中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > གཞན་དག >
༄༅།།མཆོད་པ་རྣམ་ལྔ་ཕུལ་བའི་ཕན་ཡོན།
དུས་ཚོད།2019-04-04 15:31:01     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།    ཆུང་། | འབྲིང་། | ཆེ།
ཨེ་མ་ཧོ། ཁྱབ་བདལ་བདེ་ཆེན་འགྱུར་མེད་གཞལ་ཡས་ན།། མ་རིག་བློ་ཡི་མུན་སེལ་སྒྲོན་མེའི་མཆོག།

ཉོན་མོངས་ནད་སེལ་འཕྲུལ་ངག་བདུད་རྩིའི་སྨན།།

འཁོར་བའི་འདམ་སྐམ་ཡེ་ཤེས་ཉི་འོད་ཆེ།།

རིགས་དྲུག་བདེར་འགོད་ཨུད་འབར་རྒྱན་གཅིག་པོ།། དགོས་འདོད་ལྷུན་གྲུབ་ནོར་བུ་རིན་པོ་ཆེ།།

ས་དགུའི་དོང་སྤྲུག་ཐེག་དགུའི་བོན་སྟོན་པའི།།

དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད།།

རྗེ་གཅིག་སྟོན་པའི་སྐུ་ལ་གུས་པས་བསྟོད།།

ན་མོ་བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས།།

མར་མེའི་མཆོད་པ་ཕུལ་བའི་ཡོན་ཏན་གྱིས།།

དམྱལ་བ་ཚ་གྲང་འཁོར་བ་སྡོངས་ནས་ཀྱང་།།

དེ་བཞིན་རིགས་ཀྱི་ཞིང་དུ་སྐྱེ་བར་ཤོག།

ཉོན་མོངས་ཞེ་སྡང་རང་སར་གྲོལ་ནས་ཀྱང་།།

གཤེན་ལྷ་འོད་དཀར་སྐུ་རུ་གྱུར་བར་ཤོག།

མ་རིག་འཁྲུལ་བའི་བདུད་ཆེན་ཞི་ནས་ཀྱང་།།

ཀུན་སྣང་ཁྱབ་པའི་སྐུ་རུ་གྲོལ་བར་ཤོག།

རྣམ་ཤེས་ཕུང་པོ་རང་སར་གྲོལ་ནས་ཀྱང་།།

གཙོ་མཆོག་མཁའ་འགྱིང་སྐུ་རུ་འགྱུར་བར་ཤོག།

བསད་བཅད་ལས་ཀྱི་བག་ཆགས་བྱང་ནས་ཀྱང་།།

མི་འགྱུར་བོན་གྱི་སྐུ་རུ་འགྱུར་བར་ཤོག།

འོད་ཟེར་དཀར་པོའི་གཟུང་འཛིན་དག་ནས་ཀྱང་།།

སྟོང་ཉིད་ཡེ་ཤེས་ཕྱོགས་མེད་རྒྱས་པར་ཤོག།




སྤོས་དྲིའི་མཆོད་པ་ཕུལ་བའི་ཡོན་ཏན་གྱིས།།

ཡི་དྭགས་བཀྲེས་སྐོམ་འཁོར་བ་སྡོངས་ནས་ཀྱང་།།

པད་མ་རིགས་ཀྱི་ཞིང་དུ་སྐྱེ་བར་ཤོག།

ཉོན་མོངས་འདོད་ཆགས་རང་སར་དག་ནས་ཀྱང་།།

གནམ་གསས་དབྱིངས་རུམ་སྐུ་རུ་གྲོལ་བར་ཤོག།

ཆགས་འཁོར་ཉོན་མོངས་བདུད་ཆེན་ཞི་ནས་ཀྱང་།།

བྱེ་བྲག་དངོས་མེད་ཡབ་ཡུམ་སྐུ་རུ་གྲོལ་བར་ཤོག།

ཚོར་བའི་ཕུང་པོ་རང་སར་གྲོལ་ནས་ཀྱང་།།

དབལ་གསས་མཁའ་འགྱིང་ཡབ་ཡུམ་སྐུ་རུ་གྲོལ་བར་ཤོག། སེར་སྣ་ལས་ཀྱི་བག་ཆགས་བྱང་ནས་ཀྱང་།།

ངོ་བོ་ཉིད་ཀྱི་སྐུ་རུ་གྲོལ་བར་ཤོག།

འོད་ཟེར་དམར་པོའི་གཟུང་འཛིན་དག་ནས་ཀྱང་།།

སོ་སོར་ཡེ་ཤེས་མ་འགག་འཆར་བར་ཤོག།




ཚན་ཆབ་མཆོད་པ་ཕུལ་བའི་ཡོན་ཏན་གྱིས།།

བྱོལ་སོང་གླེན་ལྐུགས་འཁོར་བ་སྡོངས་ནས་ཀྱང་།།

གཡུང་དྲུང་རིགས་ཀྱི་ཞིང་དུ་སྐྱེ་བར་ཤོག།

ཉོན་མོངས་གཏི་མུག་རང་སར་གྲོལ་ནས་ཀྱང་།།

གསས་རྗེ་མང་པོའི་སྐུ་རུ་གྲོལ་བར་ཤོག།

སྒྱུ་མ་གཟུགས་བརྙན་བདུད་ཆེན་ཞི་ནས་ཀྱང་།།

གསལ་བ་རང་འབྱུང་སྐུ་རུ་གྲོལ་བར་ཤོག།

གཟུགས་ཀྱི་ཕུང་པོ་རང་སར་གྲོལ་ནས་ཀྱང་།།

ཁྲོ་གསས་མཁའ་འགྱིང་ཡབ་ཡུམ་སྐུ་རུ་གྲོལ་བར་ཤོག།  བཀོལ་སྤྱད་ལས་ཀྱི་བག་ཆགས་བྱང་ནས་ཀྱང་།།

