中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > གཞན་དག >
༄༅།། བཀའ་བརྒྱུད་པའམ་དཀར་བརྒྱུད་པའི་ཁྱད་ཆོས་ཆེན་པོ་དྲུག
དུས་ཚོད།2018-01-17 10:30:54     རྩོམ་གྱི་ཡོང་ཁུངས།ཆོལ་གསུམ་གཅིག་གྱུར་གྱི་འཕྲིན་སྟེགས། རྩོམ་པ་པོ། མཁན་ཆེན་བསྟན་པ་རབ་རྒྱས་ཀྱིས་བརྩམས།    ཆུང་། | འབྲིང་། | ཆེ།
༡ བརྒྱུད་པ་ཟབ་མོའི་ཁུངས་གཞན་ལས་ངོ་མཚར་བའི་ཆེ་བ་དང་ལྡན་པ།
༢ སྙིགས་དུས་ཚེ་ཐུང་གི་ཡུན་ལ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་རྫོགས་རིམ་ཟབ་མོའི་མན་ངག་སོགས་གཞན་ལས་ངོ་མཚར་བའི་ཆེ་བ་དང་ལྡན་པ། 
༣ མན་ངག་གི་རྒྱབ་ཆོས་རྩོད་མེད་ཀྱི་རྒྱུད་སྡེ་ལ་ཐུག་པའི་གཞན་ལས་ངོ་མཚར་བའི་ཆེ་བ་དང་ལྡན་པ།
༤ ངེས་འབྱུང་སེམས་བསྐྱེད་སོགས་དང་འབྲེལ་བའི་བརྟུལ་ཞུགས་ཀྱི་རྣམ་ཐར་གཞན་ལས་ངོ་མཚར་བའི་ཆེ་བ་དང་ལྡན་པ།
༥ ཐོས་སྒོམ་ཟུང་འབྲེལ་མཛད་པའི་འབུར་དུ་ཐོན་པའི་ལག་རྗེས་གཞན་ལས་ངོ་མཚར་བའི་ཆེ་བ་དང་ལྡན་པ།
༦ ཆོས་རྒྱབ་སྲིད་ཀྱིས་འཚོས་ནས་སྤེལ་བའི་སྐྱོན་གྱིས་མ་གོས་པའི་ཁྱད་ཆོས་གཞན་ལས་ངོ་མཚར་བའི་ཆེ་བ་དང་ལྡན་པའོ།།
གནད་དང་པོ་དེ་ལ་དགོངས་ནས་རྗེ་བཙུན་ཆེན་པོས།  མི་ང་ཟེར་གཙིགས་སུ་མི་ཆེ་སྟེ།། ང་ཡི་བརྒྱུད་པ་ངོ་མཚར་ཆེ།།དྲུག་པ་རྡོ་རྗེ་འཆང་ཆེན་ནས།།སྒྲ་སྒྱུར་ལོ་ཙཱར་ཐུག་གི་བར།།བདེར་གཤེགས་སྤྲུལ་པ་མ་གཏོགས་པ།། གང་ཟག་བརྒྱུད་པས་བར་མ་ཆོད།  ཅེས་གསུངས་སོ།།
གནད་གཉིས་པ་ནི།  བླ་མེད་ཀྱི་རྫོགས་རིམ་དང་མ་འབྲེལ་བར་སྟོང་ཉིད་རྟོགས་པའི་བློ་གཅིག་པུ་དང་།  སེམས་ངོ་རྟོགས་པའི་བློ་གཅིག་པུ་བཅས་ཀྱིས་སྙིགས་དུས་ཚེ་ཐུང་གཅིག་ལ་ཟུང་འཇུག་གི་གོ་འཕང་འགྲུབ་པའི་སྲོལ་མེད་ཅིང་།  དེ་འདྲའི་བློ་དེ་གཉིས་ཙམ་ཞིག་མདོ་རང་ལམ་གྱི་སྒོ་ནས་རྙེད་ནུས་ཀྱང་། སྙིགས་དུས་ཚེ་ཐུང་གི་ཡུན་ལ་ཟུང་འཇུག་གི་གོ་འཕང་སྒྲུབ་པ་ལ་སྔགས་བླ་མེད་ཀྱི་ལུགས་ཀྱི་རླུང་ཞུགས་གནས་ཐིམ་གསུམ་གྱི་མཐར་འོད་གསལ་གྱི་ཡེ་ཤེས་འགྲུབ་དགོས་པས།  དེའི་ཆ་ནས་རང་རེའི་མར་སྟོན་རྒྱལ་བའི་བརྒྱུད་པ་འདི་གཞན་ལས་འབུར་དུ་ཐོན་པའི་ཁྱད་ཆོས་མཆིས།  འོད་གསལ་གྱི་ཡེ་ཤེས་ངོ་མས་དངོས་སུ་སྙོམས་པར་འཇུག་རྒྱུའི་སྟོང་ཉིད་དེའང་སྟོང་ཉིད་དགག་ཙམ་གྱིས་མི་ཆོག་པར་སྤྲོས་བྲལ་གྱི་སྟོང་ཉིད་དེ་དགོས་པས། འོད་གསལ་གྱི་ཡེ་ཤེས་དེ་སྟོང་ཉིད་མེད་དགག་སྒོམ་པའི་བློ་རུ་འདོད་པའི་ཕྱིས་ཀྱི་ཁ་ཅིག་གི་ལུགས་ཀྱི་འོད་གསལ་དང་རང་ལུགས་ཀྱི་འོད་གསལ་གཉིས་པོའི་ཁྱད་ཆེའོ།།
