中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > གསུང་རབ། >
༄༅།། སྐྱབས་འགྲོའི་རྣམ་བཞག ( ཁག་དང་བོ།)
དུས་ཚོད།2017-01-11 14:58:42     རྩོམ་གྱི་ཡོང་ཁུངས། ཙོང་ཁའི་དྲ་བ།    ཆུང་། | འབྲིང་། | ཆེ།
     
     དེ་ཡང་ཇི་སྐད་དུ།  སློབ་དཔོན་ཕྱོགས་ཀྱི་གླང་བོའི་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ལས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ།། སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ།། ཞེས་ཇི་སྐད་གསུངས་པ་ལྟར་སྤྱིར་བཏང་ང་རང་ཚོ་མི་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་འཚོ་དགོས་ཀྱི་ཡོད། དེ་ལྟའི་གནས་སྟངས་འོག་ནས་མི་ཞིག་ལ་བརྟེན་ནས་སྐད་ཆ་དྲིས་པ་དང་། སློབ་སྟོན་ཉན་པའི་སྐབས་སུ་སློབ་སྟོན་ཡང་དག་པ་བྱེད་མཁན་དང་། ལམ་མ་ནོར་བར་འཁྲིད་མཁན་བློ་གཏད་འཕེར་བ་ཞིག་ཡོད་ན། མི་དེ་ནི་ཆ་འཇོག་འཕེར་ཞིང་ཚད་མར་འཛིན་པ་ཞིག་ཡོད་ཅེས་ང་ཚོས་ཤོད་ཀྱི་ཡོད། འཛམ་གླིང་འདིའི་ཐོག་མི་ལ་བླང་དོར་གྱི་གནས་སྟོན་མཁན་གྱི་སྟོན་པ་མང་པོ་ཞིག་ཡོང་གི་ཡོད། དེའི་ནང་ཆོས་ཚུལ་གྱི་ལྟ་གྲུབ་རྣམ་གཞག་སྟོན་མཁན་གྱི་སྟོན་པ་ཡང་མང་པོ་ཞིག་བྱུང་ཡོད། དེ་དག་གི་ནང་ནས་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་ནི་སྤྱིར་འཛམ་གླིང་འདིའི་སྟེང་ལྟ་གྲུབ་ཀྱི་རྣམ་གཞག་དང་འབྲེལ་བའི་ཐོག་ནས་སེམས་རྒྱུད་འདུལ་ཐབས་སྟོན་མཁན་གྱི་སྟོན་པ་ཞིག་ཡིན། སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་སྟོན་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡོད་པ་དེའི་སྐུའི་རྣམ་འགྱུར་དང་། གསུང་གི་གདངས་གཞན་དང་མི་འདྲ་བའི་ཁྱད་དུ་འཕགས་པ་ཞིག་ཡོད་ཅེས་བརྗོད་པ་དེ་ཙམ་གྱིས་མི་འགྲིགས་ཤིང་། གཙོ་བོ་ནི།
བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ།།
ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག།
