中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > གཞན་དག >
༄༅། །ཇོ་དར་གྱི་ཕན་ཡོན་ཕྱོགས་བསྡུས་ཀྱི་ཡི་གེ་ཀུན་གསལ་ཕན་བདེའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །
དུས་ཚོད།2019-04-03 15:13:20     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།    ཆུང་། | འབྲིང་། | ཆེ།
༈འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།
༈ ཇོ་དར་གྱི་ཕན་ཡོན་བརྗོད་ན། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་འཕྲིན་ལས་གཅིག་བསྡུས་རྒྱལ་དབང་ཀརྨ་པ་སྐུ་རབས་བདུན་པ་ཆོས་གྲགས་རྒྱ་མཚོ་མཆོག་གི་ཞལ་སློབ་ཉག་རོང་ར་ལང་ནས་ཡིན་པ་ཉག་ཕྲུག་བྱང་ཆུབ་སེང་གེར་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་གསུངས་པའི་ཐུགས་རྗེ་ཆེན་པོའི་ཇོ་དར་གྱི་ཕན་ཡོན་ལྟར་ན། ཐུགས་རྗེ་ཆེན་པོའི་རྟེན་བཀོད་ཚུལ་ཇི་ལྟར་ལགས་ཞུས་པས། འདི་སྐད་གསུངས། འོ་དེ་ལྟར་ན་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྟེན་འབྱུང་བ་ལྔ་ལ་བཀོད་པར་བྱའོ། །དེ་ལ་སྐུ་རྟེན་བཀོད་པ་ནི། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བྲིས་པ་དང་། འབུར་དུ་གཏོད་པ། ལུགས་སུ་བླུག་པ། འབག་སྐུ་བཞེངས་པ་དང་། དེ་རྣམས་ལ་རབ་གནས་ལེགས་པར་བྱེད། གསུང་གི་རྟེན་ནི། ཇོ་དར་ལ་ཡིག་དྲུག་བྲིས་ནས་ཆུ་བོ་ཆེན་པོའི་འགྲམ་དུ་བཙུགས་པ་དང་། འདུ་བ་ཆེན་པོའི་མཁའ་ལ་བཙུགས་པ་དང་། རི་ཆེན་པོའི་ཁ་ལ་བཙུགས་པ་དང་། རླུང་ཆེན་པོའི་ཁ་ལ་བཙུགས་པ་དང་། དེ་ལྟ་བུ་བྱས་ན་འཁོར་བ་དོང་ནས་སྤྲུགས་པའི་གདམས་ངག་ཡིན། ཐུགས་ཀྱི་རྟེན་ལ་མཆོད་རྟེན་བཞེངས་པ་ཡིན། སྐུ་གསུང་ཐུགས་ཀྱི་ནང་ནས་ཀྱང་ཇོ་དར་ལས་ཕན་ཡོན་དང་དགེ་སྟོབས་ཆེ་བ་མེད། ཅེས་དང་། དེ་ནས་བདག་གིས་ཇོ་དར་ལ་ཡིག་དྲུག་བཀོད་ཚུལ་ཇི་ལྟར་ལགས་ཞུས་པས། འདི་སྐད་གསུངས་སོ། སྣང་སྲིད་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་ཡིན། བར་སྣང་ཐུགས་རྗེ་ཆེན་པོའི་མགྲིན་པ་ཡིན། ཉི་ཟླ་ཐུགས་རྗེ་ཆེན་པོའི་སྤྱན་ཡིན