང་ལོ་བཅུ་གཅིག་པར་ཏཱ་དབོན་པ་བླ་མ་ཚུལ་ཁྲིམས་སེང་གེ་ལས་རབ་ཏུ་བྱུང་བར་མཚན་ལ་རྒྱལ་མཚན་སེང་གེ་ཞེས་གསོལ། དགུང་ལོ་ཉེར་བདུན་པར་དབུས་སུ་ཕེབས་ཏེ་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཡེ་ཤེས་མཆོག་གི་ལུང་བསྟན་བཞིན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། པཎ་ཆེན་བློ་བཟང་ཡེ་   ཤེས་དང་། རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེ། ཁྲི་ཆེན་དཔལ་ལྡན་གྲགས་པ། ཁྲི་ཆེན་བློ་བཟང་དར་རྒྱས། རྗེ་ཕུན་ཚོགས་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པའི་དགེ་བའི་བཤེས་གཉེན་ཆེན་པོ་བཅུ་ཕྲག་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱོང་མཛད་པས་མཁས་པའི་ཡང་རྩེར་སོན། ཁོང་ཆོས་གྲྭར་ཕེབས་བཞུགས་ཐམས་ཅད་ཀྱི་དུས་སུ་དམ་ཅན་ཆོས་རྒྱལ་ཕྱི་བཞིན་འབྲང་བས་འདི་གཞན་དང་མི་འདྲ་བར་འདུག་ཅེས་རྗེ་འཇམ་དབྱངས་ བཞད་པས་སྐུ་འཁོར་ལ་གསུངས། དགུང་ལོ་སོ་དགུ་བ་ལ་ལྷ་ལྡན་སྨོན་ལམ་ཆེན་མོའི་རབ་འབྱམས་པའི་གྲྭ་སྐོར་མཛད་པས་མཁས་པའི་གྲགས་པ་སྲིད་རྩེར་བསྒྲེངས་པ་དང་། དབང་ལུང་མན་ངག་དང་མདོ་རྒྱུད་རིག་གནས་ལ་སོགས་པའི་གཏེར་དུ་གྱུར། དེ་ནས་ཀོང་པོ་འབྲུག་ལྷའི་མཁན་ཁྲིར་ལོ་གསུམ་དང་དགུང་ལོ་ཞེ་དགུ་བ་ལ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ལ་བཞུགས། དགུང་ལོ་ང་གཉིས་པ་ས་བྱ་ལོ་ནས་རྒྱུད་པའི་ཁྲི་བ་དང་དགའ་ལྡན་བྱང་རྩེའི་ཆོས་རྗེ་ཟུང་འབྲེལ་མཛད། དགུང་ལོ་ང་ལྔ་བ་ཆུ་ཕོ་བྱི་བའི(སྤྱི་ལོ༡༧༣༢)ལོ་ནས་དགའ་ལྡན་གསེར་ཁྲི་རིན་པོ་ཆེར་ལོ་བརྒྱད་ཀྱི་རིང་ཞབས་པད་བཀོད། ཡེ་ཤེས་པ་དངོས་དང་དབྱེར་མེད་པ་དགའ་ལྡན་ཆོས་རྒྱལ་རང་བྱོན་གྱི་ལྗགས་ལ་ཞིག་གསོ་དགོས་པ་སྔར་སུས་ཀྱང་མ་ནུས་པ་རྗེ་ཉིད་ཀྱིས་ཕྱག་བསྟར་ཞིག་གསོས་གནང་བ་སོགས་ཁྱད་པར་དུ་འཕགས་པའི་མཛད་པ་ཕུལ་དུ་བྱུང་། དགུང་ལོ་རེ་གསུམ་པ་ནས་གཞོན་ནུ་བྱང་ཆུབ་འོད་ཀྱི་གདན་ས་བྱ་ཡུལ་མང་རིའི་མཁན་ཁྲིར་ལོ་བརྒྱད་ལ་བཞུགས་པ་སོགས་དབུས་གཙང་གི་ཕྱོགས་སུ་བསྟན་པ་དང་འགྲོ་བའི་དོན་རླབས་པོ་ཆེ་ཁུར་དུ་བཞེས་ཤིང་། འཆད་པ་དང་རྩོད་པ་དང་རྩོམ་པ་ལ་སོགས་པའི་མཛད་འཕྲིན་གྱི་སྒོ་ནས་རྗེ་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མ་མེད་པ་འཛིན་སྐྱོང་སྤེལ་གསུམ་མཛད། དགུང་ལོ་བདུན་ཅུ་བ(སྤྱི་ལོ༡༧༤༧)ལོར་མི་དབང་ཆེན་པོ་ཆིང་ཝང་བསྟན་འཛིན་དབང་ཕྱུག་གིས་རྒྱལ་མཆོག་བདུན་པ་རྗེ་བསྐལ་བཟང་རྒྱ་མཚོར་གསོལ་བ་རྩེ་གཅིག་ཏུ་བཏབ་ནས།  མཚུངས་མེད་ཁྲི་ཆེན་སྤྲུལ་བའི་སྐུ་རྒྱལ་མཚན་སེང་གེ་འདི་ཉིད་ཁོ་བོ་ཅག་གི་རིགས་ཀྱི་ཅོད་པན་དུ་གནང་དགོས་ཞེས་ཞུ་བ་ནན་ཆེར་ཕུལ་བར་བརྟེན། ༧གོང་ས་མཆོག་གིས་སྔར་དགའ་ ལྡན་ཁྲི་བ་ས་མཐར་ཕེབས་པའི་སྲོལ་ཆེར་མེད་ཀྱང་། ཁྱེད་བསྟན་པའི་སྦྱིན་བདག་གཞན་དང་མི་འདྲ་བས་ཁྲི་ཆེན་རིན་པོ་ཆེ་ཉིད་ཀྱི་ཐུགས་དགོངས་དང་བསྟུན་ཆོག་ཅེས་བཀའ་གནང་། རྗེ་རང་ལ་གསོལ་བ་བཏབ་ན། ལྷ་དང་བླ་མའི་ལུང་བསྟན་དུས་ལ་བབས་པར་མཁྱེན་ནས་ཐུགས་དགྱེས་བཞིན་འབྱོན་པར་ཞལ་གྱིས་བཞེས་ཏེ་མདོ་སྨད་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་མངོན་པར་བསྒྱུར་བ་ལ་ཕྱོགས་ཚེ། རྒྱལ་མཆོག་བདུན་པ་ཆེན་པོས་ཐམ་ག་གྲུ་སྒོར་མ་དང་བཀའ་ཤོག་ཐུགས་དམ་གྱི་རྟེན་བྱིན་ཅན་མང་པོ། དངོས་རྫས་སྤུས་ལེགས་གྱ་ནོམ་པ་རྣམ་གྲངས་སྟོང་ལྷག་གི་ཕེབས་རྫོངས་གནང་བར་མ་ཟད། གཞུང་ས་ནས་ཀྱང་ཕེབས་རྫོངས་རྒྱ་ཆེར་སྒྲུབ་དགོས་པའི་བཀའ་བསྩལ་པ་ལྟར་བསྒྲུབས། དེ་ནས་ལོ་དེའི་བོད་ཟླ་ལྔ་བའི་ཚེས་བཞིའི་ཉིན་མདོ་སྨད་དུ་ཆིབས་ཁ་བསྒྱུར་ཏེ། ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཆིང་ཝང་ཨུརྒེར་མཆོད་ཡོན་ཞལ་འཛོམས། བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་ཞུས་པ་ལྟར་ཚོགས་ཆེན་འདུ་ཁང་དུ་ཕེབས་ཏེ། ཀུན་མཁྱེན་སྐུ་ཕྲེང་གཉིས་པ་རྗེ་འཇིགས་མེ་དབང་བོར་སྐུ་ཆོས་སོགས་ཕུལ། ལུགས་གཉིས་དང་འབྲེལ་བའི་གསུང་གནང་ཞིང་དགེ་འདུན་འདུས་པའི་སྡེ་དང་དཔོན་ཚང་བཅས་ལ་ཕྱག་དབང་དང་དངོས་ཆས་བསྩལ་པ་དང་། ཚོགས་སུ་དངུལ་ཊམ་རེའི་འགྱེད་བཏང་། རབ་བྱུང་བཅུ་གསུམ་པའི་ས་འབྲུག(སྤྱི་ལོ༡༧༤༨)ལོར་སྟག་ཚང་ལྷ་མོའི་བླ་བྲང་གི་གཞི་བཟུང་སྟེ། ཆུ་སྤྲེལ(སྤྱི་ལོ༡༧༥༢)ལོའི་བཅུ་བའི་ཚེས་བདུན་ལ་བཤད་གྲྭ་བཙུགས་ཤིང་གཙོས་དགོན་པར་གདན་དྲངས་པ་བཞིན་དེར་ལ་ཕེབས་ཏེ། གཙོས་དགེ་ལེགས་རྒྱ་མཚོ་དང་རྩེ་ཐོག་སྐུ་སྐྱེ་གཉིས་ ཀྱིས་གཙོས་སེར་སྐྱ་དྲག་ཞན་ཀུན་གྱིས་འདུན་པ་ན་དུ་མརགཅིག་དྲིལ་གྱི་སྒོ་ནས་དགོན་པ་ཕུལ་ཏེ་འཆད་ཉན་གྱི་བཤད་གྲྭ་འཛུགས་དགོས་ཞེས་ཞུ་བ་ནན་ཆེར་ཕུལ་བ་བདག་གིར་བཞེས། ས་སྦྲུལ(སྤྱི་ལོ༡༧༤༩)ལོར་རྗེ་རང་གི་བརྩི་བཞག་གནང་སྟེ་འཆད་ཉན་གྱི་དབུ་བཙུགས། དེ་ནས་རིམ་བཞིན་མདོ་སྨད་ཕྱོགས་ཀྱི་དགོན་སྡེ་དང་ཡུལ་གྲུ་མང་བོས་གདན་འདྲེན་ཞུས་པ་ལའང་གང་ལ་གང་འཚམ་གྱི་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད། ཐུགས་སྲས་བུ་སློབ་ཀྱི་གྲས་ལ། ཁྲི་ཆེན་ངག་དབང་ཆོས་གྲགས་དང་། ཁྲི་ཆེན་ངག་དབང་ཚུལ་ཁྲིམས། རྒྱལ་བ་འཕགས་པ་ལྷ། བྲག་གཡབ་སྤྲུལ་སྐུ་བློ་བཟང་བསྟན་པ། བ་སོ་ཆོས་ཀྱི་རྒྱལ་མཚན། ཚ་རྡོར་ནོ་མོན་ཧན། སྟོབས་ལྡན་སྔགས་རམས་པ། མེརྒེན་རྗེ་ནམ་སེང་བ། བྲག་སྒོམ་པ་བློ་བཟང་ཤེས་རབ། ཁང་ལུང་བ་དགེ་འདུན་རྒྱ་མཚོ། གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ། ཏཱ་དབོན་པ་བློ་བཟང་སེང་གེ་སོགས་བཤད་སྒྲུབ་ཟུང་གི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་སྤེལ་བའི་ངེས་པ་དོན་གྱི་པཎྚི་ཏ་མང་བོ་བྱོན། དེ་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་ནས་དགུང་ལོ་དོན་དགུ་བཞེས་པ་རབ་བྱུང་བཅུ་གསུམ་པའི་མེ་བྱི(སྤྱི་ལོ༡༧༥༦)ལོར་ཧོར་ཟླ་དགུ་བའི་ཚེས་བཅོ་ལྔའི་ཉིན་ལ་ཞབས་རྡོ་རྗེ་དཀྱིལ་ཀྲུང་དང་ཕྱག་གཉིས་མཉམ་བཞག་ངང་སྐུ་མྱ་ངན་ ལས་འདས་པའི་ཚུལ་བསྟན། བཀའ་རྩོམ་ལས། བྱང་ཆུབ་ལམ་གྱི་རིམ་པ་དམ་པ་གོང་མའི་གསུང་རྒྱུན་གཞན་ལས་ཁྱད་པར་དུ་འཕགས་པའི་ཆ་མང་པོས་བརྒྱན་པ་དང་། གསང་འདུས་ རྒྱུད་འགྲེལ་ལེའུ་ལྔ་བ་ཡིན། རྗེ་རང་ཉིད་ཀྱི་འཁྲུངས་རབས་གསོལ་འདེབས། བཀའ་འགྱུར་དཀར་ཆག ཀླུ་ཤོད་རྫོང་ལྷ་བཅུ་གསུམ་གྱི་བསང་ཡིག  ལྷ་མོ་དང་གཙོས་དགོན་པ་གཉིས་ཀྱི་  བཅའ་ཡིག་སོགས་བཞུགས་སོ།
ཁྲི་ཆེན་སྐུ་ཕྲེང་གཉིས་པ་རྗེ་བློ་བཟང་རྒྱལ་མཚན་སེང་གེ་ནི། རབ་བྱུང་བཅུ་གསུམ་པའི་མེ་གླང(སྤྱི་ལོ༡༧༥༧)ལོར་འབོ་རའི་ཁྲོམ་ཐོག་གི(བསང་ཆུ་རྫོང་ཁོངས)སར་ཡབ་དྲུང་བ་ལྕགས་པོ་བྱམས་དང་། ཡུམ་ལྕགས་མོ་བྱམས་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། དགུང་ལོ་བདུན་པར་དྲུང་བ་བླ་མ་སེངྷིའི་མཚན་ཅན་གྱིས་ཐུགས་ཐག་བཅད་དེ། ཡབ་རྗེ་གོང་མས་ཕྱག་འདེབས་གནང་བའི་ལྷ་མོའི་གསེར་ཁྲི་དགོན་དུ་གདན་སར་བཀོད། རྗེ་འདི་ཉིད་ཀྱིས་ལྷ་རམས་དགེ་བཤེས་ཁཱ་ཤཱི་བློ་བཟང་རྒྱ་མཚོ་ཡོངས་འཛིན་དུ་བསྟེན། དམ་པ་གོང་མའི་ཐུགས་ཀྱི་དགོངས་བཞེད་ཀྱི་རྒྱུན་བསྐྱངས་ཏེ་ཡུལ་མདོ་སྨད་ཁྱད་པར་དུ་དབུས་ཀྱི་འབྲས་སྒོ་མང་གི་ཆོས་གྲྭ་རྣམས་སུ་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་སྦྱོང་མཐིལ་ཕྱིན་མཛད། འཆད་རྩོད་རྩོམ་གསུམ་ལ་འགྲན་པའི་ཟླ་དང་བྲལ་བའི་མཁས་པའི་གོ་འཕང་བརྙེས། མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ཐུགས་རྒྱུད་ཡོངས་སུ་ཕྱུག་ཅིང་ཟབ་པ་དང་རྒྱ་ཆེ་བའི་ དབང་ལུང་མན་ངག་གི་གཏེར་ཆེན་པོར་གྱུར། དབུས་སུ་སྔ་ཕྱིར་ལན་གཉིས་ཕེབས། རྒྱལ་མཆོག་བརྒྱད་པ་ཆེན་པོས་ཆོ་ལོ་དང་ཐམ་ག་གྲུ་སྒོར། བཀའ་ཤོག