   ཅེས་གསུངས་པ་ལྟར་སྟོན་པ་གང་གིས་བསྟན་པའི་ཆོས་ཚུལ་དེ་དག་ལ་བསམ་བློ་བཏང་། ཉམས་ཞིབ་བྱས། རང་གི་ཉམས་མྱོང་དང་འབྲེལ་བའི་སྐབས་སུ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་པ་ཤེས་ཐུབ་པ་ཡིན། དེ་ལྟ་བུའི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་དེ་ཉིད་ཀྱིས་ཐར་འདོད་ཀྱི་སྐྱེས་བུ་རྣམས་ཀྱི་འཕྲལ་གྱི་སྡུག་བསྔལ་སེལ་ཐབས་དང་། བདེ་བ་སྒྲུབ་ཐབས་སྟོན་པ་ཙམ་མིན་པར་ཕུགས་རྒྱང་རིང་བོའི་བདེ་བ་སྒྲུབ་ཐབས་དང་སྡུག་བསྔལ་སེལ་ཐབས་སྟོན་པའི་སྟོན་པ་ཚད་མར་གྱུར་པ་ཞིག་ཡིན་པས་ན། ཚད་མར་གྱུར་པ་ཞེས་གསུངས་པ་དང་། དེ་ལྟར་ཚད་མར་གྱུར་ཚུལ་ཇི་ལྟར་ཡིན་སྟོན་པའི་གསུང་ལ་བརྟག་དཔྱད་བྱས་ན་ཤེས་ཐུབ་པ་ཡིན། སྟོན་པ་ཚད་མར་གྱུར་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་དེ་ཡིན། ཚད་མར་གྱུར་པ་འགྲོ་ལ་ཕན་པར་བཞེད་པ་ཞེས་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་གསུངས་ཡོད། དེ་ལྟར་ཡིན་པ་ཡང་བཅོམ་ལྡན་འདས་རྒྱ་གར་དུ་བྱོན་ནས་མཛད་པ་མཛད་ཚུལ་གྱི་ཐོག་ནས་ཤེས་ཐུབ་པ་ཡིན། སྐུ་ཚེ་འདི་ཙམ་དུ་མ་ཟད་སྐུའི་ཚེ་རབས་མང་པོའི་རིང་དང་། བསྐལ་བ་ནས་བསྐལ་བའི་བར་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཉམས་བཞེས་གནང་སྟེ། བརྩེ་བ་ཐུགས་རྗེ་ཆེན་པོའི་གོམས་པ་མཐར་སོན་པ་ཡིན་ཞེས་གསུངས་པ་ཡིན། སྟོན་པ་ཞེས་པ་ནི། ཁོང་གིས་གདུལ་བྱར་བླང་དོར་གྱི་གནས་བསྟན་པ་དེ་ལ། སྤྱིར་གཞན་ལ་གནོད་འཚེ་མི་བྱེད་པར་ཕན་འདོགས་དགོས་ཞེས་གསུངས་པ་དེ་སྟོན་པ་གཞན་དང་གསུང་ཚུལ་འདྲ་ཡང་། མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་དེ་གང་ཡིན་ཞེ་ན། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་ཞེས་གསུངས་པ་དེ་ཡིན། མདོར་ན། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ། ཞེས་པའི་ཆོས་ཚུལ་གསུང་གི་ཡོད། དེ་ལྟར་གསུངས་པ་དེ་ཡང་སྟོན་པ་རང་ཉིད་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ནས་གཞན་དོན་སྒྲུབ་པ་ལ་གཞན་དོན་བསྒྲུབ་པའི་ཐབས་བླང་དོར་གྱི་གནད་སྤྱི་དང་། ལྷག་པར་ཆོས་རྣམས་ཀྱི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་མཁྱེན་ནས་གདུལ་བྱ་ལ་འདོམས་པར་མཛད་པ་དེའི་ཐོག་ནས། སྟོང་ཉིད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་ཐུགས་རྒྱུད་ལ་ཡོད་པ༌ཤེས་ཐུབ་པ་ཞིག་ཡིན། དེས་ན་སྟོན་པ་ཐུགས་རྗེ་ཅན་ནི་རང་གི་ཉམས་མྱོང་གི་སྟེང་ནས་གདུལ་བྱ་ལ་བླང་དོར་གྱི་གནས་སྤྱི་དང་། ལྷག་པར