中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > གཞན་དག >
༄༅།།བསམ་ཡས་ཅོང་གི་ངོ་སྤྲོད།
དུས་ཚོད།2019-05-09 15:38:06     རྩོམ་གྱི་ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ།    ཆུང་། | འབྲིང་། | ཆེ།
     གནའ་བོའི་ལོ་རྒྱུས་ཞིབ་འཇུག་ལ་མེད་ཐབས་མེད་པའི་རྒྱུ་ཆ་ནི་ད་ཡོད་ཀྱི་རིག་དངོས་ཁག་སྟེ། དེ་ལས་ཀྱང་བཙན་པོའི་སྐབས་སུ་བཞེངས་པའི་རྡོ་རིང་དང་། ཅོང་ངམ་དྲིལ་བུའི་ཁ་བྱང་སོགས་ནི་མི་ལོ་སྟོང་ལྷག་ལ་བཅོས་སླད་མཁན་གྱི་ལག་པས་མ་རེག་པའི་སྐབས་དེའི་བོད་ཀྱི་སྤྱི་ཚོགས་དང་། རིག་གནས། ལོ་རྒྱུས་སོགས་གནས་ཚུལ་ཁག་མཐོང་བྱེད་ཀྱི་མེ་ལོང་ཞིག་ཡིན།
     བོད་ཡུལ་དུ་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་རྡོ་རིང་དང་།ཡིག་རྙིང་། ཅོང་རྙིང་སོགས་མང་ཙམ་ཉམ་ཉེས་མ་ཤོར་བར་ཡོད་ཅིང་། དེ་དག་ལ་སྒྱུ་རྩལ་དང་།རྩོམ་རིག བརྡ་སྤྲོད། ལོ་རྒྱུས་སོགས་ཀྱི་རིན་ཐང་བླ་ན་མེད་པ་ལྡན།
བོད་ཀྱི་ལོ་རྒྱུས་སྨྲ་བ་དཔའ་བོ་གཙུག་ལག་ཕྲེང་བ་དང་། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ། ཨ་མདོའི་མཁས་པ་དགེ་འདུན་ཆོས་འཕེལ་སོགས་ཀྱིས་ཀྱང་བཀའ་གཙིགས་ཀྱི་རྡོ་རིང་སོགས་གནའ་བོའི་ཡིག་རྙིང་ཞིབ་དཔྱད་རྒྱུས་ལོན་དང་། སྲུང་སྐྱོབ་དཔེ་བཤུ། བདག་ཉར་དགོངས་སྐོར་སོགས་ཤིན་ཏུ་གལ་ཆེན་ཡིན་སྐོར་གྱི་དགོངས་པ་ཟབ་མོ་བཞེས་ཡོད་ལ། དེ་བཞིན་དུ་དུས་རབས་ཉི་ཤུ་པའི་སྟོད་དུ་ཕྱི་གླིང་བའི་མཁས་པ་རི་ཆར་སེན་སོགས་ཀྱིས་ཀྱང་ཡུལ་ངོས་སུ་བསྐྱོད་དེ་དཔེ་བཤུ་དང་། པར་དུ་བསྒྲོན་པ་སོགས་བྱས་ཏེ་མཐར་ཞིབ་འཇུག་དཔྱད་རྩོམ་སྤེལ་བས་ནུབ་གླིང་བོད་རིག་པའི་ཁྱབ་ཁོངས་སུ་བོད་ཀྱི་རྡོ་རིང་དང་། ཅོང་གི་ཁ་བྱང་སོགས་ནི་ཞིབ་འཇུག་གི་ལས་ཚན་གལ་ཆེན་ཞིག་ཏུ་གྱུར།

དེས་ན་དེ་རིང་བདག་གིས་བསམ་ཡས་དགོན་དུ་ད་ལྟ་ཡོད་པའི་ཅོང་ངམ་དྲིལ་བུའི་ཁ་བྱང་ངོ་སྤྲོད་མདོར་བསྡུས་ཤིག་བྱ།
   ད་ལྟ་བསམ་ཡས་དབུ་རྩེའི་གཙུག་ལག་ཁང་གི་སྒོ་འཆོར་དུ་བཀལ་ཡོད་པའི་ཅོང་ནི།དཔའ་བོ་གཙུག་ལག་ཕྲེང་བས། མཁར་བྲག་གི་ལྷ་ཁང་ནི་རྨང་ནས་བསྒྱེལ། མགྲིན་བཟང་གི་ལྷ་ཁང་ནི་བཤིག་སྟེ།།ཅོང་ནི་མཆིམས་ཕུའི་གཡའ་ལ་བསྐྱལ་ཏེ་དེ་ཉིད་ཕྱིས་བསམ་ཡས་དགེ་རྒྱས་ཀྱི་ཅོང་ལགས། ཞེས་གསུངས་པར་གཞིགས་ན་འབྲོ་བཟའ་བྱང་ཆུབ་རྗེའམ་འབྲོ་བཟའ་ཁྲི་རྒྱལ་མོ་བཙན་གྱིས་བསམ་ཡས་དགེ་རྒྱས་བྱེ་མའི་གླིང་བཞེངས་པའི་སྦྱིན་བདག་གནང་བ་དང་ཅོང་འདི་ཡང་སྐབས་དེར་དགེ་རྒྱས་བྱེ་མའི་གླིང་དུ་བཞེངས་པ་ཡིན་པར་སེམས།
     གཞན་ཆོས་འབྱུང་མཁས་དགའ་དང་། སྦ་བཞེད་སོགས་ལོ་རྒྱུས་ཁག་ལས་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་ཅོང་བརྒྱད་བཞེངས་པར་བཤད་པ་ལས།ད་ལྟ་ལུས་ཡོད་པའི་ཅོང་འདི་ནི་ནི་ཇོ་མོ་རྒྱལ་མོ་བརྩན་གྱིས་དགེ་རྒྱས་བྱེ་མའི་གླིང་དུ་ཕྱོགས་བཅུའི་དཀོན་མཆོག་གསུམ་ལ་རོལ་མོའི་མཆོད་པའི་སླད་དུ་བཞེངས་པ་ཡིན་ནོ།།

