中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > གཞན་དག >
༄༅།། འགྲོ་བ་རིགས་དྲུག
དུས་ཚོད།2017-09-15 15:15:17     རྩོམ་གྱི་ཡོང་ཁུངས། བཙན་པོའི་རིག་གནས་ཀྱི་འཕྲིན་སྟེགས།     ཆུང་། | འབྲིང་། | ཆེ།
༄༅།། འགྲོ་བ་རིགས་དྲུག
 
\

ངན་འགྲོ།
ངན་འགྲོ་ནི་ལས་ཀྱི་དབང་གིས་ངན་པའམ་སྡུག་བསྔལ་ཁོ་ན་མྱོང་བར་འགྲོ་བས་དེ་ལྟར་ཟེར། སྐྱེས་པ་ཕྱི་མར་རང་ཉིད་གང་དུ་སྐྱེ་མིན་ལ་རང་དབང་ཡོད་པ་ཞིག་མིན་པར་རང་ཉིད་ཀྱིས་བྱས་ཤིང་བསགས་པའི་ལས་དཀར་ནག་གཉིས་ཀྱི་སྟོབས་ཆེ་ཆུང་ལ་བརྟེན་ནས་སྐྱེ་བ་ལེན་དགོས། སྐྱེ་བ་ལེན་ཡུལ་ནི་འགྲོ་བ་རིགས་དྲུག་ལས་མེད་སྟབས། རྒྱུ་ལས་མི་དགེ་བ་བཅུ་ལ་བརྟེན་ནས་འབྲས་བུ་དམྱལ་བ་ཡི་དྭགས་དུད་འགྲོ་སོགས་སུ་སྐྱེ་བ་ལ་བླངས་པ་ལ་ཟེར་རོ།།

\
 དམྱལ་བ།
དམྱལ་བ་ལ་ཚ་དམྱལ་དང་གྲང་དམྱལ་གཉིས། ནང་གསེས་ལ་དབྱེ་བ་བཅོ་བརྒྱད་ཡོད། དམྱལ་བ་ནི་སྡུག་བསྔལ་གྱིས་ཞིབ་ཞིབ་ཉོབ་ཉོབ་བྱས་པའི་དོན་དེ་དེའི་འགྲོ་བ་ནི་སྡུག་བསྔལ་དཔག་མེད་པ་དང་ལྡན་ནོ།། ཚ་དམྱལ་ནི་ཤི་ནས་བར་དོ་གྲུབ་པའི་ཚེ་མི་དགེ་བའི་ལས་ཀྱི་དབང་གིས་ལུས་ལ་གྲང་སྣང་བྱུང་སྟེ་ཚ་བ་དོན་དུ་གཉེར་བས་བར་སྲིད་འགགས་སྟེ་ཚ་དམྱལ་དུ་སྐྱེས་ཤིང་། དེ་ནས་རིམ་བཞིན་ཡང་ཡང་སོས། ཐིག་ནག བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་དེ་བརྒྱད་དུ་སྐྱེས་ཤིང་། དེ་ནས་གྲང་དམྱལ་ནི་དམྱལ་བའི་བར་སྲིད་ཀྱི་ཚེ་ལུས་ལ་ཚ་བ་བྱུང་བས་གྲང་བ་དོན་དུ་གཉེར་བས་བར་སྲིད་འགགས་ཏེ་གྲང་དམྱལ་དུ་སྐྱེས་ཤིང་གྲང་དམྱལ་དག་སྤྱི་ཁྱབ་ཏུ་མཐའ་ཐམས་ཅད་གངས་རིས་བསྐོར་བ་དང་། འོག་ཐམས་ཅད་ཁ་བའི་ཐང་། འཁྱག་རོམ་གྱི་གཅོང་རོང་ཟབ་མོ། སྟེང་དུ་ཁ་བ་བུ་ཡུག་འཚུབ་ཅིང་མུན་པ་འཐིབས་པ། རླུང་ཤིན་ཏུ་དྲག་པོ་འདེབས་པར་བྱེད་ཅིང་དེ་ནས་རིམ་བཞིན་ཆུ་བུར་ཅན། ཆུ་བུར་བརྡོལ་བ། ཨ་ཆུ་ཟེར་བ། སོ་ཐམ་ཐམ་པ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པ་བཅས་བརྒྱད་སོགས་སུ་སྐྱེས་པའོ།།

\
 ཡི་དྭགས།
ཡི་དྭགས་ནི་ལྟོགས་པའི་དབང་གིས་ཟས་སྐོམ་ཡི་ལ་བཏགས་པ་སྟེ་སེར་སྣའི་དབང་གིས་སྐྱེས་ལ་དེའི་རྩ་བ་ནི་འཛམ་གླིང་འདིའི་འོག་ན་དཔག་ཚད་ལྔ་བརྒྱ་འདས་པ་ན། ཡི་དྭགས་ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་པར་ཡི་དྭགས་རྣམས་ཀྱི་གཙོ་བོ་གཤིན་རྗེ་ཆོས་ཀྱི་རྒྱལ་བོ་ཞེས་བྱ་བ། འཕེན་བྱེད་མི་དགེ་བ་དང་རྫོགས་བྱེད་དགེ་བས་འཕངས་པ་ཡོད་པ་དེའི་འཁོར་དུ་ཡི་དྭགས་དཔག་དུ་མེད་པ་ཡོད་ལ་ཁ་ཐོར་བ་ནི་མིའི་ཡུལ་ན་རྒྱུ་བའི་བཙན་དང་རྒྱལ་བོ། བསེན་མོ་ཐེའུ་རིང་། གཤིན་འདྲེ་ལ་སོགས་པའོ།། ཡི་དྭགས་ལ་རིགས་གསུམ་ཡོད་དེ་ཕྱིའི་སྒྲིབ་པ་ཅན་དང་ནང་གི་སྒྲིབ་པ་ཅན། ཟས་སྐོམ་ལ་ཡོད་པའི་སྒྲིབ་པ་ཅན་བཅས་ཡིན་ནོ།།

