中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > གཞན་དག >
༄༅།།ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་གསེར་ཁྲིར་བདག་པོ་མེད།
དུས་ཚོད།2019-04-03 15:17:58     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།     ཆུང་། | འབྲིང་། | ཆེ།
དགའ་ལྡན་ཁྲི་པ།
རི་བོ་དགེ་ལུགས་པའི་བསྟན་པའི་ཤིང་རྟ་ཆེན་པོ་རྗེ་ཙོང་ཁ་པའི་ཆོས་ཀྱི་རྒྱལ་ཚབ་ཀྱི་གོ་མིང་སྟེ། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་གྲྭ་པའི་ནང་ནས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་དགེ་བཤེས་ཀྱི་གོ་མིང་ཐོབ་རྗེས། གསང་ཆེན་རྒྱུད་གྲྭ་སྟོད་སྨད་གང་རུང་ཞིག་ལ་ཞུགས་ནས་དེའི་དགེ་བསྐོས་དང༌། དབུ་མཛད། མཁན་པོ་བཅས་རིམ་བཞིན་བྱས་ཤིང༌། དེ་ནས་དགའ་ལྡན་ཤར་རྩེའམ་བྱང་རྩེ་གང་རུང་གི་ཆོས་རྗེ་བྱས་མཚམས་དགའ་ལྡན་ཁྲི་པ་སྔོན་མ་འཕོ་འདས་བྱུང་ན་དེའི་གོ་ས་ཐོབ།

ཐོག་མའི་བྱུང་ཚུལ།
དགའ་ལྡན་ཁྲི་པ་ནི་རི་བོ་དགེ་ལུགས་པའི་བསྟན་འཛིན་ཀུན་གྱི་གཙོ་བོ་ཡིན་ཞིང༌། སྐྱབས་ཞུ་སོགས་ཀྱི་འགོ་བརྗོད་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཞེས་འགོད་སྲོལ་ཡོད་ལ། ཏཱ་ལའི་བླ་མས་དགའ་ལྡན་གསེར་ཁྲིའི་སྟེང་བཞུགས་ནས་མཛད་སྒོ་གནང་དགོས་ཚེ་མགྲོན་གཉེར་ཆེ་མོ་བས་དགའ་ལྡན་ཁྲི་པར་གནང་བ་ཞུ་དགོས་པ་ཡིན། ཏཱ་ལའི་བླ་མའི་མཛད་སྒོ་ཆེ་ཁག་ལ་དགའ་ལྡན་ཁྲི་པས་མཎྜལ་བཤད་པ་གནང་ཚེ་ཁྲི་སྟེང་དུ་བཞུགས་ནས་གསུངས་པ་ལས་བཞེངས་སྲོལ་མེད་ཐོག་ལྷ་སར་ཡང་དགའ་ལྡན་ཁྲི་པའི་མཛད་སྒོ་ཁག་དང༌། ཆིབས་ཧྲག་དང་བཅས་ཕེབས་ཐོན་སྐབས་དབུ་གདུགས་ཕུབ་ནས་ཕེབས་ཀྱི་ཡོད། དགའ་ལྡན་ཁྲི་པ་ཞེས་ཐོག་མར་འབྱུང་སྟངས་ནི་རྗེ་ཙོང་ཁ་པས་དགའ་ལྡན་དགོན་པ་ཕྱག་བཏབ་སྟེ་གསེར་ཁྲིར་བཞུགས་པ་ནས་བཟུང་ཁྲི་སྟེང་དེར་བཞུགས་ནས་རྗེ་ཙོང་ཁ་པའི་རྒྱལ་ཚབ་གནང་མཁན་རིམ་པར་དགའ་ལྡན་ཁྲི་པ་ཞེས་འབོད།

