༄༅།། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མདོར་བསྡུས་ནས་སྒོམ་ཚུལ་ཚིགས་བཅད་དུ་བསྡེབས་པ་གཅེས་འཛིན་མུན་ནག་སེལ་བའི་འོད་སྣང་ཞེས་བྱ་བ། - གཞན་དག - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > གཞན་དག >
༄༅།། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མདོར་བསྡུས་ནས་སྒོམ་ཚུལ་ཚིགས་བཅད་དུ་བསྡེབས་པ་གཅེས་འཛིན་མུན་ནག་སེལ་བའི་འོད་སྣང་ཞེས་བྱ་བ།
དུས་ཚོད།2019-12-23 10:52:13     རྩོམ་གྱི་ཡོང་ཁུངས། བཛྲ་ཚུལ་ཁྲིམས་རྒྱ་མཚོའི་འཕྲིན་སྟེགས།    ཆུང་། | འབྲིང་། | ཆེ།
                                                     ༼༡༽
       དོན་གཉིས་མཐར་ཕྱིན་སངས་རྒྱས་ཐོབ་འདོད་ན།།དོན་མེད་དོན་ལོག་ཀུན་ལས་རང་གི་སེམས།།དོན་ལྡན་ཕྱོགས་ལ་བསྐོར་ནས་སྐྱབས་འགྲོ་དང་།།སེམས་བསྐྱེད་ཚད་མེད་བཞི་ཡིས་སྔོན་འགྲོ་བྱ།།རང་གི་སྤྱི་བོར་སྣ་ཚོགས་པདྨ་དང་།།ཟླ་བའི་དཀྱིལ་འཁོར་སྟེང་དུ་རང་ཉིད་ཀྱི།།དྲིན་ཅན་རྩ་བའི་བླ་མ་མཆོག་ཉིད་དང་།།ངོ་བོ་དབྱེར་མེད་རྒྱལ་བ་ཤཱཀ་ཐུབ་ནི།།སྐུ་མདོག་གསེར་རིར་ཉི་མའི་འོད་ཟེར་གྱིས།།འཁྱུད་འདྲ་དྭངས་གསལ་ཞལ་གཅིག་ཕྱག་གཉིས་པ།།ཕྱག་གཡས་ས་གནོན་གཡོན་པ་མཉམ་བཞག་གི།ཕྱག་རྒྱའི་བདུད་རྩིས་གང་བའི་ལྷུང་བཟེད་བསྣབས།།སྐུ་ལ་ངུར་སྨུག་ཆོས་གོས་རྣམ་གསུམ་གྱིས།།མཛེས་པར་བཀླུབས་ཤིང་ཞི་ཉམས་འཛུམ་དང་བཅས།།མཚན་དཔེས་རབ་སྤྲས་འོད་ཀྱི་དཀྱིལ་འཁོར་དབུས།།ཞབས་ཟུང་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས།།སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿ་ཐུགས་ཀར།།ཧཱུཾ་གིས་མཚན་ཞིང་དེའི་འོག་ཟླ་དཀྱིལ་དབུས།།ཨ་ཡིག་གསེར་མདོག་ཅན་མཐར་མུ་ནི་༼མཆན། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡེ་སྭཱ་ཧཱ་༽སོགས།།སྔགས་ཕྲེང་སེར་བོ་འོད་ཟེར་འཕྲོ་བས་བསྐོར།།ཐུགས་ཀའི་ཧཱུཾ་དང་ཨ་ལས་འོད་འཕྲོས་པས།།རང་བཞིན་གནས་ནས་བླ་མ་