中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > གཞན་དག >
༄༅།། གདན་ས་མཚུར་ཕུར་མཁན་པོ་དང་སྐྱོར་དཔོན་བསྐོ་གཞག་གི་མཛད་སྒོ་སྤེལ་བ།
དུས་ཚོད།2017-12-01 10:04:37     རྩོམ་གྱི་ཡོང་ཁུངས། ལུག་སྤྲོ་ལྡན་འཕྲིན་སྟེགས།     ཆུང་། | འབྲིང་། | ཆེ།
  བོད་རབ་བྱུང་བཅུ་བདུན་པའི་ནང་ཚན་གསེར་འཕྱང་ཞེས་བྱ་བའི་མེ་མོ་བྱ་ཡི་ལོ་སྟེ། སྤྱི་ལོ་༢༠༡༧ ལོའི་བོད་ཟླ་༡༠ ཚེས་༧ དང་སྤྱི་ཟླ་༡༡ ཚེས་༢༥ རེས་གཟའ་སྤེན་པའི་འཕྲོད་སྦྱོར་དགེ་བའི་ཉིན་དོན་བརྒྱུད་ཀརྨ་ཀམ་ཚང་གི་གདན་ས་ཆེན་མོ་མཚུར་ཕུ་དགོན་དུ་སྐབས་གཉིས་པའི་མཁན་པོ་དང་སྐྱོར་དཔོན་བསྐོ་གཞག་གི་མཛད་སྒོ་གཟབ་རྒྱས་ངང་ཚུགས་ཤིང་། ཐེངས་འདིའི་མཛད་སྒོའི་ཐོག་གདན་ས་སེ་འབྲས་དགེ་གསུམ་གྱིས་གཙོས་པའི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་དུ་མ་ཞིག་གི་འཐུས་མི་དང་། དེ་བཞིན་ས་ཕྱོགས་གང་ས་ནས་ཕེབས་པའི་མཁས་དབང་། དབུ་ཁྲིད། དད་ལྡན་སྦྱིན་བདག་སོགས་སྐྱ་སེར་བརྒྱ་ཕྲག་དུ་མ་ལྷན་གཅིག་ཏུ་ཚོགས་ཏེ། རྟེན་འབྲེལ་གྱི་མཇལ་དར་དང་ཤིས་ཚིག་གི་ཀློང་ནས་གདན་ས་འདིར་ཕྱིས་བཤད་གྲྭ་གསར་དུ་བཏབ་ནས་མི་ལོ་ཉི་ཤུ་འཁོར་བའི་དུས་ཚིགས་དམིགས་བསལ་བ་དང་འབྲེལ་ཏེ། དེང་དུས་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གི་ཚད་ལྡན་གྱི་འགྲོ་ལུགས་ལྟར་བཤད་གྲྭ་འདིར་བགྲང་བྱ་ཉི་ཤུ་ཙམ་ལ་སྤྱིར་རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་གི་གཞུང་ལུགས་རབ་འབྱམས་རྣམས་དང་། ཁྱད་པར་དོན་བརྒྱུད་ཀརྨ་ཀམ་ཚང་གི་ཡིག་ཆའི་བདག་པོ་རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོ་དང་། ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་གཞུང་འགྲེལ་ཆེན་མོ་དག་ལ་ཐོས་བསམ་ཚུལ་བཞིན་དུ་བགྱིས་པའི་དགེ་འདུན་པ་བརྒྱད་ལ་མཁན་པོའི་མཚན་གནས་དང་ཕྱག་ཁྱེར། དེ་བཞིན་དུ་ད་སྐབས་གཞུང་ཆེན་ཁག་ལ་ཐོས་བསམ་བགྱིས་དང་བགྱིད་བཞིན་པའི་སློབ་གཉེར་པ་བཅུ་ལྷག་ལ་སྐྱོར་དཔོན་གྱི་མཚན་གནས་དང་ཕྱག་ཁྱེར། ཐ་སྙད་རིག་གནས་འཁྲིད་མཁན་གྱི་དགེ་འདུན་པ་ཁག་གཅིག་ལ་དགེ་རྒན་གྱི་མཚན་གནས་དང་ཕྱག་ཁྱེར་བཅས་ཕུལ་གནང་ཡོད་པ་རེད།
\