རྗེ་ཙོང་ཁ་པ་ནས་ཁྲི་ཆེན་ཐུབ་བསྟན་ཀུན་དགའ་བར་ཁྲི་ཐོག་དགུ་བཅུ་གོ་དྲུག་བྱུང་འདུག་ཁྲི་ཐོག་ཏུ་བཞུགས་རིང་ལྷ་ལྡན་སྨོན་ལམ་ཆེན་མོ་དང༌། ཚོགས་མཆོད་སྨོན་ལམ་གྱི་ཚོགས་དབུ་མཛད་རྒྱུ་དང༌། གཙོ་ཆེར་དགའ་ལྡན་དུ་བཞུགས་ནས་མདོ་སྔགས་ཀྱི་ཆོས་འཆད་ཉན་མཛད་རྒྱུ་དེ་ཡིན་ལ། ཁྲི་ཐོག་ཁང་གི་མཆོད་གཞིས་ཐོག་ནས་དགའ་ལྡན་དུ་གཏོང་སྒོ་གནང་དགོས་པ་ཡིན།

དེ་ཡང་རབ་བྱུང་བདུན་པའི་ས་ཕག(1419)ལོར་རྗེ་ཙོང་ཁ་པ་སྐུ་གཤེགས་ནས་ཞག་ཞེ་དགུའི་རིང་འདས་མཆོད་ཞུས་རྗེས་སློབ་དཔོན་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་གཙོ་མཛད་དེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྣམས་ནས་སློབ་དཔོན་དཀའ་བཅུ་བ་དར་མ་རིན་ཆེན་རྗེ་རིན་པོ་ཆེའི་ཆོས་ཁྲིར་བཞུགས་ཏེ་གཟིམ་ཁང(ཁྲི་ཐོག་ཁང)དུ་ཕེབས་ནས་རྗེས་འཇུག་ཡོངས་ཀྱི་གཙུག་རྒྱན་དུ་བཞུགས་པར་གསོལ་འདེབས་མཛད་པ་བཞིན་དཀའ་བཅུ་བ་དར་མ་རིན་ཆེན་དགའ་ལྡན་གསེར་ཁྲིར་བཞུགས་ཤིང༌། སྐབས་དེར་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས། དཔལ་ལྡན་ཡོན་ཏན་ཚོགས་ཀྱི་བྱེད་པོ་ཡིས། ། མི་འཇིགས་སེང་གེའི་ཁྲི་ལ་དབང་བསྐུར་བ། ། རྒྱལ་བ་གཉིས་པའི་རྒྱལ་ཚབ་ཆོས་ཀྱི་རྗེ། ། མི་ཕམ་བླ་མ་གཉིས་པ་རྒྱལ་གྱུར་ཅིག། ཅེས་སོགས་ཀྱི་བསྟོད་ཚིག་གི་མེ་ཏོག་འཐོར་བར་མཛད་པ་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཅེས་པའི་ཆེ་བསྟོད་ཀྱང་དུས་དེ་ནས་བྱུང་བར་སྣང༌།

བསྐོ་བཞག་གནང་ཚུལ།
དགའ་ལྡན་ཁྲི་པ་ནི་བླ་སྤྲུལ་གཞན་ལྟར་སྐྱེ་སྤྲུལ་ངོས་འཛིན་ཞུས་ཏེ་བསྐོས་པ་ཞིག་མིན་ཞིང༌། ཁོང་རྣམས་མང་ཆེ་བ་ནི་གྲྭ་རྐྱང་གི་ཐོག་ནས་དཀའ་སྤྱད་དུ་མས་སྦྱངས་བརྩོན་མཛད་དེ་མདོ་སྔགས་གཞུང་ལུགས་ཀུན་ལ་མཁྱེན་པ་ཕུལ་དུ་ཕྱིན་ནས་ཁྲི་པར་ཕེབས་པ་མ་ཟད། ཁྲི་པ་ནི་ཞྭ་སེར་བསྟན་པ་འཛིན་ཅིང་སྤེལ་བར་མཛད་མཁན་ཡིན།

མཚན་གནས་དེར་ཕེབས་པར་ཁྱིམ་ཚང་གི་འཁོས་འབྱོར་དང༌། དབང་སྟོབས་ཆེ་ཆུང་སོགས་རིས་སུ་མ་མཆིས་པ་ནི་བོད་ཀྱི་གཏམ་དཔེ་ལའང་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་གསེར་ཁྲིར་བདག་པོ་མེད་ཅེས་བཤད་སྲོལ་ཡོད་པ་ལྟར་ཡིན། ཁོང་རྣམ་པ་ནི་གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང༌། གདན་ས་ཆེན་པོ་གསུམ་གང་རུང་ཞིག་ལ་ཆོས་གྲྭར་ཞུགས་ཏེ་མང་ཆེ་བ་ནི་མི་ལོ་ཉི་ཤུ་ཡས་མས་ཙམ་གྱི་རིང་བཤེས་གཉེན་དམ་པ་བསྟེན་ཅིང༌། གྲོགས་བློ་གསལ་རིག་པ་སྨྲ་བ་བརྒྱ་ཕྲག་དུ་མ་དང་ལྷན་ཅིག་ཏུ་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྗེས་འབྲངས་དང་བཅས་པའི་གཞུང་ལུགས་རྣམས་ཚིག་སྤྱི་དང༌། འོལ་སྤྱི་ཙམ་མ་ཡིན་པར་དྲི་མ་མེད་པའི་ལུང་དང་དངོས་སྟོབས་ཀྱི་རིགས་པའི་ལམ་ནས་དྲངས་ཏེ་རྣམ་པར་དཔྱོད་པའི་ཚུལ་ལ་གུས་སྦྱོར་དང༌། རྟག་སྦྱོར་བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་བསྟེན་ནས་སློབ་གཉེར་མཐར་ཕྱིན་པ་བྱས་པའི་འབྲས་རྟགས་སུ་སྨོན་ལམ་ཆེན་མོར་གདན་ས་གསུམ་གྱི་མཁས་པའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔའི་གྲྭ་སྐོར་དམ་བཅའ་བཞག་སྟེ་དགེ་བཤེས་ལྷ་རམས་པའི་མཚན་བཞེས་དགོས་པ་དང༌། མཚན་བཞེས་དམ་བཅའི་སྐབས་མཁས་པ་མང་པོས་གཞུང་ཆེན་རྣམས་ཀྱི་གོང་འོག་ཚིག་དོན་ལས་བརྩམས་པའི་བརྒལ་བརྟག་དང་དྲི་བ་ཇི་བྱུང་ལ་གཞུང་དོན་དང་མི་འགལ་བའི་ལན་འདེབས་ཀྱི་རྣམ་དཔྱོད་བཟང་ཞན་ཇི