ལོངས་སྤྱོད་རྫོགས་པའི་སྐུ་རུ་གྲོལ་བར་ཤོག།

འོད་ཟེར་སེར་པོའི་གཟུང་འཛིན་དག་ནས་ཀྱང་།།

མེ་ལོང་ཡེ་ཤེས་སྒྲིབ་མེད་གསལ་བར་ཤོག།




ལྷ་སངས་མཆོད་པ་ཕུལ་བའི་ཡོན་ཏན་གྱིས།།

མི་རྣམས་བྲེལ་ཕོངས་འཁོར་བ་སྡོངས་ནས་ཀྱང་།།

རིན་ཆེན་རིགས་ཀྱི་ཞིང་དུ་སྐྱེ་བར་ཤོག།

ཉོན་མོངས་ཕྲག་དོག་རང་སར་གྲོལ་ནས་ཀྱང་།།

རྒོད་གསས་ཁམས་པའི་སྐུ་རུ་འགྱུར་བར་ཤོག།

ཕུང་པོ་ལུས་ལེན་བདུད་ཆེན་ཞི་ནས་ཀྱང་།།

དགའ་བ་དོན་འགྲུབ་སྐུ་རུ་གྲོལ་བར་ཤོག།

འདུ་ཤེས་ཕུང་པོ་རང་སར་གྲོལ་ནས་ཀྱང་།།

གཏུམ་གསས་མཁའ་འགྱིང་སྐུ་རུ་གྲོལ་བར་ཤོག།

རུ་ཏྲ་ལས་ཀྱི་བག་ཆགས་བྱང་ནས་ཀྱང་།།

མངོན་པར་བྱང་ཆུབ་སྐུ་རུ་གྲོལ་བར་ཤོག།

འོད་ཟེར་སྔོན་པོའི་གཟུང་འཛིན་གྲོལ་ནས་ཀྱང་།།

ནན་ཏན་ཡེ་ཤེས་བྱར་མེད་གནས་པར་ཤོག།




མེ་ཏོག་མཆོད་པ་ཕུལ་བའི་ཡོན་ཡན་གྱིས།།

ལྷ་མིན་འཐབ་རྩོད་འཁོར་བ་སྡོངས་ནས་ཀྱང་།།

འཁོར་ལོ་རིགས་ཀྱི་ཞིང་དུ་སྐྱེ་བར་ཤོག།

ཉོན་མོངས་ང་རྒྱལ་རང་སར་དག་ནས་ཀྱང་།།

གར་གསས་བཙན་པོའི་སྐུ་རུ་འགྱུར་བར་ཤོག།

འཆི་བདག་ལས་ཀྱི་བདུད་ཆེན་ཞི་ནས་ཀྱང་།།

དགེ་ལྷ་གར་ཕྱུག་སྐུ་རུ་གྲོལ་བར་ཤོག།

འདུ་བྱེད་ཕུང་པོ་རང་སར་གྲོལ་ནས་ཀྱང་།།

རྔམ་གསས་མཁའ་འགྱིང་སྐུ་རུ་གྲོལ་བར་ཤོག།

འཐབ་རྩོད་ལས་ཀྱི་བག་ཆགས་བྱང་ནས་ཀྱང་།།

ཅིར་ཡང་སྤྲུལ་བའི་སྐུ་རུ་འགྱུར་བར་ཤོག།

འོད་ཟེར་ལྗང་ཁུའི་གཟུང་འཛིན་དག་ནས་ཀྱང་།།

མཉམ་ཉིད་ཡེ་ཤེས་ངང་ལ་གནས་པར་ཤོག།