། སྐར་མ་ཐུགས་རྗེ་ཆེན་པོའི་ཚེམས་ཡིན། ཇོ་དར་ཐུགས་རྗེ་ཆེན་པོའི་ལྗགས་ཡིན། རླུང་ཐུགས་རྗེ་ཆེན་པོའི་དབུགས་ཡིན། འཁོར་འདས་མཉམ་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཡིན། དེའི་ཕྱིར་ཇོ་དར་ལས་ཕན་ཡོན་དང་དགེ་སྟོབས་ཆེ་བ་མེད། ཇོ་དར་རླུང་གིས་ལན་གཅིག་བསྐྱོད་པའི་ཚེ། ས་རླུང་སེར་པོའི་ཞིང་ཁམས་ནས། ཡིག་དྲུག་དུང་ཕྱུར་འབུམ་ཕྲག་ཚར། ཆུ་རླུང་སྔོན་མོའི་ཞིང་ཁམས་ནས། ཡིག་དྲུག་དུང་ཕྱུར་འབུམ་ཕྲག་ཚར། མེ་རླུང་དམར་པོའི་ཞིང་ཁམས་ནས། ཡིག་དྲུག་དུང་ཕྱུར་འབུམ་ཕྲག་ཚར། ནམ་མཁའི་རླུང་གི་ཞིང་ཁམས་ནས། ཡིག་དྲུག་དུང་ཕྱུར་འབུམ་ཕྲག་ཚར། ཡེ་ཤེས་རླུང་གི་ཞིང་ཁམས་ནས། ཡིག་དྲུག་དུང་ཕྱུར་འབུམ་ཕྲག་ཚར། དེ་ལྟར་ཇོ་དར་རླུང་གིས་ལན་གཅིག་བསྐྱོད་པའི་ཕན་ཡོན་ནི། བདག་ཉིད་ཆོས་ཀྱི་རྒྱལ་པོ་མ་གཏོགས་པ། གཞན་གང་གིས་ཀྱང་བགྲང་བར་མི་ནུས་སོ། །ལན་གཅིག་བསྐྱོད་པའི་ཕན་ཡོན་ནི། དུས་གསུམ་ན་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བགྲང་བར་མི་ནུས་སོ། ཇོ་དར་མང་ཉུང་ཚད་རྣམས་གྲངས་ནི། རབ་བརྒྱ་རྩ་བརྒྱད། འབྲིང་ཉི་ཤུ་རྩ་གཅིག་ཐ་མ་ཡང་བཅུ་གསུམ་བྱ། རབ་འབྲིང་ཐ་མ་གང་ཐུབ་ཀྱང་གསེར་དངུལ་གྱི་དུམ་བུ་དང་ཁྱད་པར་མེད། སྡིག་བཤགས་དང་སྒྲོབ་སྦྱོང་ལ་ཇོ་དར་ལས་ལྷག་པ་མེད། ཇོ་དར་སོ་སོར་གངས་རིའི་ངོས་གཅིག་ལ་བཙུགས་ན། རི་དེ་ལ་གནས་པའི་སྲོག་ཆགས་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། ཆུ་ཆེན་པོ་ལ་བཙུགས་ན་ཆུ་དེས་གར་ཁྱབ་པའི་སེམས་ཅན་ཐམས་ཅད་དང་། ཆུ་དེ་འཐུང་བའི་སྲོག་ཆགས་དང་། ཆུ་དེ་ལ་གནས་པའི་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། རིའི་རྩེ་དང་རླུང་ཆེན་པོ་ལ་འཕྱར་ན། རླུང་དེས་གར་ཁྱབ་པའི་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། མི་གཅིག་ལ་མི་རྟ་བརྒྱའི་སྡིག་པ་ཡོད་ཀྱང་། ཇོ་དར་བརྒྱ་རྩ་བརྒྱད་བཙུགས་ན་སྡིག་པ་བྱང་བ་ལ་ཐེ་ཚོམ་མེད་དོ། །