སྐུ་གསུང་ཐུགས་རྟེན། གདུགས་རྟ་དར་སོགས་རྣམ་གྲངས་སྟོང་ལྷག་གི་དངོས་རྟེན་བསྩལ། མདོ་སྨད་ཡུལ་ཕལ་མོ་ཆེ་དང་། རྒྱ་ཧོར་སོག་གསུམ་གྱི་ཡུལ་གྲུ་མང་པོར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ནས་སྐལ་ལྡན་གྱི་བུ་སློབ་བརྒྱ་ཕྲག་དུ་མ་རྗེས་སུ་བཟུང་། མཐོང་ཐོས་དྲན་རེག་གིས་གདུལ་བྱ་བགྲང་ལས་འདས་པའི་འཁོར་བ་མཐའ་ཅན་དུ་མཛད།  ཁྱད་པར་དུ་ཁྲི་ཆེན་གོང་མའི་གདན་ས་ལྷ་མོ་གསེར་ཁྲི་དགོན་དང་གཙོས་དགོན་དགེ་ལྡན་ཆོས་གླིང་གཉིས་ལུགས་གཉིས་ཀྱི་ཆ་ནས་རིས་མེད་ཀྱིས་བསྐྱངས། དགུང་ལོ་གོ་གསུམ་བཞེས་པ་རབ་བྱུང་བཅུ་བཞི་བའི་ས་བྱ(སྤྱི་ལོ༡༨༤༩)ལོའི་ཧོར་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་ལ་གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུ་བར་མཛད་པ་སོགས་རྣམ་ཐར་ཆེན་མོར་གསལ་བས་འདིར་དེ་ཙམ་མོ།། གསུང་འབུམ་ལ་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་ཚན་བསྡོམས་པས་པོཏ་བརྒྱད་བཞུགས།
ཁྲི་ཆེན་སྐུ་ཕྲེང་གསུམ་པ་རྗེ་འཇམ་དཔལ་བསྟན་འཛིན་སེང་གེ་ནི། རབ་བྱུང་བཅུ་བཞི་བའི་ཤིང་སྟག(སྤྱི་ལོ༡༨༥༤)ལོར་ཁོ་ཚེ(བསང་ཆུ་རྫོང་ཁོངས)རུ་ཡབ་སྦྱིན་པ་རྒྱ་མཚོ་དང་། ཡུམ་ཇོ་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལྷ་མོ་དང་གཙོས་དགོན་གོང་འོག་གཉིས་ཀྱི་ལས་སྣེ་ཆེ་བགྲེས་རྣམས་གྲོས་མཐུན་གྱིས་རེ་ཞིག་གཙོས་དགོན་པར་ཕེབས་རྒྱུའི་ཐག་བཅད་ལྟར། དགུང་ལོ་བཞི་བར་དགོན་གོང་འོག་གི་མཁན་སློབ་ཁྲི་གདན་ཟུར་སོགས་ཀྱིས་གཙོ་བྱས་པའི་སེར་སྐྱ་དྲག་ཞན་གྱི་ཚོགས་ཆེན་པོའི་བསུ་བ་སྔ་ཕྱི་སེར་སྦྲེང་དང་བཅས་པས་གཙོས་དགོན་པར་གདན་དྲངས། དགེ་བའི་བཤེས་གཉེན་སྨོན་ལམ་རྒྱ་མཚོ་ཚང་ཡོངས་འཛིན་དུ་བསྟེན། སྐུ་ན་ཕྲ་དུས་ནས་འདོན་ཆ་སོགས་བསླབས་པས་ཚེགས་མེད་པར་ཐུགས་སུ་ཆུད།  དགུང་ལོ་བརྒྱད་པར་ཆོ་འཕྲུལ་སྨོན་ལམ་གྱི་གསུང་ཆོས་ལ་ཡོན་ཏན་གཞིར་གྱུར་མའི་སྟེང་ནས་ལམ་ཡོངས་རྫོགས་ཀྱི་གསུང་བཤད་གནད་དྲིལ་བ་བསྩལ་བས་ཀུན་གྱིས་བསྔགས་པའི་མེ་ཏོག་འཐོར། མེ་ཡོས་ལོར་འཁྲུངས་ཡུལ་དང་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་གདུང་རྒྱུད་དངོས་རྒྱལ་པོ་ཆི་ཝང་གི་ཨུརྒེར་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། ཁྲི་ཆེན་གོང་མ་ནས་མཆོད་ཡོན་གྱི་འབྲེལ་ཁྱད་པར་བ་ཡར་ལྡན་དུ་སྤེལ། དགུང་ལོ་ཉེར་གཅིག་པར་དབུས་སུ་ཆིབས་བསྒྱུར་གནང་སྐབས་གདན་ལ་ལྷ་མོར་ཕེབས། གསེར་ཁྲི་ནང་ཆེན་གྱིས་གཙོ་བོའི་སྒར་གྲོང་གིས་ཕེབས་རྫོངས་རྒྱ་ཆེན་ཕུལ། དབུས་ནས་སླར་རང་ཡུལ་དུ་ཞལ་ཕྱོགས་ལ་ཉེ་བ་ན། རྒྱལ་མཆོག་བཅུ་གཉིས་པ་ཆེན་པོས་བྱིན་རྟེན་དུ་མ་དང་། གཞུང་ས་ནས་བཀའ་ཤོག་སོགས་བསྩལ། དམ་པ་འདི་ཉིད་ཀྱིས་འགྲོ་བ་རྣམས་ཀྱི་མངོན་མཐོ་ངེས་ལེགས་ཀྱི་ཕན་བདེ་མ་ལུས་པ་འབྱུང་བའི་གནས་གཅིག་པུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་མཛད་དེ་སྐུའི་གདུལ་བྱ་རེ་ཞིག་རྫོགས་པ་ན། དགུང་གྲངས་ཉེར་གསུམ་བཞེས་པ་རབ་བྱུང་བཅོ་ལྔ་བའི་མེ་བྱི(སྤྱི་ལོ༡༨༧༦)ལོར་གཟུགས་སྐུ་རགས་པའི་བཀོད་པ་བསྡུ་བར་མཛད་དོ།། རྒྱས་པ་རྣམ་ཐར་མེ་ཏོག་འཕྲེང་མཛེས་ན་གསལ།
ཁྲི་ཆེན་སྐུ་ཕྲེང་བཞི་བ་རྗེ་བློ་བཟང་བསྟན་འཛིན་སེང་གེ་ནི། རབ་བྱུང་བཅོ་ལྔ་བའི་མེ་གླང(སྤྱི་ལོ༡༨༧༧)③ལོར།སྐུ་འཕྲེང་གཉིས་པའི་འཁྲུངས་ཡུལ་འབོ་རའི(བསང་ཆུ་རྫོང་ཁོངས)དྲུང་བ་ཚང་ནས་ཡབ་ཀླུ་འབུམ་བཀྲ་ཤིས་དང་། ཡུམ་སྒྲོལ་མ་འཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བཞི་བར་སྟག་ཚང་ལྷ་མོའི་དགོན་དུ་གདན་སར་བཀོད། དེ་ནས་རྗེ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་སོགས་མཚན་ཉིད་བཅུ་ལྡན་གྱི་ཐེག་པ་མཆོག་གི་མགོན་དགེ་བའི་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