་བྱུང་མཚན་ཞབས་རྣམས་དང༌།མཁན་པོ་གཞུང་ལས་པ་བཅས་ནས་བརྟག་ཞིབ་དང་འབྲེལ་བློ་གྲོས་ཀྱི་སྦྱངས་རྩལ་གཟེངས་སུ་ཐོན་པ་རྣམས་ཨང་རིམ་བཀོད་དེ་ཏཱ་ལའི་བླ་མར་སྙན་འབུལ་དང་འབྲེལ་གཞུང་ས་ནས་ཨང་རིམ་ལྟར་ལེགས་སྐྱེས་གཟེངས་བསྟོད་ཐོབ་རྗེས་གཞི་ནས་སོ་སོའི་ཐོབ་ཁུངས་ལྟར་རྒྱུད་གྲྭ་སྟོད་སྨད་གང་རིགས་སུ་ཞུགས་ཏེ་ལོ་ཤས་རིང་རྒྱུད་གྲྭར་གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཀྱི་ཉམས་ལེན་གསན་འཇོག་དང་འབྲེལ་རྒྱུད་གྲྭའི་གསང་སྔགས་ཀྱི་རྩོད་རྒྱུགས་དང༌། དམ་བཅའི་ཨང་རིམ་དང་གཉིས་ཐོབ་པའི་རྗེས་རྒྱུད་གྲྭའི་དགེ་བསྐོས་ཟླ་བ་བཞི་དང༌། དེ་ནས་ལོ་ཤས་རྗེས་བསྐོ་གཞག་བྱུང་མཚམས་བླ་མ་དབུ་མཛད་ལོ་གསུམ། མཁན་པོ་ལོ་གསུམ་བཅས་གནང་ནས་མཁན་ཟུར་ལོ་གང་ཙམ་བཞུགས་མཐར་མཁན་ཟུར་བགྲེས་པ་དེ་རྒྱུད་སྨད་ཡིན་ན་བྱང་རྩེ་ཆོས་རྗེ་དང༌། རྒྱུད་སྟོད་ཡིན་ན་ཤར་རྩེ་ཆོས་རྗེའི་ཁྲིར་ཕེབས་ཏེ་ལོ་བཅུ་བཞི་སོང་རྗེས་དགའ་ལྡན་གསེར་ཁྲིར་ཕེབས་དགོས། འོན་ཀྱང་རང་ཉིད་ཀྱི་གོང་དུ་ཡོད་པའི་ཁྲི་པའམ། ཤར་བྱང་ཆོས་རྗེ་ལས་ཐོག་ཏུ་སྐུ་གཤེགས་པ་ཡིན་ན་ལོ་ཚད་གོང་གསལ་ལྟར་འགོར་གྱི་མེད།

དགའ་ལྡན་ཁྲི་འཛིན་ལོ་གཏན་ལ་ཕབ་པ།
དགའ་ལྡན་ཁྲི་པ་ཕལ་ཆེར་གསེར་ཁྲིར་ཕེབས་སྐབས་དགུང་ལོ་དྲུག་ཅུ་བདུན་ཅུར་ཕེབས་ཀྱི་ཡོད་ལ། ཆོས་ཕྱོགས་ཀྱི་ཡོན་ཏན་ནི་མདོ་སྔགས་ཀྱི་གཞུང་ལུགས་དང༌། ལག་ལེན་ཀུན་ལ་མཁས་པའི་མཐར་སོན་པ་ཤ་སྟག་ཡིན། ཁྲི་ཐོག་སོ་ལྔ་པ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་བར་ཁྲི་བཞུགས་ལོ་ཚད་གཏན་འཁེལ་མེད་ཀྱང༌། ཁྲི་ཐོག་སོ་དྲུག་པ་ཀོང་པོ་བསྟན་འཛིན་ལེགས་བཤད་ཀྱི་རྗེས་སུ་དགའ་ལྡན་ཁྲི་འཛིན་ལོ་བདུན་རེ་ཡིན་པར་སྡེ་པ་གཙང་པས་གཏན་ལ་ཕབ།