ཡུལ་དགོན་སོ་སོའི་ཁང་པའི་ཕྱོགས་བཞིའི་མཚམས་བརྒྱད་དབུས་དང་དགུ་ལ་བཙུགས་ན། ཇོ་དར་བཙུགས་པའི་ཁང་པ་དེ་ལ་གང་འདུག་པ་དང་འགྲིམ་པའི་སེམས་ཅན་ཐམས་ཅད་དང་། ཐ་ན་འབུ་སྦྲང་གྲོག་སྦུར་ཡང་གང་ཤི་ཚད་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། ཟམ་པ་ལ་བཙུགས་ན་ཟམ་པ་དེ་ལ་འགྲིམ་པའི་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་འགྱུར་ར་རོ། རྒྱ་ལམ་ལ་བཙུགས་ན་དེ་ལ་གང་འགྲིམ་པའི་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། ཞེས་གསུངས་སོ། དེ་ནས་བདག་གིས་ཇོ་དར་འདི་ལ་འབྲི་གཞི་དང་། ཡུ་བ་དང་། སྒྲོག་གུ་དང་། དར་ལྕེ་དང་། འབྲི་རྫས་དང་། བྲི་ལུགས་དང་། འཛུགས་པའི་དུས་ཚེས་ཇི་ལྟར་དགོས་ཞུས་པར། ཆོས་ཀྱི་རྒྱལ་པོའི་ཞལ་ནས། འདི་བྲི་བའི་གཞི་མ་ནི། རབ་ཟ་འོག་དང་། གོས་ཆེན་དང་། འབྲིང་དར་རས་ཕྲུགས་གསུམ། ཐ་མ་ཡང་སྣམ་ཤོག་གང་འཛོམས་ལ་བྱའོ། །དེའི་བྲི་རྫས་ནི། རབ་གསེར་དངུལ། འབྲིང་མཚལ་དང་རྒྱ་སྣགཐ་མ་བཙག་སོགས་གང་འཛོམས་ལ་བྱའོ། ནང་དུ་རིན་པོ་ཆེ་སྣ་ལྔ་སྨན་དང་དྲི་བཟང་བསྲེས་ན་བཟང་། དར་ལྕེ་ནི་དཀར་པོ་ལ་དམར་པོ། སེར་པོ་ལ་ལྗང་ཁུ། དམར་པོ་ལ་སྔོན་པོ། སྔོན་པོ་ལ་ལྗང་ཁུ་གང་འཛོམས་ཀྱིས་ཆོགསྒྲོག་གུ་ནི། སྡིག་བཤགས་ལ་གང་འཛོམས་དང་། ཚེ་དང་བསོད་ནམས་འཕེལ་བར་འདོད་ན། ལུག་གི་སོག་པ་གཡས་པའི་བལ་ལ་བུ་ཚའམ་བུ་མོ་གཙང་མས་སྔ་དྲོ་ཉི་མ་རྩེ་ཤར་ལ་བཀལ་རྨེལ་བྱས་ལ་སྒྲོག་གུ་བཏགས། སྒྲོག་གདན་དཀར་པོ། ཡུ་བ་ནི་ཡེར་ཤིང་ལ་རྩེ་མོ་ནོར་བུའི་དབྱིབས་སུ་བྱས་ལ་ཚོན་རྩིས་བཀུས་ལ་ལེགས་པར་བྱའོ། བཟློག་པ་ལ། ཡུ་བ་དྲག་པོའི་ཤིང་། བྲི་གཞི་ནག་པོ། སྒྲོག་གུ་ནག་པོ་དང་དར་ལྕེ་ནག་པོ། མགོ་ལ་རྩང་འཛུག་གོ། བྲི་ལུགས་ནི། ཨོཾ་དར་ལྕེ་དང་། ཧྲཱིཿ་དར་ཤིང་ལ་གཏད། ཇོ་དར་ངོས་རིང་ལ་ཡིག་དྲུག་སོགས་གང་ཚུད་གྱིས་གསུངས། དེ་ལ་བླ་མ་མཚན་ཉིད་དང་ལྡན་པས་རབ་གནས་དང་བཀྲ་ཤིས་བརྗོད་ལ། ཡར་ཚེས་བརྒྱད་དང་བཅུ་བཞི་བཅོ་ལྔ་གསུམ་ལ་འཛུག་གོ། ཞེས་གསུངས་སོ། །ཡང་ཆོས་ཀྱི་རྒྱལ་པོའི་ཞལ་ནས། འོ་རིགས་ཀྱི་བུ་ཁྱོད་ཀྱིས་འཇིག་རྟེན་འབྲང་མའི་ཁམས་ཀྱི་མི་རྣམས་ལ་ལེགས་པར་ཟློས་ཤིགརང་གི་སྒྲིབ་སྦྱོང་དང་གསོན་ཤ་དང་བསྔོས་ཤ་ཟོས་པ་དང་། སེམས་ཅན་གྱི་སྲོག་བཅད་པའི་སྡིག་བཤགས་ལ་ཡང་འདི་ལས་ལྷག་པ་མེད་གསུངས། མཚམས་མེད་པ་ལྔའི་སྡིག་པའི་ལས་བྱས་པ་ཡང་། ཇོ་དར་མང་པོ་བཙུགས་ན་བྱང་བ་ལ་ཐེ་ཚོམ་མེད་གསུངས། ཚེ་འདས་ཀྱི་བདུན་ཚིགས་དང་དགུང་ཞག་ལ་ཡང་ཇོ་དར་བཙུགས་པས་དེ་ལས་ལྷག་པ་མེད་གསུངས་སོ། །དེ་ནས་བདག་གིས་ནད་གདོན་ཞི་བ་ལ་ཇི་ལྟར་ལགས་ཞུས་པས། ཆོས་ཀྱི་རྒྱལ་པོའི་ཞལ་ནས། ནད་གདོན་ཞི་བ་ལ་ཇོ་དར་ལས་ལྷག་པ་མེད། མི་ནད་ཕྱུགས་ནད་སོགས་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གློ་བུར་ཉི་ཁྲི་ཆིག་སྟོང་། ཡེ་འབྲོག་སུམ་བརྒྱ་དྲུག་ཅུ། དེ་ལ་སོགས་པའི་ལྟས་ངན་པ་ཐམས་ཅད་བཟློག་པ་ལ་ཐེ་ཚོམ་མེད་དོ། །གདོན་ཞི་བ་ལ་ཡང་ཇོ་དར་ལས་ལྷག་པ་མེད། ཇོ་དར་རླུང་གིས་སྟེང་ཕྱོགས་སུ་བསྐྱོད་པའི་ཚེ། སྟེང་ཕྱོགས་གཟའ་དང་ལྷའི་གདོན་ཐམས་ཅད་བཟློག་པར་འགྱུར་རོ། །ཤར་དུ་བསྐྱོད་པའི་ཚེ། དྲི་ཟའི་གདོན་ཐམས་ཅད་བཟློགལྷོ་ཕྱོགས་སུ་བསྐྱོད་པའི་ཚེ། གཤིན་རྗེའི་གདོན་ཐམས་ཅད་བཟློག་ནུབ་ཏུ་བསྐྱོད་པའི་ཚེ། ཀླུའི་གདོན་ཐམས་ཅད་བཟློག་པར་འགྱུར་རོ། །བྱང་ཕྱོགས་སུ་བསྐྱོད་པའི་ཚེ། གནོད་སྦྱིན་གྱི་གནོད་པ་ཐམས་ཅད་བཟློག་ཤར་ལྷོར་བསྐྱོད་པའི་ཚེ། མེ་ལྷའི་གནོད་པ་ཐམས་ཅད་བཟློགལྷོ་ནུབ་ཏུ་བསྐྱོད་པའི་ཚེ། སྲིན་པོའི་གནོད་པ་ཐམས་ཅད་བཟློགནུབ་བྱང་དུ་བསྐྱོད་པའི་ཚེ། རླུང་ལྷའི་གནོད་པ་ཐམས་ཅད་བཟློགབྱང་ཤར་དུ་བསྐྱོད་པའི་ཚེ། དབང་ལྡན་གྱི་གནོད་པ་ཐམས་ཅད་ཟློགགཞན་ཡང་མ་མོ་དང་། བདུད། བཙན་དང་རྒྱལ་པོ་དང་། ཡུལ་འདྲེ་འཁྱམས་པོ་དང་། ཐེའུ་རང་དང་། ཕོ་འདྲེ་དང་། མོ་འདྲེ། ཆེ་སྲི་དང་། ཆུང་སྲི་དང་། བྱད་ཁ་དང་། ཕུར་ཁ་དང་། དབལ་ཟོར་དང་། གཏོར་ཟོར་དང་། དེ་ལ་སོགས་པའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་མཐུ་བྱད་གནོད་གསུམ། གོད་འདྲེ་དང་གོད་སྲི་ལ་སོགས་པ་ལོག་འདྲེན་བདུད་ཀྱི་གདུག་པ་ཐམས་ཅད་བཟློག་པར་ཐེ་ཚོམ་མེད་དོ། །ཕྱུགས་ནད་བཟློག་པ་ལ་ཡང་ཇོ་དར་ལས་ལྷག་པ་མེད་དོ། །རྟ་ནད་འཚེར་རྩུབ་བཟློགནོར་ནད་གློ་གོར་ལྷོག་གསུམ་ཐམས་ཅད་བཟློགལུག་ནད་རེང་པ་དང་། རྟ་ནད་བཀོང་འབྲུམ་པ་དང་། ཁྱི་ནད་སྨྱོ་ནད། ཕག་ནད་འགག་པ་དང་། དེ་ལ་སོགས་པའི་མི་ནད་ཕྱུགས་ནད་ཐམས་ཅད་བཟློག་པར་འགྱུར་རོ། །སྲུང་འཁོར་ལའང་ཇོ་དར་ལས་ལྷག་པ་མེད། ཇོ་དར་འཁོར་ལོའི་གུར་ཁང་ཡིན། ཇོ་དར་རྡོ་རྗེའི་གུར་ཁང་ཡིན། ཇོ་དར་རིན་པོ་ཆེའི་གུར་ཁང་ཡིན། ཇོ་དར་པདྨའི་གུར་ཁང་ཡིན། ཇོ་དར་རྒྱ་གྲམ་གྱི་གུར་ཁང་ཡིན། ཇོ་དར་རལ་གྲིའི་གུར་ཁང་ཡིན། ཇོ་དར་ཐོ་བའི་གུར་ཁང་ཡིན། ཇོ་དར་མེའི་གུར་ཁང་ཡིན། ཇོ་དར་ཆུ་ཡི་གུར་ཁང་ཡིན། ཇོ་དར་རླུང་ལྷའི་གུར་ཁང་ཡིན། དེ་བས་ན་ལྷ་སྲིན་གང་གིས་ཀྱང་གནོད་པར་མི་ནུས་སོ། །སྔོན་གྱི་ལན་ཆགས་ཡིན་ན་མ་གཏོགས་པ་གནས་སྐབས་ཀྱི་རྐྱེན་ངན་ཐམས་ཅད་མི་བཟློག་པ་མི་སྲིད་གསུངས། དེ་ནས་བདག་གིས་ཚེ་དང་བསོད་ནམས་འཕེལ་བ་ལ་ཇི་ལྟར་ལགས་ཞུས་པས། ཆོས་ཀྱི་རྒྱལ་པོའི་ཞལ་ནས། ཚེ་དང་བསོད་ནམས་འཕེལ་བ་ལ་ཡང་ཇོ་དར་ལས་ལྷག་པ་མེད་གསུངས། རིགས་རྒྱུད་འཕེལ་བར་འདོད་ན་ཡང་འགྲུབ། རྟ་ནོར་ལུག་གསུམ་འདོད་ན་ཡང་འགྲུབ། གསེར་དངུལ་གཡུ་གསུམ་འདོད་ན་ཡང་འགྲུབ། ཁྲབ་རྟ་བེར་གསུམ་འདོད་ན་ཡང་འགྲུབ། དར་རས་ཕྲུགས་གསུམ་འདོད་ན་ཡང་འགྲུབ། གོས་ནོར་རྫས་གསུམ་འདོད་ན་ཡང་འགྲུབ། འབྲུ་དཀར་ནག་འདོད་ན་ཡང་འགྲུབ། གཞན་ཡང་དམན་པོ་རྣམས་ཀྱང་དྲགས་སུ་འགྲོ་བར་འགྱུར། དམངས་པོ་རྣམས་སྲིད་འཕེལ་བར་འགྱུར། སྡུག་བསྔལ་བ་ཐམས་ཅད་ཞི་ཞིང་སྐྱིད་པར་འགྱུར་རོ། །ཇོ་དར་འཛུག་པའི་མི་རྣམས་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མགོན་སྐྱབས་དང་སྡོང་གྲོགས་མཛད་པ་ལ་ཐེ་ཚོམ་མེད་དོ་གསུངས་སོ། །དེ་ནས་ཡང་བདག་གིས་དྲག་པོའི་ལས་ལ་ཅི་ལྟར་ལགས་ཞུས་པས། ཆོས་ཀྱི་རྒྱལ་པོའི་ཞལ་ནས་འདི་སྐད་གསུངས། དགྲ་འདྲེ་བྱུར་གསུམ་འཇོམས་པ་ལ་ཡང་ཇོ་དར་ལས་ལྷག་པ་མེད། བདག་གཡུལ་ལས་རྒྱལ་བ་ལ་ཇོ་དར་ལས་ལྷག་པ་མེད་གསུངས། དགྲ་ཕྱོགས་ཐམས་ཅད་ཕམ་པར་འགྱུར། དཔེར་ན་མགོན་པོ་ལེགས་ལྡན་ནག་པོ་དང་མཚུངས། དགྲ་འདྲེ་ཐམས་ཅད་བྲག་རུལ་པ་ལ་ཐོག་ཕོག་པ་ལྟར་རྡུལ་དུ་བརླག་པར་འགྱུར་རོ། ཇོ་དར་གྱི་ཕན་ཡོན་འདི་ནི་ཡི་གེ་འབྲི་ཀློག་སྤེལ་གསུམ་བྱེད་པའི་མི་རྣམས་ལུས་སེམས་བྲལ་མ་ཐག་ཏུ། སྤྱན་རས་གཟིགས་ཀྱི་མདུན་དུ་སྐྱེ་བར་ཐེ་ཚོམ་མེད། ཁྱེད་ཀྱིས་འཇིག་རྟེན་གྲོང་ཁྱེར་གང་གི་མི་རྣམས་ལ་ཇོ་དར་གྱི་བསྟན་པ་སྤེལ་ཅི་ཐུབ་བྱེད་པ་གལ་ཆེ་གསུངས། ཇོ་དར་འདི་སྤེལ་བ་ལ་རོགས་ལྡན་སྙིང་རུས་བྱེད་ཅིང་། གཞན་འཇིག་རྟེན་གྱི་བྱ་བ་བཏང་མ་ནུས་ཀྱང་། ཇོ་དར་འདི་སྤེལ་བའི་མི་དེ་རྣམས་ནི། ཁ་ལག་ཟས་ནོར་ཆོས་གསུམ་གྱི་འབྲེལ་བ་གང་ཡོད་དང་བཅས་པ། སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ་སྐྱེ་བར་ཐེ་ཚོམ་མེད། ཅེས་གསུངས་སོ། གཞན་ཡང་། རྟ་སྟོང་ཕྲུགསྟོང་ཕྱེད་ལྔ་བརྒྱ་བས། ཇོ་དར་གཅིག་གིས་དགའ་ངེས་གྱིས། ལུག་གཡང་དཀར་སྟོང་ཕྱེད་ལྔ་བརྒྱ་བས། ཇོ་དར་གཅིག་གིས་དགའ་ངེས་གྱིས། ར་ཨག་ཚོམ་ཅན་སྟོང་ཕྱེད་ལྔ་བརྒྱ་བས། ཇོ་དར་གཅིག་གིས་དགའ་དུ་གྱིས། འབྲི་ཐེས་ལོ་སྟོང་ཕྱེད་ལྔ་བརྒྱ་བས། ཇོ་དར་གཅིག་གིས་དགའ་དུ་གྱིས། ཞིང་ཆུ་མ་སྟོང་ཕྱེད་ལྔ་བརྒྱ་བས། ཇོ་དར་གཅིག་གིས་དགའ་དུ་གྱིས། །མཁར་ཞིང་སྟོང་ཕྱེད་ལྔ་བརྒྱ་བས། ཇོ་དར་གཅིག་གིས་དགའ་དུ་གྱིས། བུ་ཚ་བོ་སྟོང་ཕྱེད་ལྔ་བརྒྱ་བས། ཇོ་དར་གཅིག་གིས་དགའ་ངེས་གྱིས། མཛོ་ཕོ་མཛོ་མོ་སྟོང་ཕྱེད་ལྔ་བརྒྱ་བས། ཇོ་དར་གཅིག་གིས་དགའ་ངེས་གྱིས། འཛམ་བུ་གླིང་དུ་སྲིད་ཚད་ཀྱི་ཟོག་ནོར་ཐམས་ཅད་བས་ངའི་མདུན་དུ་འོང་དུས་སུ་ཇོ་དར་གཅིག་གིས་དགའ་ངེས། དེ་གྱིས་ཤིག་ཕན་ཡོན་གང་ཡོད་བརྗོད་ན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བརྗོད་པར་དཀའོ་གསུངས། ཞེས་པ་འདི་ནི་འདས་ལོག་བྱང་ཆུབ་སེང་གེ་ལ། གཤིན་རྗེ་ཆོས་ཀྱི་རྒྱལ་པོས་གདམས་པའོ། དེ་ལ་སོགས་པའི་ཡོན་ཏན་ཚད་མེད་པ་གསུངས་ཀྱང་མདོར་བསྡུས་ཙམ་ཞིག་ལས་ཡི་གེའི་འཇིགས་ནས་མ་བྲིས་སོ། །ཞེས་སོགས་མང་དུ་གསལ་ལོ། དེ་ལྟར་ཇོ་དར་ཕན་ཡོན་གྱི། ཡིག་དེབ་འདི་ཡང་དགེ་བསྐུལ་ཆེད། འབྲོང་པ་ཨ་དཀར་ཞེས་བྱིའི་ངོར། བྱ་བྲལ་སངས་རྒྱས་རྡོ་རྗེས་སྨྲས། དགེ་ལེགས་འཕེལ། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།