་བསྟེན་ཏེ་ཡི་གེ་འབྲི་ཀློག་ལ་སྦྱངས་ཤིང་། ཆོ་ག་ཆོས་སྤྱོད་སོགས་ཐུགས་འཛིན་མཛད། ཁྱད་པར་དུ་གཞུང་བཀའ་པོཏ་ཆེན་པོ་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི། སྒྲ་དང་སྙན་ངག་སོགས་བཅུ་ཕྲག་རིག་པའི་གནས་ལ་ཚིག་སྤྱི་ཙམ་དུ་མ་སོང་བའི་ཐུགས་སྦྱངས་དཔྱིས་ཕྱིན་པ་དང་། དཔལ་དུས་ཀྱི་འཁོར་ལོའི་དབང་། མི་ཏྲཱ་བརྒྱ་རྩ་དང་རྡོ་རྗེ་འཕྲེང་བ་སོགས་དབང་བཀའ་རྗེས་གནང་དུ་མ་དང་། ཁྲིད་ལུང་མན་ངག་གི་སྐོར་ཤིན་ཏུ་མང་པོའི་རྒྱུན་ཕྱག་ལེན་དང་བཅས་པ་བུམ་པ་གང་ བྱོའི་ཚུལ་དུ་གསན་བཞེས་མཛད། སྡེ་འདིར་ལོ་རེའི་ས་ག་ཟླ་བའི་ཚེས་བཞི་ནས་ཚེས་བཅུ་གསུམ་ཉིན་བར་ལ་ཆུ་མཆོད་བྱེ་ཆེན་དང་མར་མེ་སྟོང་ཕྲག་བརྒལ་བ་འབུལ་བའི་སྲོལ་གསར་ གཏོད་དང་། དུས་འཁོར་གྲྭ་ཚང་ཨེ་གཉིས་མེད་ཆོས་འཁོར་གླིང་དང་དཔར་རྐོ་གྲྭ་ཚང་བཙུགས། རྗེ་འདི་ཉིད་རྭ་ལོ་ཙཱ་བ་སླར་བྱོན་པ་ལྟ་བུ་གསང་གསུམ་གྱི་ནུས་མཐུ་བསམ་གྱིས་མི་ ཁྱབ་ཅིང་། དུས་གསུམ་གཟིགས་པའི་མངོན་ཤེས་དང་ལྷ་སྲིན་བྲན་དུ་བཀོལ་བའི་གྲུབ་རྟགས་སོགས་བརྗོད་ལས་འདས། དགུང་ལོ་རེ་གསུམ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ས་ཡོས(སྤྱི་ལོ༡༩༣༩)ལོའི་ཧོར་ཟླ་བརྒྱད་པའི་ཚེས་གཉིས་ཉིན་ལ་འཇའ་འོད་ཀྱི་གུར་དང་། འབྲུག་སྒྲ་ ལན་གསུམ་སྒྲོགས་པ་སོགས་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ།
ཁྲི་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་བ་རྗེ་བློ་བཟང་རྣམ་རྒྱལ་ལུང་ལུང་རིགས་སེང་གེ་དཔལ་བཟང་ནི། ཟི་ཁྲོན་མཛོད་དགེའི་རྫོང་ཁོངས་ཡུལ་ལ་དགེ་བཅུའི་དཔལ་འཛོམས་པ་མཛོད་དགེ་བཞག་སྡོམ་ཞེས་བྱ་བའི་སར་ཡབ་ཤེས་རབ་རྒྱལ་མཚན་དང་། ཡུམ་སྦྲང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་སྟག(སྤྱི་ལོ༡༩༣༨)ལོར་སྐུ་གོང་མ་བཞུགས་བཞིན་དུ་དགེ་མཚན་གྱི་ལྟས་དུ་མ་དང་བཅས་སྐུ་བལྟམས། དེ་ཡང་ཇི་སྐད་དུ། འདུལ་འཛིན་བསྟན་སྲུང་ཆེན་པོའི་ ལུང་བསྟན་དུ། ཕུ་གཉན་ཆེན་རྟ་དཀར་གྱི་འདབས།། ཡུལ་མཛོད་དང་དགེ་བཅུའི་དཔལ་འཛོམས་སར།། རྭ་ལོའི་ཡང་སྤྲུལ་མཆོག་ཉིད་ནི།། ཡབ་ཤིང་ཡོས་པྲཛྙ྄་ངྷྭ་ཛ་དང་།། ཡུམ་ཤིང་སྟག་སྦྲང་མོ་ཞེས་བྱ་བའི། ། སྲས་མིང་སྲིང་གསུམ་བར་མ་རུ།། ལོ་ས་སྟག་སྟོན་རར་ཚེས་རྟའི་ཉིན།། ཡོངས་སྐྱེ་དགུའི་བསོད་ནམས་ཞིང་དུ་འཁྲུངས།། མཚན་ཚེ་རིང་བསམ་འགྲུབ་རྡོ་རྗེ་གསོལ།། ཞེས་དུས་གསུམ་རྗེན་པར་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཆེན་པོའི་འགྱུར་མེད་རྡོ་རྗེའི་བཀའ་ལུང་གིས་གསལ་བར་ཟིན་ཅིང་ལུང་གི་ཚིག་ཟུར་རེ་རེའི་ཆ་ནས་བརྗོད་བྱའི་དོན་རྣམས་ཇི་མ་ཇི་བཞིན་དུ་གསལ་བར་མཚོན་པ་ལ་བསྙོན་དུ་མེད་པས་དམ་པ་འདི་ཉིད་རྗེ་གོང་མའི་མཆོག་སྤྲུལ་དུ་ངེས་པ་རྙེད། དེ་ནས་དགུང་ལོ་ལྔ་བ་ཆུ་རྟ་ལ་སྡེ་འདིའི་བླ་སྤྲུལ་ཁག་དང་། དགོན་མ་ལག་རོང་འབྲོག་གི་མཆོད་གཞིས་ལྷ་སྡེ་དང་བཅས་པའི་སེར་སྐྱ་དྲན་ཞག་མང་པོས་བསུ་བ་ཆེན་པོ་དང་སེར་སྦྲེང་ཚར་དུ་དངར་བའི་སྒོས་ཡབ་རྗེ་གོང་མ་རིམ་བྱོན་གྱི་གདན་ས་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་གི་ཆོས་ཀྱི་ཁྲི་མཐོན་པོར་ཞབས་པད་མངོན་པར་བཀོད། མཁས་གྲུབ་བྱེ་བའི་གཙུག་རྒྱན་མདོ་སྔགས་རིག་གནས་ཀུན་ལ་མངའ་བརྙེས་པ་རྗེ་ཡོན་ཏན་རབ་རྒྱས་པ་ཡོངས་འཛིན་དུ་བཀུར། དགུང་ལོ་བདུན་པ་ལ་མདོ་སྔགས་རིག་གནས་ཀུན་གྱི་མཛོད་འཛིན་མ་ཧཱ་པཎྚི་ཏ་རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་ཞལ་སྔ་ནས་དགེ་བསྙེན་དང་རབ་བྱུང་། དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས། མཚན་ལ་བློ་བཟང་རྣམ་རྒྱལ་ལུང་རིགས་སེང་གེ་ཞེས་གསོལ། རྗེ་དེ་ཉིད་དང་དགེ་བའི་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་བསྟེན་ཏེ་དབང་བཀའ་རྗེས་གནང་དང་། ཁྲིད་ལུང་མན་ངག་གི་སྐོར་ཤིན་ཏུ་མང་པོའི་རྒྱུན་ཕྱག་ལེན་དང་བཅས་ཕར་ཚད་ཀྱི་གཞུང་སོགས་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱོང་མི་དམན་པ་མཛད། དགུང་ལོ་བཅོ་ལྔ་བ་ཆུ་འབྲུག་ལོ་ནས་ཚ་རོང་འབྲོག་གིས་གཙོས་དགོན་སྡེ་ཡུལ་ཕྱོགས་ཁག་གི་དད་ལྡན་སེར་སྐྱ་ཁྲི་ཕྲག་མང་པོའི་ཚོགས་ཆེན་པོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལན་གསུམ་སྨིན་རྒྱས་སུ་བསྩལ། དགུང་ལོ་ཉི་ཤུ་བ་མེ་བྱ་ལོར་དབུས་གཙང་དུ་ཕེབས། དགའ་ལྡན་ཁྲི་ཆེན་གྱི་སྤྲུལ་སྐུའི་གོ་བབ་ཀྱི་སྔར་སྲོལ་བཞིན་འབྲས་སྒོ་མང་ཆོས་གྲྭར་ཞུགས། ཇོ་ཤཱག་རྣམ་གཉིས་ལ་མཆོད་འབུལ་དང་རྒྱལ་བ་ཡབ་སྲས་ལ་དངོས་འབུལ། སེ་འབྲས་དགའ་གསུམ་དང་རྒྱུད་གྲྭ་སྟོད་སྨད་སོགས་ལ་མང་འགྱེད་བཅས་བསྙེན་བཀུར་ལེགས་པོ་གནང་མྱོང་ཞིང་ད་ལྟ་ཆོས་སྲིད་ཟུང་གི་མཛད་འཕྲིན་གྱི་འོད་སྣང་ཕྱོགས་བརྒྱར་སྤྲོ་བཞིན་པའི་ངོས་སྐུ་མཆོག་བརྟན་པར་བཞུགས་པའི་སྐབས་ལགས་སོ།།
འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་བཤད་སྒྲུབ་ཟུང་གི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཆོས་ཀྱི་སྡེ་འདིར་ཐོས་བསམ་གླིང་དང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་། པར་རྐོ་གྲྭ་ཚང་སྟེ་གྲྭ་ཚང་ལྔ་བཞུགས།
ཐོས་བསམ་གླིང་གི་ལོ་འཁོར་གཅིག་གི་ཆོས་ཐོག་དང་ཆོས་ཐོག་དེ་དག་གི་ཉིན་གྲངས།  བཤད་སྒྲུབ་ཆོས་སྤྱོད་སོགས་ཀྱི་ཕྱག་སྲོལ་སྐོར་རགས་ཙམ་ནི། ཉིན་བཅུ་གཉིས་རིང་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་། ཉིན་བརྒྱ་དང་ཉི་ཤུའི་རིང་གི་དུས་བཞིའི་ཆོས་ཐོག་བཞི། ཉིན་དྲུག་ཅུའི་རིང་གི་བར་ཆོས་བཞི། ཉིན་བཅོ་ལྔའི་རིང་གི་རིགས་གྲྭ ཉིན་ལྔའི་ལྔ་མཆོད་དང་ཉིན་ལྔའི་དགུ་གཏོར་བཅས་བསྡོམས་པས་ཆོས་ཐོག་བཅུ་གཉིས་ལ་ཉིན་ཉིས་བརྒྱ་དང་བཅུ་བདུན་ནོ།
མཚན་ཉིད་གྲྭ་ཚང་འདིར་སྒོ་མང་ཡིག་ཆ་གཞིར་བཞག་གི་ཐོག་བསྡུས་གྲྭ་འཛིན་གྲྭ་གོང་ འོག་གཉིས། བློ་རྟགས་འཛིན་གྲྭ་གཉིས། ཕར་ཕྱིན་འཛིན་གྲྭ་གོང་འོག་གཉིས། དབུ་མ་དང་མཛོད་འཛིན་གྲྭ་གཉིས། དཀའ་རམས་འཛིན་གྲྭ་གོང་འོག་གཉིས་བཅས་འཛིན་གྲྭ་བཅུ་ཡོད་ལ། སློབ་གཉེར་བ་རྣམས་ཀྱིས་ཐོག་མར་རྒྱན་འཇུག་གཉིས་དང་ཆོས་སྤྱོད་སོགས་ཀྱི་རྒྱུགས་ཆུང་བ་དང་། པོ་ཏི་ལྔའི་རྩ་བ་དང་མཐའ་དཔྱོད་སོགས་སྐབས་བབ་རྒྱུགས་ཆེན་སོགས་ཀྱི་འདོན་རྒྱུགས་འབུལ། དེ་ནས་རིམ་བཞིན་གཞུང་ཡོངས་རྫོགས་ལ་རྩོད་པ་ཞིབ་པར་འགྲོ་དགོས་པ་དང་། ཕར་ཕྱིར་དམ་བཅའ་དང་། ལྷ་རམས་དམ་བཅའ་བཞག་ནས་གཞུང་བཀའ་པོཏ་ལྔ་ལ་ སྦྱངས་པ་མཐར་ཕྱིན་པའི་མིང་བཏགས་ལེན། རིགས་གྲྭའི་སྐབས་སུ་གང་བབ་ལྟར་དུ་བློ་རྟགས། དབུ་ཕར། མཛོད་འདུལ་བཅས་ཀྱི་བགྲོ་གླེང་གཏོང་། ཆོས་མཚམས་རྣམས་སུ་ཉིན་རེའི་འཕྲོར་ཆོས་མཚམས་དམ་བཅའ་དང་ལོ་རེ་བཞིན་གྱི་རྩོད་རྒྱུགས་ལན་གཉིས་འབུལ་བ་དང་འཛིན་གྲྭ་གཏུག་པ། རྒྱུན་པར་སྐབས་བབ་ཀྱི་མཐའ་དཔྱོད་ཁག་དང་པོ་ཏི་ལྔའི་རྩ་བ། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་ཆེན་མོ། ལེགས་བཤད་སྙིང་བོ། དཔེ་ཁྲིད་དཔེ་གཟིགས་བཅས་དང་། སྒྲ་སྙན་ངག  རྩིས་ས་རིས་སོགས་རིག་པའི་གནས་རྣམས་ལའང་སྦྱངས་པ་མཐིལ་ཕྱིན་བྱེད་དགོས།  གཞན་ཡང་། དགའ་ལྡན་ལྔ་མཆོད་ཆེན་མོས་མཚོན་པའི་སྐྱབས་མགོན་ཁྲི་ཆེན་ཡབ་སྲས་ཀྱི་གདུང་མཆོད་དང་། དུས་བཟང་། གླིང་མེ། ཆུ་མཆོད་བྱེ་བ། མ་ཎི་རིལ་སྒྲུབ། རིགས་གྲྭ་དང་ལྔ་མཆོད་གཉིས་ཀྱི་མཇུག་ཏུ་གཏོར་ཆེན། རིགས་གྲྭ་ལ་ཤ་འཆམ་དང་ལོ་མཇུག་གི་དགུ་གཏོར་ལ་གཙང་འཆམ། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་བཅུ་གསུམ་ཉིན་གོས་སྐུ་དང་གར་འཆམ།  ཚེས་བཅུ་བཞི་ཉིན་གཙང་འཆམ། ཚེས་བཅོ་ལྔའི་ཉིན་མ་ཎིའི་ལུང་། ཚེས་བཅུ་དྲུག་ལ་བྱམས་པ་གླིང་སྐོར་བཅས་སྒྲུབ་ཆོས་སྤྱོད་སོགས་ཀྱི་སྐོར་རགས་བསྡུས་ཙམ་མོ།
རྒྱུད་པ་གྲྭ་ཚང་ནི། ཁྲི་ཆེན་སྐུ་ཕྲེང་གཉིས་པ་ཆེན་པོའི་ཐུགས་བཀོད་ལྟར་དབུས་ནས་སྔགས་རམས་པ་གྲགས་པ་འཕེལ་རྒྱས་གདན་དྲངས་ཏེ་གསར་འདེབས་མཛད། གྲྭ་ཚང་གི་ན་བཟའ་གྱོན་ལུགས་དང་། འདོན་རྟ་དབྱངས། ཐིག་རྡུལ་ཚོན། འབུདབརྡུང་དཀྲོལ་གསུམ།  གཏོར་མ་བཅའ་བཟོ། མཆོད་རྟེན་ཆ་བརྒྱད་ཀྱི་ཐིག་རྩ། ཞི་རྒྱས་དབང་དྲག་གི་ལས་སོགས་ཀྱི་ ཕྱག་ལེན་ནི་ལྷ་སའི་རྒྱུད་སྟོད་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་ཁོ་ན་ལྟར་བཙུགས་ལ། ཆོས་ཐོག་སོ་སོའི་སྒྲུབ་མཆོད་དང་། འགྲེལ་བ་བཞི་སྦྲགས། ཆོས་སྤྱོད་བསྐང་གསོ། རབ་གནས་ཆེན་མོ། བདེ་གསང་འཇིགས་གསུམ་གྱི་བདག་འཇུག གཏོར་ཆེན། ལྕགས་མཁར། གཏོར་སྒྲུབ། བཟློག་ཆེན་སོགས་ཆོས་སྤྱོད་ཀྱི་ཕྱག་སྲོལ་ཤིན་ཏུ་རྒྱས་སོ།
དུས་འཁོར་གྲྭ་ཚང་ནི། ཁྲི་ཆེན་སྐུ་ཕྲེང་བཞི་བས་རབ་བྱུང་བཅོ་ལྔ་བའི་ཤིང་འབྲུག(སྤྱི་ལོ༡༩༠༤)ལོར་གསར་དུ་བཏབ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་རྡོ་རྗེ་འཛིན་པ་ཀྭ་མདོ་བ་ངག་དབང་བཀྲ་ཤིས་ཚང་གདན་དྲངས་ནས་དུས་འཁོར་དང་མངོན་བྱང་། ཀུན་རིག་གསུམ་གྱི་བདག་འཇུག་བཙུགས། བཀྲ་ཤིས་འཁྱིལ་གྱི་དུས་འཁོར་གྲྭ་ཚང་གི་ཕྱག་ལེན་ཇི་ བཞིན་དཔལ་དུས་ཀྱི་འཁོར་ལོ་དང་། རྣམ་སྣང་མངོན་བྱང་། ཀུན་རིག་གི་བདག་འཇུག སྦྱིན་ སྲེག་དང་ཀླུ་ཆོག་སོགས་ལོ་ལྟར་གང་རྒྱས་དང་། གར་ཐིག་དབྱངས་གསུམ་གྱི་རྒྱུགས་ཀྱི་འགྲིག་ལམ་ཀྱང་ཤིན་ཏུ་དམ། གཞན་ཡང་། སྒྲ་སྙན་ངག་རྩིས་ས་རིས། ལཉཛ་ཝརྟུ། སུམ་རྟགས་དག་ གསུམ་བཅས་ལ་སྦྱང་བ། ཁྱད་པར་དུ་སྐར་རྩིས་དང་ནག་རྩིས། གཟའ་ལྔ་དབྱངས་འཆར་བཅས་ལ་ཞིབ་སྦྱངས་ཀྱིས་ཉི་འཛིན་དང་། ཟླ་འཛིན། ས་གླང་བརྟག་པ་སོགས་ཐ་སྙད་ཀྱི་གཙུག་ལག་ཀུན་ལའང་ནང་བྱང་ཆུད་པ་བྱེད་དགོས་སོ།
སྨན་པ་གྲྭ་ཚང་ནི། ཁྲི་ཆེན་སྐུ་ཕྲེང་ལྔ་བ་ཆེན་པོ་རྗེ་བློ་བཟང་རྣམ་རྒྱལ་ལུང་རིགས་སེང་གེ་དཔལ་བཟང་པོས། སྔོན་གྱི་རི་ཁྲོད་གྲྭ་ཚང་གཞི་བྱས་ནས་ཕྱག་འདེབས་མཛད། གྲྭ་ཚང་འདིའི་ཕྱག་ལེན་ནི་སྨན་བླ་དང་མི་འཁྲུགས་པའི་བདག་འཇུག་བཀྲ་ཤིས་འཁྱིལ་ལྟར་དང་། ས་ག་ཟླ་བར་བསྙུང་གནས། གནས་བཅུའི་ཕྱག་མཆོད། ཆོ་ག་གནམ་ལྕགས་ཐོག་མདའ། ཟླ་རེར་དགུ་བསྐང་རེ་དང་། གཞན་ཡང་གསོ་རིག་རྒྱུད་བཞིའི་འགྲེལ་བ་ཆ་ལག་དང་བཅས་པ་ལེགས་པར་སྦྱངས་ཏེ་གསོ་བ་རིག་པའི་ཕྱག་ལེན་མན་ངག་སོགས་ཉམས་སུ་བསྟར་རོ།
པར་བརྐོ་གྲྭ་ཚང་ནི། ཁྲི་ཆེན་སྐུ་ཕྲེང་བཞི་བ་ཆེན་པོས་གསར་འཛུགས་གནང་། ལོ་རེའི་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ནས་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བར་གྱི་ཉིན་བརྒྱ་དང་བདུན་ཅུའི་རིང་ལ་གྲྭ་ཚང་མཉམ་འཚོགས་བགྱིས་ཏེ་ཤིང་རྐོ་བ་དང་རྒྱུགས་འབུལ་དགོས་པའི་སྒྲིག་ལམ་ལྟར། པར་བརྐོ་དགེ་རྒན་དང་དོ་དམ་པ་གཉིས་ཀྱིས་རང་ཁུར་དང་དུ་བླངས་ཏེ་ལྟ་རྟོག་ནན་མོ་བྱེད། པར་བརྐོ་བ་གཅིག་གིས་ཉིན་རེར་དཔར་ཡིག་ཐིག་འཕྲེང་གཅིག་དང་ཕྱེད་ཀ་མ་ཆག་པ་བྱས་ཏེ། གོང་སྨོས་ཀྱི་ཉིན་བརྒྱ་དང་བདུན་ཅུའི་ནང་ལ་མི་གཅིག་གིས་བསྡོམས་པས་པར་ཤིང་སྣ་རིང་བཅུ་བདུན་བརྐོས་ནས་འགྲུབ་དགོས་པར་མ་ཟད། ཧོར་ཟླ་བདུན་པའི་ཚེས་གཅིག་ཉིན་ཚོགས་ཆེན་ལས་སྣེ་ལ་དཔར་རྒྱུགས་དང་། གོང་ས་ཁྲི་རིན་པོ་ཆེར་རྒྱུགས་ཆེན་འབུལ། གཞན་ཡང་པར་ཡིག་གི་དག་ཆ་དང་བརྐོས་པའི་ཡིག་གཟུགས་ཚད་ལྡན་ཡིན་མིན་སོགས་ལ་ལྟ་རྟོག་དང་རྒྱུགས་ལེན་པའི་འགྲིག་ལམ་ཀྱང་ཤིན་ཏུ་དམ་མོ།། དེ་བཞིན་ཆོས་སྡེ་འདིའི་ལས་སྣེ་ལ། མཁན་པོ་གསུམ་དང་། ཕྱི་ཁྲི་དྲུག་ཚོགས་ཆེན་བླ་མ་གཞུང་ལས་པ།  རྒྱུད་པའི་བླ་མ། དུས་འཁོར་རྡོ་རྗེ་འཛིན་པ། སྨན་པའི་བླ་མ། ལྷ་རམས་པ། དབུ་མཛད་ཆེ་ཆུང་བརྒྱད། དགེ་བསྐོས་བཞི། སྤྱི་བ་ཆེ་ཆུང་ཉི་ཤུ་རྩ་གསུམ། པར་ཁང་དོ་དམ་པ་གཅིག  ཚོགས་འདུ་བཞི། སྐུ་ཚབ་གསུམ། གཉེར་པ་གཅིག་སྟེ་བསྡོམས་པས་ལས་སྣེ་ལྔ་བཅུ་ང་བརྒྱད་དོ།