་ཆོས་རྣམས་ཀྱི་ཡིན་ལུགས་ཇི་མ་ཇི་བཞིན་འདོམས་པར་མཛད་མཁན་ཞིག་ཡིན། མདོར་ན་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱི་ལམ་ཉམས་བཞེས་གནང་ནས་སྤངས་རྟོགས་མཐར་ཕྱིན་ཏེ་གདུལ་བྱ་གཞན་ལ་རང་གི་ཉམས་མྱོང་གི་སྟེང་ནས་གནས་སྐབས་དང་མཐར་ཐུག་གི་འདོད་དོན་མཐའ་དག་འགྲུབ་པར་བྱེད་པའི་ཐབས་ཚུལ་ཕྱིན་ཅི་མ་ལོག་པར་འདོམས་པར་མཛད་མཁན་ཞིག་ཡིན་པས་ན། རང་གི་རྗེས་སུ་སློབ་མཁན་གྱི་གདུལ་བྱ་རྣམས་བདེ་གཤེགས་སྐྱོབ་ཅེས་འདྲེན་པར་མཛད་པ་དང་། རང་གིས་རྙེད་པའི་གོ་འཕང་ལ་འགོད་པར་མཛད་མཁན་ཞིག་རེད་ཅེས་གསུངས་པ་ཡིན། སྐབས་རེ་ང་རང་ཚོའི་སེམས་ནང་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་བྱུང་བའི་ལོ་རྒྱུས་ཤིག་དེང་སང་བཤད་དུས་དེ་འདྲ་ཨེ་ཡིན་སྙམ་པ་དྲན་གྱི་ཡོད། ང་རང་ཡང་དེ་འདྲ་དྲན་མྱོང་། འོན་ཀྱང་ལམ་འབྲས་གསུང་བའི་སྐབས་སུ་ལུང་ཚད་མ་དང་། བསྟན་བཅོས་ཚད་མ། བླ་མ་ཚད་མ། ཉམས་མྱོང་ཚད་མ་བཅས་ཚད་མ་བཞི་ཞེས་པ་ཞིག་གསུངས་ཡོད། དེ་ལྟར་ཚད་མ་བཞི་བོའི་བྱུང་རིམ་ལྟར་ན། ཐོག་མར་སྟོན་པ་སངས་རྒྱས་ཀྱིས་ཆོས་ཚུལ་གསུངས་ནས་དང་པོ་སྟོན་པའི་ལུང་ཚད་མ་གྲུབ་པ་དང་། དེ་ནས་སྟོན་པའི་ལུང་ཚད་མ་ཡོད་པ་དེ་དག་འགྲེལ་བྱེད་མཁས་པ་རྣམས་ཀྱིས་ལུང་དོན་འགྲེལ་བའི་བསྟན་བཅོས་བརྩམས་པས་ན་གཉིས་པ་བསྟན་བཅོས་ཚད་མ་བྱུང་། དེ་ནས་ལུང་དང་བསྟན་བཅོས་དེ་དག་ཐོས་བསམ་གྱི་ལམ་ལ་ཞུགས་ཏེ་ཉམས་བཞེས་གནང་བ་ལ་བརྟེན་ནས་ལུང་དང་རྟོགས་པའི་ཡོན་ཏན་གྱིས་ཕྱུག་པའི་བླ་མ་ཚད་མ་བྱུང་། དེ་ནས་བླ་མས་གདུལ་བྱར་ལམ་བསྟན་ནས་གདུལ་བྱའི་རྒྱུད་ལ་ཉམས་མྱོང་ཚད་མ་བྱུང་བ་བཅས་ཀྱི་རིམ་པ་འདི་ལྟར་ཡིན། ལུང་ཚད་མ་དང་། བསྟན་བཅོས་ཚད་མ། བླ་མ་ཚད་མ། ཉམས་མྱོང་ཚད་མ་བཅས་དེ་དག་གང་ཟག་གཅིག་གི་རྒྱུད་ལ་སྐྱེས་པའི་གོ་རིམ་ལ་མཚོན་ན། ཐོག་མར་རང་གི་རྒྱུད་ལ་ཉམས་མྱོང་ཕྲན་བུ་སྐྱེས་པ་ལ་བརྟེན་ནས། དེ་ནི་ང་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་འདུག་བསམ་པ་དང་། དེ་ཡང་བླ་མ་དེ་དང་དེའི་བཀའ་དྲིན་ལ་བརྟེན་ནས་ངས་བསམ་ཤེས་པ་དང་སྒོམ་ཤེས་པ་བྱུང་བས། དེ་ལྟ་བུའི་གདམས་པ་སྟོན་མཁན་གྱི་བླ་མ་དེ་ནི་དངོས་གནས་བླང་དོར་གྱི་གནས་སྟོན་པའི་ཐོག་ནས་གདུལ་བྱ་མཐར་ཐུག་གི་བདེ་བ་ལ་འདྲེན་མཁན་གྱི་