ཐུབ་དབང་ལ།།བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་།།ཆོས་སྐྱོང་སྲུང་མས་བསྐོར་བ་སྤྱན་དྲངས་ཤིང་།།འགུགས་གཞུག་བཅིངས་མཉེས་བཞི་ཡི་ནུས་མཐུའི་དཔལ།།ཉེར་མཚོན་ཛ་ཧཱུཾ་བཾ་ཧོ་ཡི་གེ་བཞི།།བརྗོད་ཅིང་དྲན་པས་སྤྱི་བོའི་བླ་མ་ལ།།ཐིམ་པས་སྐྱབས་གནས་ཀུན་འདུས་་ངོ་བོར་གྱུར།།༼མཆན། ཛ་ཧཱུཾ་བཾ་ཧོ་བཞི་ནི། འགུགས་གཞུག་བཅིངས་མཉེས་བཞི་སྟེ། ཛ་ཞེས་བརྗོད་པས་མི་ཐོག་ཏུ་མི་བརྩེགས་པ་ལྟར་ལྷ་རང་གི་སྤྱི་བོར་འགུགས། ཧཱུཾ་ཞེས་བརྗོད་པས་དངུལ་ཆུ་ལ་དངུལ་ཆུ་བཅུག་པ་བཞིན་དམ་ཚིག་པ་ལ་ཞུགས། བཾ་ཞེས་བརྗོད་པས་ཆུ་ལ་ཆུ་བཞག་པ་བཞིན་དམ་ཚིག་པ་དང་དབྱེར་མེད་དུ་བཅིངས།  ཧོ་ཞེས་བརྗོད་པས་རྒྱལ་བོ་རང་གི་བློན་འབངས་རྣམས་ཀྱི་ནང་ནས་གང་ལ་ཐུགས་རྩིས་ཆེ་བ་དེའི་དབང་དུ་འགྱུར་བ་ལྟར་དགྱེས་པ་ཆེན་པོས་དམ་ཚིག་པ་དང་འབྲལ་མེད་དུ་བཞུགས་པར་བསམ་པའོ།།༽
        དེ་ནས་དེ་ཡི་མདུན་དུ་ཆོས་བརྒྱད་ཀྱི།།དྲི་མས་མ་གོས་ཀུན་སློང་གཙང་མའི་སྒོས།།ལག་ཟུང་ཐལ་མོ་སྦྱར་ཞིང་དད་གུས་བཅས།།ཞིང་དེར་ཡན་ལག་བདུན་པ་འབུལ་བ་ནི།།ཐུགས་རྗེའི་བདག་ཉིད་བླ་མ་ཐུབ་དབང་ལ།།ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ།།དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ།།ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས།།སྐྱེ་འཕགས་དགེ་རྩ་ཀུན་ལ་རྗེས་ཡི་རང་།།འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།།མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ།།དགེ་བ་འདི་ཀུན་འགྲོ་བའི་དོན་དུ་བསྔོ།།དེ་ནས་སྙིང་ཁོང་རུས་པའི་གཏིང་རིམ་ནས།།ཤེས་མཐོང་དད་པ་རྣམ་པར་དག་པའི་སྒོས།།སྐྱབས་གནས་ཀུན་འདུས་བླ་མ་ཐུབ་དབང་ལ།།གསོལ་བ་འདེབས་སོ་ཞེས་པ་ལན་གསུམ་འདོན།།བདག་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས།།ཆོས་ཀྱང་ལམ་དུ་འགྲོ་བར་བྱིན་གྱིས་རློབས།།ལམ་ལ་བར་ཆད་མེད་པར་བྱིན་གྱིས་རློབས།།མདོར་ན་ཆོས་བཞིན་སྤྱོད་པར་བྱིན་གྱིས་རློབས།།མ་དག་བློ་སྣ་འགག་པར་བྱིན་གྱིས་རློབས།།རྣམ་དག་བློ་སྣ་སྐྱེ་བར་བྱིན་གྱིས་རློབས།།ཕྱི་ནང་གསང་བའི་བར་ཆད་མ་ལུས་པ།།ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།།བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་ནི།།མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།མ་རྣམས་དོན་ཕྱིར་བླ་མ་ཐུབ་དབང་གི།གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་རློབས།།དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས།།བླ་མ་ལྷ་ལས་བདུད་རྩི་འོད་ཟེར་གྱི།།རྒྱུན་བབ་རང་གཞན་ལུས་སེམས་ལ་ཞུགས་པས།།ཕྱི་ནང་འགལ་རྐྱེན་ཐམས་ཅད་དང་བྲལ་ཞིང་།།མཐུན་རྐྱེན་ཚེ་དང་དང་བསོད་ནམས་ལུང་རྟོགས་ཀྱི།།ཡོན་ཏན་མ་ལུས་དབྱར་གྱི་ཆུ་མཚོ་དང་།།ཇི་ལྟར་ཡར་ངོའི་ཟླ་ཚེས་ཇི་བཞིན་དུ།།གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བསམ།།

                                ༼༢༽
       དེ་ལྟར་བླ་མ་ཐུབ་དབང་སྤྱི་གཙུག་ཏུ།།བཞུགས་པར་མོས་པའི་ངང་ནས་འདི་ལྟར་བསམ།།ད་རེས་བདག་གིས་དལ་འབྱོར་རྟེན་བཟང་ཐོབ།།བསྟན་དང་མཇལ་ཞིང་མཚན་ལྡན་བཤེས་ཀྱིས་སྐྱོང་།།དམ་ཆོས་བསྒྲུབ་ལ་རང་དབང་ཡོད་དུས་འདིར།།རྣམ་དག་ཆོས་ཤིག་མི་སྒྲུབ་ནམ་ཞིག་སྒྲུབ།།དེས་ན་ད་རེས་ལྷ་ཡི་བདུད་རྩི་དང་།།དམྱལ་བའི་ཁྲོ་ཆུ་གང་འདེམ་རང་ལ་རག།ཚེ་འདི་མི་རྟག་འཆི་བདག་ངེས་པར་འོང་།།ནམ་འོང་ཆ་མེད་འཆི་ཚེ་གཉེན་དང་བཤེས།།བསགས་པའི་རྒྱུ་ནོར་ལོངས་སྤྱོད་གང་ཡོད་དང་།།ལུས་ཀྱང་ཅམ་གྱིས་བཞག་ནས་གཅིག་བུར་འགྲོ།།རང་གིས་བསགས་པའི་དཀར་ནག་ལས་གཉིས་ནི།།ལུས་དང་གྲིབ་མ་ཇི་བཞིན་འགྲོགས་ནས་འོང་།།དེ་ཕྱིར་ཕྱི་མར་གར་སྐྱེ་དགེ་སྡིག་གི།།ལས་ལས་རང་ལ་འདམ་ཀའི་རང་དབང་མེད།།ལས་ཉོན་དབང་གིས་རིགས་དྲུག་གར་སྐྱེས་ཀྱང་།།སྡུག་བསྔལ་གནས་ཡིན་སུ་ལ་འགྲོགས་ན་ཡང་།།སྡུག་བསྔལ་གྲོགས་ཡིན་ཅི་ལ་ལོངས་