དགའ་ལྡན་ཕོ་བྲང་པའི་དབང་བསྒྱུར་སྐབས་ཀྱང་དེ་དོན་སོར་གནས་ཐོག་དགའ་ལྡན་ཁྲི་པར་ཆེ་བསྟོད་དང༌། བདག་རྐྱེན་སྔར་ལས་ལྷག་པ་ཞུས་ཏེ་ཁྲི་པའི་ཐོབ་ཐང་འགན་དབང་གཏན་འཁེལ་གྱི་ཡིག་ལམ་དུ་འཁོད་པ་བྱུང༌།དགའ་ལྡན་ཁྲི་པ་དང༌། ཤར་བྱང་ཆོས་རྗེ་རྣམ་གཉིས་དབྱར་ཆོས་སོགས་ཀྱི་སྐབས་མ་གཏོགས་རྒྱུན་གཏན་ལྷ་སར་བཞུགས་ཤིང༌། ཁྲི་པ་གོང་མ་དེ་ཁྲི་ལོ་གཙང་ནས་དགོངས་ཞུ་མཛད་པའམ། ཡང་ན་ཁྲི་པ་ལས་ཐོག་ཏུ་སྐུ་གཤེགས་པ་བྱུང་ཚེ་ཤར་རྩེ་དང༌། བྱང་རྩེའི་ཆོས་རྗེ་ཁྲི་པར་ཕེབས་རེས་སུ་འཁེལ་བ་དེར་ཁྲི་པའི་འགན་བཞེས་དགོས་པའི་ཏཱ་ལའི་བླ་མའི་བཀའ་ཡིག་དེ་རྩེ་འགག་ནས་དགའ་ལྡན་ཁྲི་ཐོག་ཁང་གི་མཛོད་པར་གཏོང་བ་དང༌། ཚེས་ཆ་བཟང་བ་ཞིག་ལ་ཁྲི་ཐོག་ཁང་གི་མཛོད་པ་དང༌། དགའ་ལྡན་བླ་སྤྱིའི་འཐུས་མི་བཅས་ཁྲི་པ་གསར་པའི་སར་བཅར་ནས་ཏཱ་ལའི་བླ་མའི་བཀའ་དེ་བརྒྱུད་ཞུ་དང་སྦྲགས་མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་གང་མགྱོགས་གསེར་ཁྲིར་ཞབས་སོར་འཁོད་པ་དང༌། སྐུ་ཚེ་མཛད་འཕྲིན་རྒྱས་པ་སོགས་ཀྱི་ཞུ་བསྐུལ་བྱས་པ་བཞིན་ཁྲི་པ་གསར་པ་དེས་ཚེས་ཆ་སྟབས་བསྟུན་གྱིས་ལྷ་ས་ནས་ཕེབས་ཐོན་དང༌། གསེར་ཁྲིར་བཞུགས་རྒྱུའི་དུས་ཚོད་གཏན་འཁེལ་གནང་བ་ལྟར་ཁྲི་པའི་སྣེ་ཤན(རྒྱུས་མངའ་བྱེད་མཁན)རྩེ་དྲུང་དཀྱུས་མ་ཞིག་ཡོད་པ་དེས་རྩེ་འགག་ཏུ་ཁྲི་པ་ལྷ་ས་ནས་ཕེབས་ཐོན་དང༌། ཁྲི་བཞུགས་དུས་ཚོད་སྙན་སེང་དང་འབྲེལ་རྩེའི་སྐུ་ཚབ(ཏཱ་ལའི་བླ་མའི་སྐུ་ཚབ)དང་ཆིབས་ཞབས་དྲུང་རིགས་སེར་སྐྱར་བརྡ་ཐོ་ཡོང་བ་ཞེས་ཞུས་རྗེས་རྩེ་གསོལ་ཐབ་ཏུ་གསོལ་ཇ་དང༌། དཀར་སྤྲོ་སོགས་ཀྱི་སྙན་སེང་ཞུ་དགོས།

ཆིབས་བསུའི་ཆོ་ག