བླ་མ་མཚན་ཉིད་ཚང་བའི་སྐྱེས་བུ་དམ་པ་ཞིག་རེད་འདུག་བསམ་པའི་ཡིད་ཆེས་ཀྱིས། བླ་མ་ཚད་མར་ངེས་པ་རྙེད་པ་ཞིག་ཡོང་བས་དེས་བླ་མ་ཚད་མ་དང་། དེ་ལྟར་རང་གི་རྩ་བའི་བླ་མ་ཐུགས་རྒྱུད་ལུང་རྟོགས་ཀྱི་ཡོན་ཏན་གྱིས་ཕྱུག་པའི་ཚད་མར་གྱུར་པ་འདི་ཡོང་བ་ཡང་། བོད་གངས་ཅན་ལྗོངས་སུ་དར་བའི་ཆོས་འདི་གཙོ་བོ་དཔལ་ནཱ་ལེདྲན་ནས་བརྒྱུད་པའི་ཆོས་རྒྱུད་ཡིན་པ་ལྟར་དཔལ་ནཱ་ལེདྲནའི་མཁས་པ་རྨད་དུ་བྱུང་བ་ས་གསུམ་ན་འགྲན་ཟླ་བྲལ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེ་དག་གིས་མཛད་པའི་བསྟན་བཅོས་ནི་ཚད་མ་གསུམ་གྱིས་གཏན་ལ་ཕབ་པ་ཞིག་ཡིན་སྟབས། བླ་མ་འདི་ལྟ་བུ་ཞིག་བྱུང་བ་ཡིན་བསམ་པ་དང་། དེ་ལ་བརྟེན་ནས་གཞུང་གི་བསྟན་བཅོས་ལའང་དད་པ་སྐྱེས་པ་དང་། བསླུ་བ་མེད་ཅིང་ཚད་མའི་སྐྱེས་བུ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་ཀྱི་གཞུང་གི་རྩ་བ་བརྟེན་ས་སྟོན་པ་མཉམ་མེད་ཤཱཀྱ་སེངྒེས་ཆོས་ཀྱི་འཁོར་ལོ་བསྐོར་ནས་གསུངས་པའི་རྒྱལ་བའི་བཀའ་ཚད་མ་འདི་དག་ཡིན་ཞིང་། དེ་ལྟར་དགོངས་འགྲེལ་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱི་ལུང་ཚད་མ་ཡིན་པ་ངེས་པ་རྙེད་པ་དང་། དེ་ལྟར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་དངོས་གནས་སྨྲ་བ་ཟླ་མེད་པ་ཡིན་པར་བརྟེན་ཀླུ་སྒྲུབ་ཀྱིས། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱིས།། དམ་པ་དེ་ལ་ཕྱག་འཚལ་ལོ།།
     ཞེས་སྨྲ་བ་ཟླ་མེད་པའི་སྟོན་པ་ཡིན་པ་གསུངས་ཡོད། ངོས་ཀྱི་བསམ་པར་ཉམས་མྱོང་གཙོ་ཕལ་གཉིས་ལས། རང་གི་རྒྱུད་ལ་ཉམས་མྱོང་ཕལ་བ་ཞིག་ཡོང་བ་དཔེར་ན། འདུས་བྱས་ཐམས་ཅད་མི་རྟག་པ། ཞེས་གསུངས་པ་འདི་སེམས་ནང་དངོས་གནས་རེད་སྙམ་པ་ཞིག་ཡོང་དུས་དེའི་འབྲས་བུར་ཚེ་འདིའི་ལྟོ་གོས་གཏམ་གསུམ་གྱིས་མཚོན་པའི་འདི་སྣང་གི་ལྟ་སྟངས་ལ་འགྱུར་བ་ཅུང་ཟད་ཡོང་གི་འདུག དེས་རང་གི་སེམས་ནང་རེ་དོགས་ཀྱི་རྣམ་རྟོག་མང་པོ་ཡོང་བ་དེ་དག་ཕྲན་བུ་ཉུང་དུ་འགྲོ་རྒྱུར་ཕན་ནས་སེམས་ནང་དངངས་སྐྲག་ཉུང་བ་དང་། སེམས་སྐྱིད་པ་ཡོང་གི་འདུག