སྤྱད་ཀྱང་།།སྡུག་བསྔལ་ཉིད་ལས་གཏན་བདེ་གང་ཡང་མེད།།དེ་ཕྱིར་ཚངས་དང་བརྒྱ་བྱིན་འཁོར་བསྒྱུར་སོགས།།སྲིད་པའི་ཕུན་ཚོགས་ཇི་མཆིས་མཐར་གཏུགས་ན།།མི་གཙང་དོང་དང་ཁྱད་པར་མི་འདུག་པས།།འདི་ལས་ཐར་འདོད་ཅིས་ཀྱང་བསྐྱེད་པ་གཅེས།།ལས་དང་ཉོན་མོངས་ཟད་པ་ཐར་བའི་བདེ།།འགྱུར་བ་མེད་ཀྱང་གཞན་དོན་ཉི་ཚེ་དང་།།རང་གི་དོན་ཡང་མ་རྫོགས་དེ་ཉིད་ཕྱིར།།དམན་པའི་ཞི་བདེ་ཙམ་གྱིས་ཡིད་མི་ཚིམ།།རང་སེམས་ལྷོད་ལ་ཕབ་ནས་ཐོག་མེད་ནས།།རང་ཉིད་གང་ནས་འོངས་པའི་བཤུལ་རིང་ལམ།།མཐའ་མེད་འཁོར་བའི་ནགས་ཀློང་འཁྱམས་པའི་ཚུལ།།དྲན་ན་འཇིགས་པའི་སྙིང་རྩ་ལྐོག་མར་ཐོན།།དེ་ལྟར་འཁོར་བ་སྡུག་བསྔལ་མཚོ་ཆེན་འདིར།།ཤུགས་དྲག་རྒྱུན་མི་འཆད་པའི་སྡུག་བསྔལ་གྱིས།།རྟག་ཏུ་གཙེ་བའང་དཔྱད་ན་མ་རྒན་རྣམས།།ཡལ་བོར་རང་ཉིད་གཅེས་པར་བཟུང་འདིས་ཕོངས།།བློ་ངན་མཚོན་འདིས་མངོན་མཐོ་ངེས་ལེགས་ཀྱི།།སྲོག་རྩ་བཅད་ཅིང་སྲིད་ཞིའི་ལེགས་ཚོགས་ཀུན།།བདག་ལས་་འཕྲོག་ནས་སྒྲེན་མོ་ལག་སྟོང་དུ།།ཡང་ཡང་བཏང་ཚུལ་བསམ་ན་ཅིས་མི་སྐྱོ།།མདོར་ན་བློ་འདིས་ཚེ་རབས་ཐོག་མེད་ནས།།བདག་གི་བདེ་ཕྲལ་མི་འདོད་སྡུག་བསྔལ་ཀུན།།ཆར་བཞིན་ཕབ་པས་ད་དུང་དགྲ་འདི་ལ།།རྒོལ་མི་ནུས་ན་མི་ཡི་དོན་གྱིས་སྟོང་།།དེས་ན་ད་ནི་བདག་གི་ལུས་དང་སྲོག །དུམ་བུ་སྟོང་དུ་སོང་ཡང་སྡང་དགྲ་འདིའི།།དབང་དུ་མི་གཏོང་སྙམ་དུ་སྙིང་ཁོང་ནས།།སོ་ཆིག་ཐམ་པ་ཅིས་ཀྱང་བྱ་བར་རན།།རང་ཉིད་ཡལ་བོར་མ་རྣམས་སྲོག་ལས་ཀྱང་།།གཅེས་པར་རིགས་ཏེ་རང་གི་ཕུན་ཚོགས་ཀྱང་།།འདི་ལས་འབྱུང་ཞིང་བདེ་ལེགས་མ་ལུས་པའི།།རྩ་བར་མདོ་རྒྱུད་གྲངས་མེད་གསུངས་ཕྱིར་རོ།།གཟུགས་བཟང་ནད་མེད་ཚེ་རིང་ལོངས་སྤྱོད་ཆེ།།མངོན་མཐོའི་བདེ་སྐྱིད་རྣམས་ཀྱང་སེམས་ཅན་ལ།།བརྡེག་འཚོག་སྲོག་གཅོད་སྤངས་ཤིང་ལོངས་སྤྱོད་རྣམས།།ཕངས་མེད་བྱིན་ལས་བྱུང་བར་བཤད་ཕྱིར་རོ།།དེ་ལྟར་བསམ་ན་མངོན་མཐོའི་བདེ་བ་དང་།།ཞི་བདེའི་ཡོན་ཏནའང་སེམས་ཅན་ལས་བྱུང་ཞིང་།།བླ་མེད་བྱང་ཆུབ་མཆོག་གི་གོ་འཕང་ཡང