རིག་གསར་གྱི་རླུང་འཚུབ་དྲག་པོ་རིམ་གྱིས་ཡལ་ཏེ། སྐྱབས་རྗེ་སྒྲུབ་དཔོན་རིན་པོ་ཆེའི་ཐུགས་བསྐྱེད་ལས་གདན་ས་འདི་ཉིད་བསྐྱར་བཞེངས་གྲུབ་པ་ནས་ད་བར་གནས་འདིར་འདི་ལྟ་བུའི་ཚད་ལྡན་གྱི་འགྲོ་ལུགས་བརྒྱུད་དེ་སློབ་ཐོན་མཛད་སྒོ་གཉེར་བ་ཐོག་དང་པོར་གྱུར་ཡོད་ཅིང་། སྤྱིར་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན། གདན་ས་མཚུར་ཕུ་འདི་ཉིད་ལ་རྗེ་བདུན་པ་དང་བརྒྱད་པའི་སྐབས་སུ་མདོ་སྔགས་གཞུང་ལུགས་ལ་འཆད་རྩོད་རྩོམ་གསུམ་བགྱིད་པའི་བསྟན་པ་རྒྱ་ཆེར་དར་ཀྱང་། རྗེ་བཅུ་པ་ཆོས་དབྱིངས་རྗེའི་སྐུ་ཚེའི་སྨད་ཙམ་ནས་བཟུང་ལོ་རྒྱུས་ཀྱི་འགལ་འཁྲུག་དང་ཆབ་སྲིད་ཀྱི་འཕོ་འགྱུར་དབང་གིས་གདན་ས་འདི་ཉིད་ལ་ཉམས་ཆག་ཆེན་པོ་བྱུང་ཞིང་། དེ་ནས་བཟུང་ད་བར་མི་ལོ་སུམ་བརྒྱ་ལྷག་ཙམ་གྱི་རིང་ལ་རྒྱལ་དབང་ཀརྨ་པའི་གདན་ས་འདི་ཉིད་ལ་གཞུང་ཆེན་ཁག་གི་འཆད་ཉན་གྱི་རྒྱུན་ཡང་ཆར་རྗེས་ཀྱི་འཇའ་ཚོན་བཞིན་ཡལ་ཏེ། རང་ལུགས་ཀྱི་ཡིག་ཆ་དག་གི་ལུང་རྒྱུན་ཙམ་ཡང་ཕལ་ཆེར་མེད་པར་གྱུར།
\
འོན་ཀྱང་། ༧རྒྱལ་དབང་ཀརྨ་པ་མཆོག་དང་སྐྱབས་རྗེ་སྒྲུབ་དཔོན་རིན་པོ་ཆེའི་ཐུགས་བཞེད་བཞིན་བླ་མ་དགྲ་འདུལ་ལགས་ནས་སྤྱི་ལོ་༡༩༩༧ལོར་བཤད་གྲྭ་གསར་རྒྱག་གནང་བ་ནས་བཟུང་། ད་བར་བགྲང་བྱ་ཉི་ཤུའི་རིང་ལ་སྤྱིར་མཁན་ཆེན་ལོ་ཡག་བཀྲ་ཤིས་མཆོག་དང་། ཁྱད་པར་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་རིན་པོ་ཆེ་བསོད་ནམས་དབང་རྒྱལ་མཆོག་གིས་མི་ལོ་བཅོ་ལྔ་ཙམ་ལ་འཛིན་གྲྭ་ཁག་དུ་མར། བློ་རྟགས་བསྡུས་གསུམ། ཚད་མ། ཕར་ཕྱིན། དབུ་མ། མངོན་པ་སོགས་གཞུང་ཆེན་ཁག་དང་། ཞར་ལ་ཐར་རྒྱན། སྤྱོད་འཇུག རྒྱལ་སྲས་ལག་ལེན་སོགས་མདོར་ན་གཞུང་ཆེན་མོ་ནས་བློ་སྦྱོང་ལམ་རིམ་བར་དུ་འཆད་ཁྲིད་ཀྱི་བཀའ་དྲིན་བསྐྱངས་ནས། གདན་ས་འདིར་ལོ་ངོ་སུམ་བརྒྱ་ལྷག་འཆད་ཁྲིད་ཀྱི་རྒྱུན་ཆད་པའི་རང་ལུགས་ཀུན་མཁྱེན་མི་བསྐྱོད་པའི་གཞུང་འགྲེལ་ཆེན་མོ་དག་གི་འཆད་རྩོད་རྩོམ་གསུམ་གྱི་རྐང་བཙུགས་ཏེ། དོན་བརྒྱུད་ཀརྨ་ཀམ་ཚང་གི་གཞུང་ལུགས་ལ་མཁྱེན་རྒྱ་ཡངས་པའི་སློབ་བུ་དུ་མ་ཞིག་བསྐྱེད་བསྲིང་མཛད་དེ། ད་ཐེངས་དེ་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་འདི་ལྟ་བུ་ཞིག་གཉེར་ཐུབ་པ་ནི་འགྲོ་མགོན་ཀརྨ་བཀའ་བརྒྱུད་དམ་གདན་ས་མཚུར་ཕུའི་ལོ་རྒྱུས་ཀྱི་ངོས་ནས་ནམ་ཡང་བསུབ་ཏུ་མེད་པའི་བསྟན་པའི་མཛད་རྗེས་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད་པ་རེད།།
\
\
རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས།
 
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།