ཆོས་ཀྱི་སྡེ་འདིའི་སྐུ་གསུང་ཐུགས་རྟེན་དང་གནའ་རྫས་འགངས་ཅན་གྱི་སྐོར་རགས་ཙམ་ནི། ཚོགས་ཆེན་འདུ་ཁང་དང་། རྒྱུད་པའི་འདུ་ཁང་། དུས་འཁོར་འདུ་ཁང་། པར་ཁང་གྲྭ་ཚང་གི་ལྷ་ཁང་། སྨན་པའི་འདུ་ཁང་། གསེར་གདུང་ཆེན་མོ། སེང་གདོང་ལྷ་ཁང་དང་གསེར་ཁྲིའི་ནང་ཆེན་གྱིས་གཙོས་ཚོམས་ཆེན་ཅན་གྱི་ནང་ཆེན་བརྒྱད་སོགས་སུ་བཞུགས་པའི་རྟེན་གཙོ་བོའི་གྲས་ལ། གཟུངས་གཞུག་ཏུ་དགའ་ལྡན་ཆོས་རྒྱལ་རང་བྱོན་གྱི་ལྗགས་དང་། ཙ་མི་ཎྡིའི་ཁ་ཏྲཾ། རྗེ་ཙོང་ཁ་བའི་ཆོས་སྣམ། བྱམས་ཁང་བཞེང་དུས་ས་འོག་ནས་ཕྱིར་ཐོན་པའི་གསེར་གྱི་རྡོ་རྗེ། མུརྟི་ཛྙུ་ན་ཀིརྟིའི་ཕྱག་ཚ་སོགས་བཞུགས་པའི་བྱམས་ཆེན་ཉེ་སྲས་བརྒྱད་དང་བཅས་པ། རྗེ་སྐུ་བྱིན་ཅན། གནས་བརྟན་བྲག་རི་མ། ཐུབ་དབང་རྡོར་གདན་མ། ཇོ་སྐུ་གཙོ་འཁོར་གསུམ། གནས་བརྟན་བཅུ་དྲུག བཤགས་ལྷ་སོ་ལྔ། ཁྲི་ཆེན་གྱི་འཁྲུངས་རབས་འདུལ་འཛིན་ཉེ་བར་འཁོར་ནས་བརྒྱུད་པའི་སྐྱེས་རབས་ཉེར་ལྔའི་འདྲ་སྐུ། སྔགས་རམས་པ་གྲགས་པ་འཕེལ་རྒྱས་ལ་ཞལ་གཟིགས་བའི་མགོན་པོ་ཕྱག་དྲུག་པའི་ཞལ་ཐང་། སྒྲོལ་སྐུ་གསུང་འབྱོན་མ། འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་གསུང་འབྱོན་མ། ཁྲི་ཆེན་གཉིས་པས་ཕྱག་བཟོའི་རྟ་མགྲིན་གསང་ སྒྲུབ་ཀྱི་སྐུ་བྱིན་ཅན་དང་འཇིགས་བྱེད་དཔའ་ཅིག་གི་སྐུ། བྱ་ཡུལ་བ་གཞོན་ནུ་འོད་ཀྱི་ཤངས་མཚལ་གྱིས་བཞེངས་པའི་ཡུ་དམ་གྱི་སྐུ་བརྙན། རྗེའི་ཤངས་ཁྲག་གིས་བཞེངས་པའི་འཇིགས་བྱེད་དང་མགོན་པོ། ཆོས་རྒྱལ་གསུམ་གྱི་ཞལ་ཐང་རྒྱལ་མཆོག་བདུན་པས་གནང་པ། རྒྱལ་མཆོག་བརྒྱད་པའི་ཐུགས་རྟེན་ཙན་དན་སྦྲུལ་གྱི་སྙིང་པོ་ལས་གྲུབ་པའི་ཇོ་བོ་ལོ་ཀེ་ཤྭ་རའི་སྐུ་བྱིན་ཅན། ཙོང་ཁ་བརྒྱད་ཅུའི་ཞལ་ཐང་། པཎ་ཆེན་བསོད་གྲགས་པའི་སྐུ་བརྙན་བྱིན་ཅན་སོགས་ཀྱིས་གཙོས་རྒྱ་དཀར་ནག་དང་། བལ་བོད་སོགས་གསུམ་བཅས་ནས་གདན་དྲངས་པ།  གསེར་དངུལ་ཟངས་རག གཡུ་བྱུ་རུ་མུ་ཏིག་སོགས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐུ་བརྙན་ལོ་རྒྱུས་ཅན་བཞི་སྟོང་ལྷག་ལས་ཆེ་གྲས་ཉིས་ཐོག་གི་དཔངས་ཚད་ལོངས་པ་དང་། གཞན་ཡང་འཚེམ་གཙག་བྲིས་གསུམ་གྱི་ཐང་ག་བརྒྱད་བརྒྱ་ལྷག་བཞུགས་སོ།།
གསུང་གི་རྟེན་ལའང་བཀའ་འགྱུར་གསེར་བྲིས་མ་ཚར་གཉིས་ཀྱིས་མཚོན་པའི་བསྟན་འགྱུར་དང་། རྗེ་ཡབ་སྲས་ཀྱི་གསུང་འབུམ། ཁྲི་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ། ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་གསུང་འབུམ་བཅས་དང་། དེ་མིན་བོད་སྔ་ཕྱིའི་མཁས་གྲུབ་མང་བོའི་གསུང་འབུམ་སོགས་མདོ་སྔགས་རིག་གནས་དང་བཅས་པའི་དཔེ་པོཏ་ཉིས་ཁྲི་བརྒྱད་སྟོང་ལྷག་དང་། པར་ཤིང་དྲུག་སྟོང་ལྷག་ད་དུང་རྒྱལ་ཚབ་མཁས་གྲུབ་གཉིས་ཀྱི་ཕྱག་བཟོའི་གདུགས་དཀར་གྱི་སྲུང་འཁོར་བྱིན་ཅན་བཀའ་རྒྱ་མ་སོགས་བཞུགས་སོ།།
ཐུགས་ཀྱི་རྟེན་ནི། སྐྱབས་གཅིག་མཐོང་བ་དོན་ལྡན་ཁྲི་ཆེན་རྒྱལ་མཚན་སེང་གེའི་དམར་གདུང་དབུ་སྐྲ་དང་ཕྱག་སེན་སྐྱེ་བཞིན་པ་བྱིན་རླབས་ཀྱི་ཚན་ཁ་འབར་བའི་སྐུ་རིལ་བོ་ནང་རྟེན་དུ་བཞུགས་པ། རྒྱུ་གསེར་དངུལ་སྲང་ཁྲི་ཕྲག་དང་། གཡུ་བྱུར། མུ་མེན་མུ་ཏིག་སོགས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་ཆེན་མོས་མཚོན་པའི་ཁྲི་ཆེན་སྐུ་ཕྲེང་གོང་མ་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན་རྣམས་དང་། གཞན་ཡང་རྒྱུ་སྣ་ཚོགས་ལས་གྲུབ་པའི་མཆོད་རྟེན་ཆེ་ཆུང་བདུན་ཅུ་ལྷག་བཞུགས། སྡེ་འདིར་གདུགས་རྒྱལ་མཚན་མཆོད་ཆས་ཀྱི་རིགས་ཀྱང་བགྲང་ལས་འདས་པ་ཡོད་དོ།།