་།།སེམས་ཅན་གཞན་ལ་རག་ལས་ཉིད་དུ་འཁུམས།།རང་ལས་གཞན་གཅེས་འཛིན་པའི་སེམས་དེ་ལས།།གཞན་ལ་བདེ་བ་སྒྲུབ་འདོད་བྱམས་པ་དང་།།གཞན་གྱི་སྡུག་བསྔལ་སེལ་འདོད་སྙིང་རྗེ་དང་།།དེ་ལ་བརྟེན་ནས་བྱང་ཆུབ་སེམས་མཆོག་འབྱུང་།།བྱང་ཆུབ་སེམས་ལས་སྤྱོད་པ་ཕྱིན་དྲུག་སོགས།།བསོད་ནམས་ཡེ་ཤེས་ལས་བྱུང་ཚོགས་གཉིས་གསོག །སྒྲིབ་གཉིས་སྦྱངས་ཤིང་དེ་ལས་སངས་རྒྱས་པས།།དེ་ཀུན་སེམས་ཅན་གཞན་ལ་རག་ལས་འདུག།མདོར་ན་བྱང་ཆུབ་མཆོག་གི་རྒྱུ་འབྲས་ཀྱི།།ཡོན་ཏན་མ་ལུས་གཞན་གཅེས་ཉིད་ལས་བྱུང་།།དེ་ཕྱིར་བདག་ཀྱང་ད་ནས་རང་གཅེས་བློ།།དོར་ནས་གཞན་གཅེས་ཉམས་ལེན་མཐིལ་དུ་བྱ།།དེ་ལྟར་ཡང་ཡང་བསམས་ནས་དམ་བཅའ་འདི།།རང་ལུས་ཐལ་བར་བཏང་ཡང་མི་འདོར་བའི།།བློ་སྟོབས་ཤུགས་དྲག་བསྐྱེད་དེ་བྱང་ཆུབ་སེམས།།བསྒོམ་ལ་སྙིང་ནས་དགའ་བ་ཅིས་མི་བསྐྱེད།།

                             ༼༣༽
        དེ་ཕྱིར་རང་གི་ལུས་དང་ལོངས་སྤྱོད་དང་།།དགེ་རྩ་རྣམས་ནི་ཡིད་བཞིན་ནོར་བུ་ལྟའི།།དེ་གསུམ་ཉིད་དུ་བསྒྱུར་ནས་དམྱལ་བ་ཡི།།སེམས་ཅན་རེར་ཡང་ཆ་ཚང་རེ་བྱིན་པས།།དེ་དག་རྣམས་ཀྱང་མི་ལུས་དང་མཚུངས་པའི།།དམ་ཆོས་སྒྲུབ་ནུས་རྟེན་བཟང་རབ་ཐོབ་ཅིང་།།གནས་དང་ལོངས་སྤྱོད་ཆོས་མཐུན་གྲོགས་པོ་སོགས།།མཐུན་རྐྱེན་ཕུན་སུམ་ཚོགས་པ་རྙེད་པར་གྱུར།།མཚན་ལྡན་བཤེས་ཀྱིས་རྗེས་བཟུང་དེ་དག་ཀྱང་།།ཆོས་ཚུལ་ཇི་བཞིན་བསྒྲུབས་པས་སྐྱོན་བྲལ་གྱི།།སེམས་བསྐྱེད་རྒྱུད་ལ་སྐྱེས་ཤིང་ཕྱིན་དྲུག་ལ།།བསླབས་པས་ཡང་དག་ཆོས་སྐུ་བརྙེས་པར་བསམས།།དེ་བཞིན་ལུས་དང་ལོངས་སྤྱོད་དགེ་རྩ་གསུམ།།ཡིད་བཞིན་ནོར་བུ་ལྟ་བུའི་དེ་གསུམ་དུ།།བསྒྱུར་ནས་ཡི་དྭགས་དེ་བཞིན་དུད་འགྲོ་ནས།།མཐོ་རིས་ལྷ་ཡི་བར་གྱི་སེམས་ཅན་ལ།།ཆ་ཚང་རེ་རེ་བྱིན་པས་དེ་དག་ཀུན།།མི་ལུས་རིན་ཆེན་ལྟ་བུའི་བསྒྲུབ་རུང་རྟེན།།ཐོབ་ཅིང་གནས་དང་ལོངས་སྤྱོད་ཆོས་མཐུན་གྲོགས།།རྙེད་ཅིང་མཚན་ལྡན་བཤེས་ཀྱིས་ཟིན་པར་གྱུར།།དེ་དག་རྣམས་ཀྱང་བཀའ་བཞིན་ཆོས་བསྒྲུབས་པས།།བྱང་