གཞན་ཡང་མཆོད་པ་འབུལ་བའི་ཚོགས་རྣམས་ནི།། གཟུགས་སྒྲ་དྲི་རོ་རེག་བརྒྱན་བོན་གཏེར་དང་།།

བླ་བྲེ་འཕན་གདུགས་དར་དཔྱངས་ན་བཟའ་དང་།།

གར་དང་རོལ་མོ་བདའ་དགུའི་ཞལ་ཟས་དང་།།

བཀྲ་ཤིས་རྫས་བརྒྱད་རིན་ཆེན་ནོར་བདུན་དང་།།

དངོས་འབྱོར་ཡིད་སྤྲུལ་མཆོད་པ་ཕུལ་བ་ཡིས།།

ཕམ་ལྟུང་ལྷ་དང་བར་དོའི་སེམས་ཅན་རྣམས།།

མ་རིག་མུན་སེལ་མུན་པ་སངས་ནས་ཀྱང་།།

རང་རིག་ཡེ་ཤེས་སྒྲིབ་མེད་གསལ་བར་ཤོག།

སྒྲ་འོད་ཟེར་གསུམ་དངོས་འཛིན་སྡོངས་ནས་ཀྱང་།།

སྐུ་གསུང་ཐུགས་གསུམ་ལྷུན་གྱིས་འགྲུབ་པར་ཤོག།

མཚན་མ་ཡིད་ཀྱི་སྤྲོས་པ་ཆོད་ནས་ཀྱང་།།

ཡེངས་མེད་མི་འགྱུར་གདེང་དང་ལྡན་པར་ཤོག།

ཉོན་མོངས་བློ་ཡི་འཛིན་རྒྱ་རལ་ནས་ཀྱང་།།

ཁྱབ་བདལ་བདེ་ཆེན་བོན་དབྱིངས་མཆོག་ཐོབ་ཤོག།

རྣམ་རྟོག་འཁྲུལ་བའི་ཐ་རམ་གྲོལ་ནས་ཀྱང་།།

ཟག་མེད་ཡེ་ཤེས་ཕྱོགས་མེད་རྒྱས་པར་ཤོག།

ཚོགས་དྲུག་ཡུལ་གྱི་གཟུང་འཛིན་དག་ནས་ཀྱང་།།

མཐའ་བྲལ་སྐྱེ་མེད་དབྱིངས་སུ་སངས་རྒྱས་ཤོག།

བདག་གི་སེམས་བསྐྱེད་རྣམ་དག་དྲི་མེད་འདིར།།

ནམ་མཁས་ཁྱབ་པའི་འགྲོ་དྲུག་མ་ལུས་ཀུན།།

དངོས་སུ་བདག་གི་མཚན་མ་རང་དག་སྟེ།།

བྱར་མེད་བརྗོད་མེད་གཡོ་མེད་དང་།།

དངོས་མེད་སྒྲིབ་མེད་སྐྱེ་མེད་དོན་མཐོང་སྟེ།།

རེ་མེད་དོགས་མེད་གཉིས་མེད་བདེ་ཐོབ་ནས།།

ང་མེད་བདག་མེད་བོན་ཉིད་དབྱིངས་ཕྱིན་ཏེ།།

འཁོར་བ་དོང་སྤྲུག་བོན་ཉིད་དབྱིངས་རྫོགས་ཤོག།

ཅེས་རྣམ་ལྔའི་སྨོན་ལམ་རྫོགས་སོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།