མཁས་གྲུབ་བྱེ་བའི་འབྱུང་གནས་ཆོས་ཀྱི་སྡེ་འདི་ནས་བྱོན་པའི་མཁས་དབང་གྲགས་ཅན་དང་། གོང་ས་ནས་བསྩལ་བའི་གཟེངས་བསྟོད་དང་ཆོ་ལོའི་སྐོར་རགས་ཙམ་ནི། མདོ་སྔགས་རིག་གནས་ཀུན་དང་དབང་ལུང་མན་ངག་གི་མཛོད་འཛིན་ཁྲི་ཆེན་༧རྒྱལ་མཚན་སེང་གེ་སྐུ་འཕྲེང་རིམ་བྱོན་དང་། རྔ་བ་ཆོས་སྐྱོང་རྒྱ་མཚོ། ཏཱ་དབོན་པ་བློ་བཟང་སེང་གེ ཁཱ་ཤཱི་དཔོན་སློབ་ངག་དབང་ཕུན་ཚོགས། སྐྱབས་མཆོག་བསྟན་པའི་སྒྲོན་མེ། སྒྱིས་ཚང་སྐོང་ལུང་བ་བློ་བཟང་བསོད་ནམས། ཛམྦྷ་ལའི་ས་སྤྱིལ་བར་གྲགས་པ་ཨ་ལ་བཀྲ་ཡཱ་བླ་མ་འཇམ་དབྱངས་དོན་གྲུབ། སྐུ་ཕྱོགས་རྒྱ་ཚ་བསྟན་པའི་རྒྱལ་མཚན། ཤིང་བཟའ་བློ་བཟང་ཆོས་ཀྱི་རྒྱ་མཚོ། མཁན་འཇམ་དབྱངས་ཚང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ༧བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།  མཁས་གྲུབ་བྱེ་བའི་གཙུག་རྒྱན་མ་ཧཱ་པཎྚི་ཏ་༧ཡོངས་འཛིན་ཡོན་ཏན་རབ་རྒྱས་ཚང་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་མང་དུ་བྱོན། དེ་བཞིན་རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོས། རབ་བྱུང་བཅུ་གསུམ་པའི་མེ་ཡོས(སྤྱི་ལོ༡༧༤༧)ལོར་ཁྲི་ཆེན་སྐུ་ཕྲེང་དང་པོ་རྗེ་རྒྱལ་མཚན་སེང་གེ་དཔལ་བཟང་པོར་ཐམ་ག་གྲུ་སྒོར་དང་བཀའ་ཤོག་སོགས་བསྩལ། རྒྱལ་མཆོག་བརྒྱད་པ་འཇམ་དཔལ་རྒྱ་མཆོས། རབ་བྱུང་བཅུ་བཞི་བའི་ཆུ་སྤྲེལ(སྤྱི་ལོ ༡༨༡༢)ལོར་ཁྲི་ཆེན་སྐུ་འཕྲེང་གཉིས་པ་བློ་བཟང་རྒྱལ་མཚན་སེང་གེ་ཉིད་ལ་བསྟན་པའི་གསལ་བྱེད་ཨེརྟི་ནི་པཎྚི་ཏའི་ཆོ་ལོ་དང་། ཐམ་ག་གྲུ་སྒོར། བཀའ་ཤོག་སོགས་བསྩལ། རབ་བྱུང་བཅོ་ལྔ་བའི་ཤིང་ཁྱི(སྤྱི་ལོ༡༨༧༤)ལོར་ཁྲི་ཆེན་སྐུ་ཕྲེང་གསུམ་པ་རྗེ་འཇམ་དཔལ་བསྟན་འཛིན་སེང་གེ་དབུས་སུ་ཕེབས། དབུས་ནས་སླར་རང་ཡུལ་དུ་ཞལ་ཕྱོགས་ལ་ཉེ་བ་ན་རྒྱལ་མཆོག་པ་བཅུ་གཉིས་པ་ཆེན་པོས་བྱིན་རྟེན་དུ་མ་དང་། གཞུང་ས་ནས་བཀའ་ཤོག གདུགས་རྟ་དར་སོགས་བསྩལ་ཏོ།།
སྡེ་འདིའི་ནང་ཆེན་ཁག་ནི། གསེར་ཁྲིའི་ནང་ཆེན་དང་ཁཱ་ཤཱི་རྒྱ་བོ་ཚང་། རྒྱ་ནག་པ་ཚང་། ཁཱ་ཤཱི་སྒང་མ། སང་སང་ཚང་། སུམ་པོ་ཚང་། ཁྲོ་ཁོ་ཚང་། ཚ་རྡོར་ཚང་བཅས་ཚོམས་ཆེན་ཅན་གྱི་ནང་ཁག་བརྒྱད་ཡོད། ཆོས་སྡེ་ཆེན་པོ་འདིས་དགོན་གྲྭ་གཞན་དག་ལ་སྔ་གཞུག་ཏུ་ཆོས་སྤྱོད་ཕྱག་ལེན་དང་འཆམ་ཆོ་ག་སོགས་ཀྱི་རྒྱུན་སྤེལ་ཚུལ་ནི། དུས་འཁོར་རྡོ་རྗེ་འཛིན་པ་ཡོན་ཏན་དར་རྒྱས་ཀྱིས་ཨ་སྐྱིད་དགའ་བོ་ལུང་དགོན་པར་ཀུན་རིག་བདག་འཇུག་བཙུགས། དུས་འཁོར་ངག་དབང་བརྩོན་འགྲུས་ཀྱིས་བྱམས་མེ་འབྲས་སྤུངས་དགོན་པར་རྣམ་སྣང་མངོན་བྱང་གི་བདག་འཇུག་བཙུགས། སྐུ་ཕྲེང་ལྔ་བ་ཆེན་པའི་ཡོངས་འཛིན་རྗེ་ཡོན་ཏན་རབ་རྒྱས་པས་གྲོ་ཚང་དགོན་པར་བཅའ་ཡིག་བརྩམས། སྨན་པ་གྲྭ་ཚང་གི་བླ་མ་བློ་བཟང་བསམ་གཏན་གྱིས་གྲོ་ཚང་དགོན་པར་མི་འཁྲུགས་པའི་བདག་འཇུག་བཙུགས། དུས་འཁོར་རྡོ་རྗེ་འཛིན་པ་བློ་བཟང་བསྟན་པས་གྲོ་ཚང་དགོན་པར་རྣམ་སྣང་མངོན་བྱང་གི་བདག་འཇུག་བཙུགས། དུས་འཁོར་རྡོ་རྗེ་འཛིན་པ་འཇིགས་མེད་འོད་ཟེར་གྱིས་གླིང་བའི་རྭ་བོང་དགོན་དང་དཔལ་ཤེས་སྟེང་ཁའི་དགོན་གཉིས་ལ་ཀུན་རིག་གི་བདག་འཇུག་བཙུགས། དུས་འཁོར་བ་བྱམས་མེ་དཔལ་ཁོ་ཚང་གིས་རྭ་བོང་དགོན་པར་དུས་འཁོར་བདག་འཇུག་བཙུགས། རྒྱུད་སྟོད་པ་ངག་དབང་ལུང་རིགས་ཀྱིས་རྐྱང་ཚའི་དྲན་པ་དགོན་པར་གཙང་འཆམ་བཙུགས། དུས་འཁོར་བ་འཆམ་དཔོན་ངག་དབང་བསམ་གཏན་གྱིས་དཔལ་ཤེས་སྟེང་ཁའི་དགོན་པར་གཙང་འཆམ་བཙུགས་པ་བཅས་སོ།
ཆོས་སྡེ་འདི་ཕྱག་འདེབས་མཛད་པ་ནས་སྤྱི་ལོ༡༩༥༨ལོའི་བར་གྱི་ལོ་ངོ་ཉིས་བརྒྱ་དང་ བཅུ་ཕྲག་གཅིག་གི་རིང་ལ་ཆག་འཇིག་ཅི་ཡང་མ་བྱུང་བར། རིམ་གྱིས་དར་ཞིང་རྒྱས་ཏེ་མདོ་སྨད་ཀྱི་དགོན་སྡེ་ཆེ་ཁག་དང་སྙན་གྲགས་ཅན་དུ་གྱུར་ཅིང་ཁོངས་གཏོགས་དགོན་ལག་བཅུ་ དང་རི་ཁྲོད་གཉིས་བཅས་ཡོད་ལ། སྤྱི་ལོ༡༩༥༨ལོར་དགེ་འདུན་པ་ལྔ་བརྒྱ་ལྷག་བཞུགས་པ་སོགས་ལོ་རྒྱུས་རགས་བསྡུས་སོ༎
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།