中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > གསུང་རབ། >
༄༅།། རྗེ་ཀརྨ་པ་མི་བསྐྱོད་རྡོ་རྗེས་རྗེ་ཙོང་ཁ་པར་བསྟོད་པ།
དུས་ཚོད།2020-04-22 10:24:28     རྩོམ་གྱི་ཡོང་ཁུངས། དགེ་ལུགས་དྲ་བ། རྩོམ་པ་པོ། ཀརྨ་པ་མི་བསྐྱོད་རྡོ་རྗེ།    ཆུང་། | འབྲིང་། | ཆེ།
    རྗེ་བཙུན་བྱམས་པ། འཇམ་དབྱངས། མཁན་ཆེན་ལས་ཀྱི་རྡོ་རྗེ། བླ་མ་དབུ་པ་སྟེ་འཇམ་དབྱངས་ཀྱི་བཀའ་བརྒྱུད་རྨོངས་པའི་དྲི་མ་ཐམས་ཅད་དང་བྲལ་བར་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།  བྱིན་གྱིས་རླབས་ཏུ་གསོལ། 

བྱང་གི་ཕྱོགས་འདིར་རྒྱལ་བའི་བསྟན་པ་ལ།  །

ཕལ་ཆེར་ལོག་པ་འབའ་ཞིག་སྤྱོད་པའི་སྐབས།  །

འཁྲུལ་མེད་བྱི་དོར་མཛད་པའི་ཙོང་ཁ་པ།  །

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི   །

ས་དྭགས་བཀའ་གདམས་སྲོལ་འཛིན་གསང་ཕུ་བ།  །

བོད་ཡུལ་བསྟན་པ་ནུབ་ཏུ་ཉེ་བ་ན།  །

ཉིད་བསྟན་གསར་པས་ཁྱབ་མཛད་ཙོང་ཁ་པ།  །

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི  ། །

འཇམ་དཔལ་དབྱངས་ཀྱིས་ཁྱོད་ལ་ལྷག་པར་ཡང་།  །

ཀླུ་སྒྲུབ་ལུགས་ཀྱི་ལེགས་བཤད་ཉིན་བཞིན་སྩལ།  །

སྔོན་མེད་དབུ་མའི་སྲོལ་འཛིན་ཙོང་ཁ་པ།  །

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི །།

གཟུགས་སོགས་གཟུགས་ཀྱི་ངོ་བོས་མི་སྟོང་ཡང་།  །

རང་བཞིན་གྱིས་གྲུབ་གཟུགས་ཀྱི་སྟོང་པ་ཡི།  །

སྟོང་ཉིད་སྨྲ་བའི་ཁྱུ་མཆོག་ཙོང་ཁ་པ།  །

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི །།

ཁྱོད་ཀྱིས་ལ་ཤས་ཅུང་ཟད་ཙམ་ཞིག་ལ།  །

རྒྱ་ནག་ནས་བཟུང་རྒྱ་གར་ཁ་ཆེའི་བར།  །

ངུར་སྨྲིག་འཆང་བས་ཁྱབ་མཛད་ཙོང་ཁ་པ།  །

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི།།

ཁྱོད་ཀྱི་སློབ་མར་གྱུར་ན་སླར་ཕྱིན་ཆད།  །

ཉིད་ལ་སྟོན་དང་བསྟོན་པ་ཕྱིར་ཕྱོགས་པར།  །

མི་གཏོང་གཏན་གྱི་སྐྱབས་གཅིག་ཙོང་ཁ་པ།  །

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི  །།

ཁྱོད་ཀྱི་རྗེས་སུ་སློབ་པའི་སློབ་མ་ཀུན།  །

ཐེག་ཆེན་ལམ་གྱིས་དབུག་དབྱུང་གཞན་དོན་དུ།  །

ལུས་སྲོག་ཆེས་ནོར་གཏོང་འཇུག་ཙོང་ཁ་པ།  །

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི།  །

ཁྱོད་བསྟན་ཚུལ་འདིར་སྡང་བས་ཞུགས་འགའ་ལ།   །

བཀའ་སྲུངས་དྲག་པོའི་ཆད་པ་བཙན་པོ་ཡིས།  །

ཆོས་བཞིན་སྐྱོང་བའི་རྒྱལ་བ་ཙོང་ཁ་པ།  །

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི།  །

བསགས་སྦྱངས་སོང་དང་མ་སོང་སྐྱེ་བོ་འགས།  །