རྩེ་འགག་ནས་རྩེའི་སྐུ་ཚབ་རྩེ་མགྲོན(རིམ་པ་ལྔ་པའི་དཔོན་རིགས་སེར་མོ་བ)ཞིག་དང་ཆིབས་ཞབས་རྩེ་དྲུང་དཀྱུས་མ་བཅུ་དང༌། བཀའ་ཤག་ནས་ཤོད་དྲུང་དཀྱུས་མ་བཅུར་བརྡ་ཐོ་བཏང་བ་ལྟར་ཁྲི་པ་ལྷ་ས་ནས་ཕེབས་ཁར་དེ་རྣམས་ཁྲི་པའི་བཞུགས་གནས་སུ་འབྱོར་བ་བྱས་ཏེ་རྩེ་དྲུང་རྣམས་ནས་འཕྱ་གྲུ་འཕྱ་སྟོད་གྱོན་པ་དང༌། དབྱར་ཁ་ཞྭ་དཀར་དང༌། དགུན་ཁ་སྒར་སྤུག་གྱོན་པ། ཤོད་དྲུང་རྣམས་རྒྱ་ལུ་ཆས་གྱོན། ཁྲི་པ་དེ་གྲྭ་ས་གང་ནས་ཡིན་ཡང་དེའི་གྲྭ་ཚང་དང༌། ཁང་ཚན་གྱི་ལས་སྣེ། དགའ་ལྡན་བླ་སྤྱིའི་འཐུས་མི། ཁྲི་ཐོག་ཁང་གི་མཛོད་པ། དགའ་ལྡན་གྱི་ཐོབ་ཁུངས་གྲྭ་ཚང་ཁང་ཚན་གྱི་ལས་སྣེ། ཁྲི་པ་སྒེར་གྱི་ཕྱག་མཛོད་དང༌། གསོལ་གཟིམ་བཅས་གཟབ་མཆོར་གང་ལེགས་ཐོག་དབུ་གདུགས་པས་དབུ་གདུགས་འཛིན་པ(གསོལ་ཐབ་པ་དང་དབུ་གདུགས་པ་རྨེ་རུ་དགོན་ནས་འཛུགས་དགོས)སོགས་ཆིབས་ཧྲག་གཟབ་རྒྱས་དང་བཅས་དགའ་ལྡན་དུ་ཕེབས་ཐོན་གྱིས་ལྷ་སའི་ཤར་ངོས་ཆབ་རྫིང་གླིང་ཀའི་བྱང་དུ་ཡོད་པའི་ཐང་སྡེར(དེང་སང་ཝ་པ་གླིང་སྣེ་འཛོམས་ཐོག་བརྩེགས་ཚོང་ཁང་ངམ་ཕྲེང་རིང་ཚོང་ཁང་ཡོད་ས)དེར་གཞུང་གི་ཐབ་སྐྱེལ་དབུ་གུར་དུ་ཕེབས་ནས་རྩེ་གསོལ་ཐབ་ནས་གསོལ་ཇ་ཇ་ཞུ་དང་དཀར་སྤྲོ་ཕེབས།

དེ་ནས་ཕེབས་སྐྱེལ་ཆིབས་ཞབས་རྣམས་ལ་མཇལ་ཁ་གནང་རྗེས་ཁོང་རྣམས་རང་གནས་སུ་ཕྱིར་ཕེབས། ཁྲི་པ་སྐུ་འཁོར་དང༌། རྩེའི་སྐུ་ཚབ། སྣེ་ཤན་རྩེ་དྲུང༌། དགའ་ལྡན་གྱི་ལས་སྣེ་བཅས་ལྷ་གདོང་ཤན་ཁའི་ཀོ་གྲུ་དོན་ཏེ་དོ་ནུབ་བདེ་ཆེན་གསང་སྔགས་མཁར་དུ་ཕེབས་སྐབས་དེ་གའི་བླ་མ་ལས་སྣེ་དང༌། གྲྭ་དམངས་ནས་འཚམས་ཞུ་དང་སེར་སྦྲེངས་ཞུས་ཏེ་དོ་ནུབ་དེ་གར་བཞུགས་ཞག་མཛད། ཕྱི་ཉིན་སྔ་དྲོ་ཕེབས་ཐོན་གྱིས་གཙང་རྟོགས་གཞིས་ཀར་བཞུགས་ཞག་མཛད་པ་དང་སྣེ་ཤན་རྩེ་དྲུང་དང༌། ཁྲི་ཕྱག་སོགས་ནས་སྤོས་སྣེ་ཞུས་ཏེ་ཁྲི་པའི་བཞུགས་གདིང་དེ་སྤོམ་འབོར་ཚང་དུ་ཡོད་པའི་རྗེ་རིན་པོ་ཆེའི་བཞུགས་ཁྲིའི་སྟེང་དུ་སྒྲོན་པའི་མཛད་སྒོའི་སར་རྩེའི་སྐུ་ཚབ་ཀྱང་ཕེབས་ཀྱི་ཡོད།
