中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > གཞན་དག >
༄༅།། བོད༌དུ༌སྐུ༌གསུང༌ཐུགས༌རྟེན༌གྱི༌ཐོག་མ།
དུས་ཚོད།2017-09-27 16:46:10     རྩོམ་གྱི་ཡོང་ཁུངས། བཙན་པོའི་རིག་གནས།    ཆུང་། | འབྲིང་། | ཆེ།
 

\
བོད་དུ་སྐུ་རྟེན་ཐོག་མ།
  དེ་ཡང་ཡོངས་སུ་གྲགས་པའི་བཤད་རྒྱུན་དང་ཁུངས་ལྡན་རྒྱལ་རབས་ཆོས་འབྱུང་ཕལ་མོ་ཆེར། བོད་དུ་སྐུ་རྟེན་གྱི་ཐོག་མ་ནི་ཙན་དན་ཧ་རིའི་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བརྙན་རྒྱལ་པོ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་དུ་པོ་ཏ་ལར་གདན་དྲངས་ཤིང༌། ལོ་ཀེ་ཤྭ་རའི་སྐུ་བརྙན་འདི་ནི། དུས་རབས་པདུན་པའི་དུས་མགོར་བོད་རྗེ་སྲོང་བཙན་སྒམ་པོའི་ཐུགས་ཀྱི་རྟེན་དུ་གདན་དྲངས་པ་ནས།ཕག་མོ་གྲུ་བའི་སྲིད་དབང་མ་ཐོར་བར་གྱི་ལོ་ངོ་སྟོང་ཕྲག་གཅིག་ཙམ་རིང་ཕོ་བྲང་ཆེན་པོ་པོ་ཏ་ལར་བཞུགས་ཤིང༌།དེ་རྗེས་ཕྱི་ལོ་1612ནས་ཕྱི་ལོ་ 1613 བར་བཀའ་དགེ་ནང་ཁུལ་མ་མཐུན་པའི་རྐྱེན་གྱིས་སོག་ཡུལ་དང་མཚོ་སྔོན་ཁུལ་དུ་ལོ་ངོ་སུམ་ཅུ་ལྷག་ཙམ་བཞུགས། ཕྱི་ལོ1645ལོར་མཚོ་སྔོན་གྱི་དཔོན་མོ་ད་ལའི་ཀུན་ཇི་རྒྱལ་མོས་ཚུར་བླུས་ཏེ་རྒྱལ་དབང་ལྔ་པར་འབུལ་རྒྱུ་བསྐུར་བ་དང༌། སྐུ་བརྙན་འབྱོར་བའི་ཉིན་རྒྱལ་དབང་ལྔ་པས་པོ་ཏ་ལའི་ཕོ་བྲང་ཀར་པོ་རྒྱས་སྐྲུན་གྱི་ལས་མགོ་ཚུགས་པ་དང་དུས་མཉམ་འཁེལ་བ་བཞིན། ད་ལྟའང་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར་རང་ཅག་གི་བསོད་ནམས་ཀྱི་ཞིང་དུ་ཡོད་པ་འདིའོ།།
 
\
བོད་དུ་གསུང་རྟེན་ཐོག་མ།
  སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དགོས་པ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་ཆེད་དུ་ཡིན་ ཞིང༌། སངས་རྒྱས་ཀྱི་བསྟན་པ་ལ་ལུང་དང་རྟོགས་པའི་བསྟན་པ་གཉིས་སུ་གྲངས་ངེས་པ་དེ་ཡང་ཐོག་མར་ལུང་གི་བསྟན་པ་བྱུང་ཞིང༌། དེ་ནས་རྟོགས་པའི་བསྟན་པ་བྱུང་བ་ཡིན་པ་དེ་བཞིན་དུ། རང་རེ་བོད་དུ་ཡང་ཐོག་མར་བསྟན་པ་དབུ་བརྙེས་པའི་རྟེན་འབྲེལ་ལ་གསུང་ཐོག་མར་བྱུང་བ་ཡིན། དེ་ཡང་རང་ཅག་གི་རྒྱལ་རབས་དང་ཆོས་འབྱུང་ཕལ་མོ་ཆེ་ལས་ཆེས་ཆེར་གསུངས་པ་ལྟར། བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ། ཕོ་བྲང་ཡུམ་བུ་བླ་སྒང་གི་ཡང་རྩེར་གསེར་ཤོག་ངོས་ལ་བཻཌཱུརྱས་བྲིས་པའི་སྤང་སྐོང་ཕྱག་བརྒྱ་དང༌། མདོ་སྡེ་ཟ་མ་ཏོག གསེར་གྱི་མཆོད་རྟེན་ཁྲུ་གང་བ་མུ་དྲའི་ཕྱག་རྒྱ། ཙི་ཏ་མ་ཎིའི་རྐོས་ཕོར་བཅས་བྱུང་ཞིང༌། ཚུལ་དེར་དམིགས་ནས་རང་རེའི་ངག་རྒྱུན་ལའང༌། མདོ་ལ་སྔ་བ་ཟ་མ་ཏོག་དང༌།གཟུངས་ལ་སྔ་བ་ཡི་གེ་དྲུག་པ་བྱབྱཞེས་གྲགས། དེ་ལྟར་བོད་ལ་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་པའང་གསུང་རྟེན་དེ་དག་བྱུང་བར་ཚད་འཛིན་པ་ཡིན་ལ། རྒྱ་དཔེ་བོད་དུ་བསྒྱུར་བའི་ཐོག་མ་ལའང་གོང་གསལ་གསུང་རྟེན་དེ་དག་ཐོག་མར་བསྒྱུར་བ་ཡིན་ཞིང༌། བོད་ཀྱི་ཆོས་སྐལ་སྔ་ཤོས་ཀྱང་དེ་དག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར། དེ་ཡང་གཉན་པོ་གསང་བ་ཞེས་པཏགས་པ་ཡོངས་གྲགས་ཀྱི་གསུང་རྟེན་དེ་དག་གི་མ་ཡིག་གཉན་པོ་གསང་བ་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་པསམ་ཡས་མཆོད་རྟེན་ཆེན་པོའ་ིགཟུངས་སུ་བཞུགས་སུ་གསོལ་བའི་ཚུལ་བསམ་ཡས་དཀར་ཆག་ཏུ་གསལ་ཞིང༌། དེ་དག་དང་འབྲེལ་བའི་ཕན་ཡོན་སོགས་གཞུང་དག་ན་སྤྲོས་པ་རྒྱ་ཆེ་ཡང་འདིར་གསུང་རྟེན་གྱི་ཐོག་མ་བྱུང་ཚུལ་ཁོ་ན་ངོ་སྤྲོད་ཙམ་བྱས་པ་ཡིན།