གནད་གསུམ་པ་ནི།  ཕྱིས་བཟོས་ཀྱི་ངག་ཉི་ཚེ་བ་སངས་རྒྱས་ཀྱི་བཀའ་རུ་བཅོས་པའི་རྩོད་པ་མེད་པའི།  ཕ་རྒྱུད་གསང་བ་འདུས་པ།  མ་རྒྱུད་འཁོར་ལོ་སྡོམ་པ།  གཉིས་མེད་ཀྱེ་ཡི་རྡོ་རྗེ།  སྙིང་པོ་མ་ཧ་མ་ཡ།  ཡང་སྙིང་སངས་རྒྱས་ཐོད་པ།  གཞུང་ཆེན་བཀའ་པོད་རྣམ་ལྔ་བཅས་སོགས་ལ།  གཙོ་བོར་བཀའ་བཞི་བརྒྱུད་པའི་རང་ལུགས་ཀྱི་འགྲན་གྱི་དོ་མེད་ཀྱི་མན་ངག་དག་གི་ཁུངས་བཅོལ་བའི་གནད་ངོ་མཚར་ཆེ་བ་མཆིས་པའི་ཚུལ་ཤེས་དགོས་སོ།།
གནད་བཞི་པ་ནི།  ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར་ནས་ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་ཉམས་སུ་བླངས་པའི་རྣམ་ཐར་ངོ་མཚར་ཅན་འཆང་བའི་བཀའ་བརྒྱུད་གོང་མ་རྣམ་གསུམ་སོགས་ཀྱི་རྣམ་ཐར་ནི་འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ཕལ་ཆེ་བ་ལས་ཀྱང་བརྒལ་ཡོད་པ་གཟུར་གནས་ཀྱི་མཁས་དབང་མང་པོས་གསུངས་པ་ལ་བསམ་དགོས་སོ།།
གནད་ལྔ་པ་ནི།  དཔེར་ན་མཁས་པའི་གཡེར་གྲགས་རྒྱས་པ་དང་མཉམ་དུ་གྲུབ་པའི་ས་མཐོར་གཤེགས་པ་བཅས་ཀྱི་རྟགས་སུ་བསམ་གྱིས་མི་ཁྱབ་པ་པ་ལྟ་བུའི་མཁྱེན་རབ་དང་།  མངོན་ཤེས་དང་།  རྫུ་འཕྲུལ་སོགས་དངོས་མཐོང་གི་རྣམ་ཐར་མངའ་བའི་སྐྱེས་མཆོག་མར་རྔོག་ལ་སོགས་པའི་རྣམ་ཐར་ལ་བསམ་ཚེ་ཐོས་སྒོམ་ཟུང་དུ་འབྲེལ་བའི་འབུར་དུ་ཐོན་པའི་ཡོན་ཏན་མངའ་བའི་བཀའ་བཞི་བརྒྱུད་ཆེ་བའི་རིང་ལུགས་པའི་ཡོན་ཏན་ཤེས་ནུས།
གནད་དྲུག་པ་ནི།  བལ་པོ་ཁོ་ཁོམ་རྒྱལ་པོས་གདན་ཞུ་དང་དུ་མ་བླངས་པའི་མི་ལ་རས་ཆེན་གྱི་ཞེན་ལོག་གི་རྣམ་ཐར་དང་།  ནོར་ལྷས་ནོར་བུ་ཕུལ་བའང་དང་དུ་མ་བླངས་པའི་རྒྱལ་བ་རྒོད་ཚང་པའི་ཞེན་ལོག་གི་རྣམ་ཐར་དང་།  གསེར་སེར་པོ་བྱེ་མའི་ལ་ལ་གཏོར་ཤིང་།  རྟ་མདོ་མང་དྲེས་མའི་ཐང་ལ་བཀྲམས་ནས་དེ་དག་བདག་གིར་མ་བཞེས་པའི་ཨོ་རྒྱན་པ་རིན་ཆེན་དཔལ་གྱི་རྣམ་ཐར་སོགས་ལ་བསམ་ཚེ་སྲིད་འབྱོར་ལ་སྙིང་པོ་མེད་པར་གཟིགས་ནས་ཆོས་རྒྱབ་སྲིད་ཀྱིས་མི་འཚོ་བའི་རང་ལུགས་ཀྱི་བརྒྱུད་པའི་ཆེ་བའི་ཡོན་ཏན་རྣམས་ཝ་ལེར་ཤེས་ནུས་སོ།།
འདིའང་ཕྱག་ཆེན་ཀློང་ཡངས་རབ་འབྱམས་པའམ་མཁན་མིང་པ་བསྟན་པ་རབ་རྒྱས་པས་སྦྱར།
  རྩོམ་སྒྲིག་པ།  རྡོ་རྗེ་བཀྲ་ཤིས།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།