དེའི་སང་ཉིན་ཁྲི་པ་སྐུ་འཁོར་ཆིབས་ཧྲག་དང་བཅས་སྤོམ་འབོར་ཚང་དུ་ཕེབས་ནས་དེ་གར་རྗེ་ཙོང་ཁ་པས་གསོལ་ཞིབ་འཐག་པར་མཛད་པའི་རང་འཐག་ཆུང་ངུ་ཞིག་ཡོད་པ་དེར་ཁྲི་པ་རིམ་བྱུང་གིས་སྒྲིལ་རྫས་གོས་འབོག་རེ་ཕུལ་བ་དང༌། ཕྱི་སྒྲིལ་ཐོག་དམ་ཕྲུག་ཡོད་པར་རྩེའི་སྐུ་ཚབ་དང༌། དགའ་ལྡན་ཁྲི་པ། བླ་སྤྱི་བཅས་ཀྱིས་དམ་ཕྲུག་ལ་གཟིགས་ཞིབ་གནང་རྗེས་སྒྲིལ་རྫས་བཤིག་སྟེ་སྔོན་ནས་གྲ་སྒྲིག་ཟིན་པའི་གོས་ཆེན་གྱི་ཚོགས་ཁུག་གཅིག་གི་ནང་ཡོས་སྤུས་ལེགས་གང་ཡོད་པ་དེ་ཁྲི་པ་རང་གིས་འཐག་པར་མཛད།

གསོལ་ཞིབ་ཞིབ་རྩིང་ལ་ཁྲི་པའི་སྐུ་ཚེ་མཛད་པ་ལེགས་ཉེས་བརྟག་དཔྱད་བྱེད་སྲོལ་ལྟར་རྩེའི་སྐུ་ཚབ་ནས་གསོལ་ཞིབ་ཚོགས་ཁུག་དེ་སྙན་ཞུ་དང་བཅས་ཏཱ་ལའི་བླ་མར་འབུལ་དགོས། མཛད་སྒོ་དེ་གྲུབ་མཚམས་རང་འཐག་ལ་སྒྲིལ་རྫས་གསར་འབུལ་ཐོག་དམ་ཕྲུག་བརྒྱབ་ནས་ཁྲི་པ་སྐུ་འཁོར་ཆིབས་ཧྲག་དང་བཅས་དགའ་ལྡན་དུ་ཕེབས་པའི་ལམ་ཤོམ་ལྤགས་ཐང་དུ་དགའ་ལྡན་བླ་སྤྱིའི་ཐབ་བསུའི་དབུ་གུར་དུ་ཕེབས་ནས་གསོལ་ཇ་བཞེས་འབྲས་བཏེགས་འབུལ་རྗེས་བླ་སྤྲུལ་ལས་སྣེའི་ཆིབས་ཧྲག་རྒྱས་གཤོམ་གྱི་ངང་དགའ་ལྡན་དགོན་པར་ཆིབས་བསྒྱུར་གནང་སྐབས་སེར་སྦྲེངས་དང་དུང་རྒྱའི་སྤྱན་འདྲེན་གཟབ་རྒྱས་ངང་དགོན་པའི་མདུན་གྱི་ཁྲོམ་ཁར་ཕེབས་མཚམས་ཆིབས་ལས་བཤོལ་ཏེ་ཏཱ་ལའི་བླ་མ་དང་དགའ་ལྡན་ཁྲི་པ་སོ་སོས་སྐུ་ཕྱག་གནང་ས་ཕྱག་སྟེགས་གཉིས་ཡོད་པ་ལས་ཁྲི་པའི་ཕྱག་སྟེགས་སྟེང་ནས་དགོན་པར་སྐུ་ཕྱག་གསུམ་གནང་རྗེས་སྤོས་སྣེ་ཕེབས་བསུ་དང་བཅས་ཐོབ་ཁུངས་ཁང་ཚན་དེར་བཞུགས་གནས་མཛད།
གསེར་ཁྲིར་དངོས་སུ་ཕེབས་རྒྱུའི་སྔ་ཉིན་དུ་སྣེ་ཤན་རྩེ་དྲུང་དང༌། ཁྲི་ཐོག་ཁང་གི་མཛོད་པ། བླ་སྤྱི། གྲྭ་ཚང༌། ཁང་ཚན་གྱི་ལས་སྣེ་བཅས་ནས་སྤོས་སྣེ་དང་སྦྲགས་ཁྲི་པའི་བཞུགས་གདིང་གསེར་ཁྲི་ཁང་དུ་གདན་ཞུས་ཐོག་གསེར་ཁྲིའི་སྟེང་སྒྲོན་ནས་ཕྱི་ཉིན་ཞོགས་པ་སྔ་པོ་རྩེའི་སྐུ་ཚབ་སོགས་ནས་བཞུགས་གདིང་ལྷུང་བ་དང༌།

སྒྲིལ་བ་སོགས་ཡོད་མེད་བརྟག་དཔྱད་ཀྱིས་ཏཱ་ལའི་བླ་མར་སྙན་ཞུ་འབུལ་དགོས(བཞུགས་གདིང་ཁྲི་ཐོག་ནས་ལྷུང་བ་དང༌། སྒྲིལ་བ་སོགས་བྱུང་ན་ཁྲི་པ་དེའི་སྐུ་ཚེའི་མཛད་པ་མཐའ་མི་འཁྱོལ་བའི་ངན་རྟགས་སུ་གྲགས)དེ་ཉིན་ཁྲི་པ་སྐུ་སྒེར་ནས་ཚོགས་ཆེན་དུ་མང་ཇ་དང༌། སྐུ་འགྱེད་གཟབ་རྒྱས་ཐོག་ཉི་མ་རི་རྩེར་ཤར་བ་དང་བསྟུན་སྣེ་ཤན་རྩེ་དྲུང་དང༌། བླ་སྤྱི། ཁྲི་ཕྱག  དེ་མིན་བླ་སྤྲུལ་ལས་སྣེ་བཅས་ནས་སྤོས་སྣེ་དང༌། སེར་སྦྲེངས་བཅས་གསེར་ཁྲི་ཁང་དུ་ཕེབས་ཏེ་གསེར་ཁྲིར་ཞབས་སོར་འཁོད།

རྩེའི་སྐུ་ཚབ་ཀྱང་མཛད་སྒོར་ཞུགས་ཐོག་ཚོགས་ཆེན་དབུ་མཛད་ཀྱིས་དབུ་སྐུལ་བཞིན་མཎྜལ་རྒྱས་པ་འབུལ་བ་དང༌། མཁན་པོ་བགྲེས་པ་དེས་མཎྜལ་བཤད་པ་ཕུལ། རྩེའི་སྐུ་ཚབ་ཀྱིས་ཕྱག་སྲུང་དང༌། མཇལ་དར་གནང་ཆ་རྣམས་ཕུལ་རྗེས་བླ་སྤྱིས་མཎྜལ་རྟེན་གསུམ་ཕུལ། ཁྲི་ཕེབས་མཛད་སྒོ་གྲུབ་རྗེས་ཁྲི་པའི་བཞུགས་གནས་ཁྲི་ཐོག་ཁང་དུ་ཕེབས་ནས་གཏན་བཞུགས་མཛད། དེ་ཉིན་ད་དུང་ཐོབ་ཁུངས་གྲྭ་ཚང་དང༌། ཁང་ཚན་ལ་ཡང་གསོལ་ཇ་དང་སྐུ་འགྱེད་གནང་སྲོལ་ཡོད།

ཤར་བྱང་ཆོས་རྗེ་སུ་ཁྲི་པར་ཕེབས་རྗེས་རྒྱུད་གྲྭ་སྟོད་སྨད་ཀྱི་མཁན་ཟུར་བགྲེས་པ་དེར་རྩེ་འགག་ནས་ཆོས་རྗེ་གསར་པའི་བཀའ་བསྒྱུར་ཐོག་ཚེས་ཆ་སྟབས་བསྟུན་གྱིས་ཏཱ་ལའི་བླ་མར་བཀའ་བསྒྱུར་མཇལ་དར་ཕུལ་རྗེས་དགའ་ལྡན་དུ་ཕེབས་ཐོན་གྱིས་ཆོས་རྗེའི་ཁྲིར་ཕེབས་ཀྱི་མཛད་སྒོ་གནང་སྐབས་ཤར་བྱང་གྲྭ་ཚང་གང་ཡིན་དེར་གཏོང་སྒོ་གནང་སྲོལ་བཅས་ཡོད།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།