དེ་བཞིན་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཡིན་ཞེས་གསུངས་པ་དེས་ང་རང་ཚོར་ཁ་ཆག་སྣ་རལ་གྱི་གནས་ཚུལ་ཧ་ཅང་ཐབས་སྡུག་བྱུང་སྐབས། ལས་ཉོན་གྱི་གཞན་དབང་ཅན་ཡིན་ཕྱིན་འདི་ལས་ཡོང་རྒྱུ་མེད་བསམས་ནས་ཕན་ཐོགས་ཡོང་གི་འདུག་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ཐར་བ་བསྒྲུབ་དགོས་གསུངས་ཡོད། གལ་ཏེ་ལས་ཉོན་གྱི་གཞན་དབང་དུ་ཡོད་པའི་སྐྱེ་བ་འདི་ཕུགས་བཙན་པོ་དང་བདེ་སྐྱིད་ཡོད་པ་ཞིག་ཡིན་ན་ཐར་པ་དགོས་དོན་མེད། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་པའི་ལྟ་ཚུལ་དེས་སེམས་ཅན་ལ་ཕན་ཐོགས་ཡོང་གི་ཡོད། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། ཞེས་པ་དེས་སེམས་ནང་ངར་འཛིན་པའི་བློ་ཅུང་ཟད་ཤུགས་ཆུང་དུ་འགྲོ་བ་དང་། ཆགས་པ་དང་སྡང་བ། ང་རྒྱལ་དང་ཕྲག་དོག  དེ་བཞིན་འགྲན་སེམས་ནི་ངར་འཛིན་པའི་བློ་ལ་བརྟེན་ནས་ཡོང་གི་ཡོད་པས། ངར་འཛིན་པའི་བློ་དེ་ཇི་ཙམ་གྱིས་སྲབ་ཏུ་ཕྱིན་པ་དེའི་ཚོད་ཀྱིས་དེ་ལ་བརྟེན་པའི་ཉོན་མོངས་ཀྱི་ཚོགས་ཅི་མཆིས་པ་རྣམས་ཀྱང་ཏན་ཏན་ཤུགས་ཆུང་དུ་འགྲོ་བ་ཡིན། ལྷག་པར་ཡང་མྱ་ངན་ལས་འདས་པ་ཞི་བ། ཞེས་པ་དེ་དང་འབྲེལ་ནས་ཆེད་དུ་བྱ་བ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་རྣམས་ཀྱི་དོན་དུ་རྣམ་མཁྱེན་དོན་གཉེར་ལ་མོས་པའི་བློ་བསམ་བློའི་ནང་གཞན་དང་མི་འདྲ་བ་ཞིག་ཡོང་རྒྱུར་ཕན་གྱི་ཡོད། མི་ཚེ་འདིར་དཀའ་ངལ་ཇི་ཙམ་བྱུང་ཡང་སྣང་དག་མི་གཏོང་ཞིང་། ཚེ་རབས་ནས་ཚེ་རབས་དང་། བསྐལ་བ་ནས་བསྐལ་བ་ཞེས་པའི་བསམ་བློ་དང་། མདོར་ན་བྱང་ཆུབ་ཀྱི་སེམས་བཅས་ཀྱི་བསམ་བློ་འཁོར་ན། སྲོག་འཚོ་བ་འདི་ལ་དགོས་དོན་སྙིང་བོ་བྱུང་བ་ཡིན། དེ་མིན་བཟའ་བཏུང་སོགས་ལ་ལོངས་སྤྱོད་ཐུབ་ཙམ་གྱིས་མི་ཚེ་བསྐྱལ་ན་རང་ལ་དགོས་དོན་ཆེ་བ་གང་ཡང་མ་བྱུང་བ་ཡིན། རང་ཉིད་འཚོ་བ་འདི། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བ་ལས།
ས་དང་ཆུ་དང་མེ་དང་རླུང་།།
སྨན་པའི་དགོན་པའི་ཤིང་བཞིན་དུ།།
རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས།།
རང་དགར་འགག་མེད་སྤྱད་བྱར་ཤོག།
ཅེས་དང་། དེ་བཞིན་སྤྱོད་འཇུག་ལས།
ས་སོགས་འབྱུང་བ་ཆེན་པོ་དང་།།
ནམ་མཁའ་བཞིན་དུ་རྟག་པར་ཡང་།།
སེམས་ཅན་དཔག་ཏུ་མེད་པ་ཡི།།
རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག། (མུ་འགོད)
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།