\
 དུད་འགྲོ།
དུད་འགྲོ་ནི་དུད་དེ་འགྲོ་བས་ན་དེ་ལྟར་ཟེར་ཞིང་ཡང་ལྷ་མི་བྱོལ་ཏེ་གཟུར་ནས་སོང་བས་ན་བྱོལ་སོང་ཞེས་ཀྱང་ཟེར། དེ་ལ་གཉིས་ལས་བྱིངས་ན་གནས་པ་ནི་རྒྱ་མཚོ་ཆེན་པོར་གནས་པའི་ཆུ་སྲིན་དང་། དུང་། ཉ་ལ་སོགས་པ་ཆང་གི་སྦང་མ་བཞིན་དུ་སྤུངས་ནས་ཡོད་ལ། ཁ་ཐོར་བ་ནི་མིའི་ཡུལ་དུ་རྒྱུ་བ་རྣམས་ཏེ་མཐའ་དག་ཀྱང་གླེན་ཞིང་ལྐུགས་པ་དང་། བླང་དོར་མི་ཤེས་པའི་རིང་བཞིན་ཅན་ནོ།།


\
སྲིད་པའི་འཁོར་ལོ།
 
བདེ་འགྲོ།
བདེ་འགྲོ་ནི་ལས་ཀྱི་དབང་གིས་བདེ་བ་མྱོང་བར་འགྲོ་བས་འགྲོ་བ་བཟང་བོའམ་བདེ་འགྲོ་ཟེར་ཞིང་། ཡང་སྐྱེས་པ་ཕྱི་མར་རང་ཉིད་གང་དུ་སྐྱེ་མིན་ལ་རང་དབང་ཡོད་པ་ཞིག་མ་ཡིན་པར་་རང་ཉིད་ཀྱིས་བྱས་ཤིང་བསགས་པའི་ལས་དཀར་ནག་གཉིས་ཀྱི་སྟོབས་ཆེ་ཆུང་ལ་བརྟེན་ནས་སྐྱེ་བ་ལེན་དགོས་པས། རྒྱུ་དགེ་བ་བཅུ་ལ་བརྟེན་ནས་འབྲས་བུ་ལྷ་མི་ལྷ་མ་ཡིན་བཅས་ཀྱི་སྐྱེས་པ་བླངས་བ་ལ་ཟེར་རོ།།

\
 ལྷ།
ལྷ་ལ་འདོད་ལྷ་རིགས་དྲུག་དང་གཟུགས་མེད་ཀྱི་ལྷ་ཡོད་དེ། འདོད་ལྷར་སྐྱེས་ན་རྒྱལ་ཆེན་རིགས་བཞི། དེ་ནི་ལོ་ལྔ་ནས་གཞན་འཕྲུལ་དབང་བྱེད་ནི་ལོ་བཅུ་ལོན་པ་ལྟ་བུའི་ལུས་ཚད་ཀྱིས་འདོད་ལྷ་རིགས་དྲུག་དེ་དག་ཏུ་སྐྱེས་ཤིང་གཟུགས་ཁམས་སུ་སྐྱེས་ན་ལུས་ཀྱི་ཚད་རྫོགས་ཤིང་གོས་དང་བཅས་པས་སྐྱེས་ལ་དེ་དག་ལ་ཕོ་མོའི་དབྱེ་བའང་ཡོད་དེ་མོའི་པང་དུ་བྱུང་བ་མོ་དང་ཕོའི་པང་དུ་བྱུང་བ་ཕོ་རུ་འཇོག་གོ།

\
 མི།
མི་ལ་གླིང་བཞིའི་མི་ཡོད་བྱང་སྒྲ་མི་སྙན་པ་ལོ་སྟོང་དུ་ངེས་པར་འཚོ་ལ་ནུབ་བ་གླང་སྤྱོད་ལྔ་བརྒྱ། ཤར་ལུས་འཕགས་གླིང་ཉིས་བརྒྱ་ལྔ་བཅུ། འཛམ་བུ་གླིང་གི་མིའི་ཚེ་བཅུ་ནས་དཔག་མེད། དེ་དག་ལ་སྐྱེ་རྒ་ན་འཆི་དང་ཚོལ་ཀྲོ་སོགས་ཀྱི་བསྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ།།

\
 ལྷ་མ་ཡིན།
ལྷ་མ་ཡིན་ནི་རི་རབ་ཀྱི་ཁོང་གསེང་དང་མི་ཡི་ཡུལ་སོགས་སུ་ཡོད་ཅིང་། དེ་དག་ཕལ་ཆེར་རང་བཞིན་གྱིས་ལྷ་ཡི་དཔལ་ཕུན་སུམ་ཚོགས་པ་ལ་སྡང་བའི་ཕྱིར་ན་ཡིད་ཀྱི་སྡུག་བསྔལ་ཆེ་སྟེ། ལྷ་མིན་དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི་སྒྲིབ་པས་བསྒྲིབས་པའི་རྒྱུ་མཚན་གྱིས། རྟེན་དེ་ལ་བདེན་པ་མཐོང་བའི་སྐལ་བ་མ་མཆིས་སོ།།
རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།