\
བོད་དུ་ཐུགས་རྟེན་ཐོག་མ།
  མཆོད་རྟེན་ནི། ཐུབ་པའི་དབང་པོ་འཇིག་རྟེན་འདིར་མ་འཁྲུངས་གོང་ནས་ཡོད་དེ། རྒྱལ་བུ་གཞོན་ནུ་དོན་གྲུབ་ཁོང་མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་པཅད་ནས་རབ་ཏུ་བྱུང་བར་གནང་ལ། སངས་རྒྱས་མ་བྱོན་པའི་ཡར་སྔོན་ནས་པལ་ཡུལ་དང་ལི་ཡུལ་སོགས་སུའང་མཆོད་རྟེན་གྱི་རིགས་མང་དུ་ཡོད་པར་གྲགས།བོད་ཡུལ་དུ་མཆོད་རྟེན་གྱི་ཐོག་མ་ནི་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་གསེར་གྱི་མཆོད་རྟེན་ཁྲུ་གང་བ་ཞིག་བྱུང་བ་དེ་མཆོད་རྟེན་གྱི་ཐོག་མ་ཡིན་ལ། དེ་རྗེས་ནས་རིམ་པས་མཆོད་རྟེན་གྱི་རིགས་པཞེངས་སྐྲུན་མང་དུ་བྱུང་བ་ལས། བསམ་ཡས་སུ་ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་མཆོད་རྟེན་སོ་སོར་ཡོད་ཀྱང༌། དེང་སྐབས་གྲགས་ཆེ་བ་ནི་རྩེ་པོ་ཏ་ལ་དང༌། འབྲས་སྤུངས། ཨ་མདོ་སྐུ་འབུམ་སོགས་སུ་མཇལ་རྒྱུ་ཡོད་པའི་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་བཟོ་བཀོད་དེ་དག་ཡིན་ལ། དེ་དག་ལས་ཀྱང་དར་ཆེ་བ་ནི། བྱང་ཆུབ་མཆོད་རྟེན་དང༌། རྣམ་རྒྱལ་མཆོད་རྟེན་གཉིས་ལ་བྱེད་པ་ཡིན། མཆོད་རྟེན་ཆོས་སྐུའི་རྟེན་དུ་བྱེད་པའི་རྒྱུ་མཚན་ནི་མཚོན་དོན་ལས་གསལ་བར་བྱེད་ནུས་པས་འདིར་ངོ་སྤྲོད་ཐུང་ཙམ་བཤད་པ་ལ། མཆོད་རྟེན་གྱི་བང་རིམ་བཞིས་དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ་པཅས་མཚོན། བུམ་རྟེན་གྱིས་སྟོབས་ལྔ། བུམ་པས་བྱང་ཆུབ་ཡན་ལག་བདུན། བྲེས་འཕགས་ལམ་ཡན་ལག་བརྒྱད།ཆོས་འཁོར་བཅུ་གསུམ་གྱིས་སྟོབས་པཅུ་དང་དྲན་པ་ཉེར་བཞག་གསུམ། ཐུགས་རྗེ་མདོ་གཟུངས་ཀྱིས་ཐུགས་རྗེ་ཆེན་པོ་དང་སྟོང་བ་ཉིད་དབྱེར་མེད་པ་མཚོན། ཉི་ཟླ་གཉིས་ཀྱིས་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པ་གཉིས་མཚོན།ཏོག་གིས་གཉིས་མེད་ཟུང་འཇུག་མཚོན་པ་བཅས་སཽ།།
རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།