དྲན་པ་ཙམ་གྱིས་དངོས་དང་རྨི་ལམ་དུ།  །

བྱོན་ནས་ཐུགས་རྗེས་གཟིགས་པའི་ཙོང་ཁ་པ།  །

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི  ། །

བྱང་ནས་བྱང་ཕྱོགས་ཧོར་སོགས་མདོ་ཁམས་ཡུལ།  །

མི་དང་མི་མིན་ཆོས་འདུལ་རིན་ཆེན་གྱིས།  །

འདུལ་དཀའ་གདུལ་བའི་སྟོབས་ལྡན་ཙོང་ཁ་པ།  །

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི །།

བསྟན་པ་དངོས་ལ་བཀོད་པར་མ་ནུས་རྣམས།  །

སྔོན་གྱི་ལས་ངན་སྡིག་སྒྲིབ་ཟད་ཕྱིར་དུ།  །

བསགས་སྦྱངས་མྱུར་དུ་སྒྲུབ་འཇུག་ཙོང་ཁ་པ།  །

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི །།

ཁྱོད་ལ་སྙིང་ནས་སྐྱབས་སུ་སོང་བ་རྣམས།  །

འདི་ཕྱིའི་དཔལ་འབྱོར་གཞན་དྲིན་མ་ཡིན་པར།  །

ཇི་ལྟར་བསམ་བཞིན་རེ་སྐོང་ཙོང་ཁ་པ། 

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི །།

གང་གིས་ལེགས་པར་བཤད་པའི་ཆོས་ཚུལ་ལས།   །

འདའ་བ་ཞིང་འདིར་གནས་པ་བཀག་མཛད་ནས།   །

འཇིག་མེད་བསྟན་པ་འཛུགས་པའི་ཙོང་ཁ་པ།  །

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི །།

ཁྱོད་ཀྱི་བརྟུལ་ཞུགས་བཟང་པོ་ཉེར་བསྟན་པ།  །

མཚུངས་མེད་གཟུགས་དང་དྲི་མཆོག་ངད་ལྡན་པའི།  །

མཉེས་ཤིང་དུལ་བར་མཛད་པའི་ཙོང་ཁ་པ།  །

རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི །།

དེ་ལྟར་དད་པས་མཆོད་བསྟོད་དགེས།  །

ཉིད་བསྟན་སྤེལ་བར་མཛད་རྣམས་ཀྱང་། །

བུ་རམ་ཤིང་པའི་འཕྲིན་ལས་པའི།  །

རིང་ལུགས་རྗེས་སུ་འཇུག་ཕྱིར་བསྔོ།

༼ཞེས་པ་འདི་ནི་ཙཱ་རི་ཊའི་རི་སུལ་ལྷའི་མཆོག་ནོར་བུའི་མེ་ཏོག་ཐལ་མོ་སྙིང་གར་སྦྱར་བའི་གནས་སུ་གཞན་དྲིང་མེད་པའི་རྗེ་དེ་ཉིད་ལ་མི་ཕྱེད་པའི་དད་པ་ལྡན་པ་ཀརྨ་པའི་མཚན་གྱིས་འཇུག་པ་མིང་གཞན་ཀརྨ་པ་མི་སྐྱོད་རྡོ་རྗེས་སྦྱར་བའོ༎

ཡང་ཁོང་གིས།

བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར།

རྟག་ཙམ་གྱིས་འདུལ་བ་འཛིན་པའི་དུས།  །

རྗེ་བློ་བཟང་གྲགས་པ་བྱ་བ་དེས།  །

བཅོམ་ལྡན་ཤཱཀྱ་ཐུབ་ཀྱི་ཚུལ་བཟུང་ནས།  །

ངུར་སྨྲིག་གི་རྒྱལ་མཚན་འཛིན་མཛད་པས།  །

སྔོན་ཤཱ་རིའི་བུ་འདྲ་བགྲང་ཡས་ཀྱིས།  །

འཛམ་གླིང་གི་རྒྱལ་ཁམས་གང་བར་མཛད། །

རྗེ་དེ་ལ་མི་དད་སུ་ལ་དད། །

སྔོན་ཕྲག་དོག་གི་དྲི་མས་སྡང་ཞན་སྐྱེས།།

དུས་དེ་རིང་འགྱོད་པས་མཐོལ་ཞིང་བཤགས། །

སྡིག་གྲོགས་ཀྱི་ཟིན་པ་མ་ཤེས་པར། །

གཏི་མུག་གིས་བགྱིད་པ་གནོང་ཞིང་འགྱོད།།

སྐྱེ་བ་ནས་ཚེ་རབས་ཏུ་རྗེས་འཛིན་མཛོད༎ 

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།