ཅོང་ངོས་སུ་བཀོད་པའི་མ་ཡིག

༄། །ཇོ་མོ་རྒྱལ་མོ་བརྩན་ཡུམ། སྲས་ཀྱྀས་ཕྱོགས་བཅུའྀ་དཀོན་མཆོག་གསུམ་ལ་མཆོད་པའྀ་སླད་དུ་ཅོང་། འདི་བགྱིས་ཏེ་དེའི་བསོད། ནམས་ཀྱྀ་སྟོབས་ཀྱྀས། ལྷ་བཙན་པོ་ཁྲྀ་སྲོང་ལྡེ། བརྩན། ། ཡབ་སྲས་སྟངས་དཔྱལ།ལ་གསུང་དབྱངས་དྲུག །ཅུ་སྒྲ་དབྱངས་དང་ལྡན་ཏེ། བླ་ན་མྱེད་པའྀ་བྱང་ཆུབ་དུ་གྲུབ་པར་སྨོནད་ཏོ། ། ཞེས་འབྱུང་བ་དང་། ཇོ་མོ་རྒྱལ་མོ་བརྩན་ཏེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྔ་ཕྱིར་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་ལས་གཅིག་ཡིན་ཞིང་། ཕྱིས་རབ་ཏུ་བྱུང་བའི་མཚན་ལ་ཇོ་བཙུན་བྱང་ཆུབ་རྗེ་ཞེས་གསོལ། རྗེས་སོར་རྒྱ་ནག་ཧ་ཤང་མ་ཧཱ་ཡ་ནའི་སློབ་མའི་གྲས་ཀྱི་ཡིན་ཞིང་། བསམ་ཡས་ཆོས་རྩོད་སྐབས་རྒྱ་ནག་ཧཱ་ཤང་གི་ཕྱོགས་གཏོགས་ཡིན་པར་ཡང་བཤད། གང་ལྟར་འདི་པ་བསམ་ཡས་ལོ་རྒྱུས་ཁྲོད་འབྱུང་མང་བའི་མི་སྣ་ཞིག་ཡིན།
     འདིར་ཅོང་གི་ཁ་བྱང་དུ“ཇོ་མོ་རྒྱལ་མོ་བརྩན་ཡུམ། སྲས”ཞེས་འབྱུང་བས་བོད་ཀྱི་ལོ་རྒྱུས་སྐོར་ལ་རྒྱུས་མངའ་ཕྲན་ཙམ་ཡོད་མཁན་ཞིག་ཡིན་ནས་བཟུང་འདི་པའི་སྲས་སུ་ཡིན་ནམ་སྙམ་པའི་དྲི་བ་ཞིག་ངང་གིས་སླེབས་ཡོང་། འོན་ཀྱང་ལོ་རྒྱུས་ཆོས་འབྱུང་ཁག་ཏུ་བཙུན་མོ་འདི་པ་ལ་བུ་མེད་ཅིང་མཐར་རབ་ཏུ་བྱུང་བ་དང་།བསམ་ཡས་དགེ་རྒྱས་གླིང་བཞེངས་པའི་སྐབས་ཀྱང་ཕ་མིང་ཐག་རིང་བ་དང་། མོ་རང་ལ་སྲས་མེད་པས་ལྷ་ཁང་ཞིག་གསོ་དང་མཆོད་འབུལ་དཀའ་བར་བསམས་ནས།རྩིག་པ་སོ་ཕག་ལ་ཞ་ཉེའི་ཆུ་སྦྱར། ཟངས་ཀྱི་ཐོག་བཀབ།མཆོད་པར་རོལ་མོའི་ཅོང་བཏགས། མར་མེར་རིན་པོ་ཆེ་མརྒད་སྐུའི་དཔྲལ་པར་བཏབ་པར་བཤད་པ་སྟེ། འདིར་དཔེ་མཚོན་ཙམ་དྲངས་ན། རྡེའུ་ཆོས་འབྱུང་ལས། “ཕྱིས་གསོ་མི་མི་ཡོང་གསུང་ནས་ལྷ་ལུགས་མ་རྩིག་པ་སོ་ཕག་ལ་ཞ་ཉེའི་ཆུས་སྦྱར།ཟངས་ཀྱི་ཐོག་བཀག རོལ་མོ་ལྕོང་བཏགས། སྣང་བར་རིན་པོ་མར་གད་ཨ་མི་དེ་བའི་དབྲལ་བར་ཕྲ་བཏབ་བོ”ཞེས་འབྱུང་བས་བསམ་ཞིབ་བྱ་དགོས་པ་ཞིག་ཡིན་ཞིང་། གལ་ཏེ་ཁོང་ལ་རྒྱལ་སྲས་ཤིག་ཡོད་ན་ཏུན་ཧོང་ཡིག་རྙིང་སོགས་ལོ་རྒྱུས་ཆོས་འབྱུང་ཁག་གང་ལ་ཡང་མི་ཐོན་པ་མི་སྲིད་སྙམ་པས་བསམ་ཞིབ་བྱ་བའི་ཡུལ་ལོ། །
                                                                                                               
                                                                                                                                                      རྩོམ་པ་པོ། ཤར་མཚམས་སྤྲིན།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།