ཆུབ་སེམས་མཆོག་རྒྱུད་ལ་རབ་སྐྱེས་ཤིང་།།ཕྱིན་དྲུག་སྤྱོད་དང་ཚོགས་གཉིས་མཐར་ཕྱིན་ནས།།སེམས་རྒྱུད་ཆོས་སྐུའི་བདེ་དང་ལྡན་པར་བསམས།།སྔར་བཞིན་ལུས་དང་ལོངས་སྤྱོད་དགེ་རྩ་གསུམ།།ཡིད་བཞིན་ནོར་བུ་ལྟ་བུའི་དེ་གསུམ་དུ།།བསྒྱུར་ནས་ཉན་རང་བྱང་སེམས་ལ་ཕུལ་བས།།སྐུ་ཚེ་དེེར་ཡང་ཆོས་སྐུ་བརྙེས་པར་བསམས།།དེ་བཞིན་དེ་ལྟར་བསྒྱུར་ནས་སངས་རྒྱས་དང་།།བླ་མ་རྣམས་ལ་ཕུལ་བས་མཆོད་ཚོགས་ཀྱིས།།དགྱེས་ཤིང་ཐུགས་རྒྱུད་ཟག་མེད་བདེ་བ་ཆེས།།མཉེས་པར་གྱུར་ཅེས་མངོན་སུམ་བཞིན་དུ་བསམས།།࿉དེ་བཞིན་སེམས་ཅན་ཐམས་ཅད་གནས་པའི་གཞི།།སྣོད་ཀྱི་འཇིག་རྟེན་ལ་ཡང་བཏང་བ་ལས།།མི་བཟད་འཇིགས་རུང་ཚ་གྲང་དམྱལ་བའི་གནས།།ཡུད་ཙམ་ཉིད་ལ་ཡིད་འོང་ཉམས་དགའ་བ།།བཻཌཱུར་ས་གཞིར་གསེར་གྱི་མིག་མང་རིས།།ཉིད་དུ་བྲིས་པ་ལྗོན་ཤིང་མེ་ཏོག་ཚལ།།ཆུ་མིག་དང་ནི་འབབ་ཆུ་ལ་སོགས་ཀྱིས།།བརྒྱན་པའི་རིན་པོ་ཆེ་ཡི་ཁང་བཟང་དུ།།ལྷ་ཡི་གོས་དང་བདུད་རྩིའི་ཟས་ལ་སོགས།།ལོངས་སྤྱོད་ཕུན་སུམ་ཚོགས་དང་ལྡན་གྱུར་ཏེ།།སེམས་ཅན་ཆོས་ལ་བརྩོན་པའི་མཐུན་རྐྱེན་དང་།།བླ་མ་མཆོད་པའི་རྫས་སུ་གྱུར་བར་བསམ།།དེ་བཞིན་རང་ལུས་རིན་ཆེན་ཁང་བཟང་དུ།།ལྷ་ཡི་ཟས་གོས་ལོངས་སྤྱོད་དུ་མར་བཅས།།བསྒྱུར་ལ་གནོད་བྱེད་མི་དང་མི་མིན་ཀུན།།བྱང་ཆུབ་སེམས་མཆོག་སྟོབས་ཀྱིས་དེར་བཀུག་ནས།།དེ་དག་ཐོག་མེད་འཁོར་བར་རང་གི་མ།།བྱས་ཤིང་འཁོར་མེད་དྲིན་གྱིས་བསྐྱངས་པའི་ཚུལ།།ཡང་ཡང་བསམས་ཏེ་སྙིང་རྗེ་དུང་ངེ་བ།།བསྐྱེད་ནས་བྱང་ཆུབ་སེམས་ལ་སྦྱོང་དགོས་གསུངས།།
         གཞན་ཡང་བདག་གིས་སེམས་ཅན་འདི་རྣམས་ཀྱི།།ཤ་ཟོས་ཁྲག་འཐུང་རུས་མུར་པགས་པ་གྱོན།།བརྡེག་འཚོག་བགྱིས་པའི་ལན་ཆགས་འདེད་པའི་ཕྱིར།།ཚུར་གནོད་ཅི་བྱས་འོས་ཤིང་དྲིན་དྲན་བྱ།།དེ་ལྟའི་དྲིན་ལན་བསབ་ཕྱིར་བདག་གི་ལུས།།ལོངས་སྤྱོད་དུས་གསུམ་དགེ་རྩ་དང་བཅས་པ།།དེ་རིང་སྙིང་ནས་དྲིན་ལྡན་ཁྱེད་རྣམས་ལ།།ཡོངས་སུ་སྟེར་བའི་སེམས་ཐག་བཅད་ཟིན་པས།།ཁང་བཟང་ཟས་གོས་ལ་སོགས་རང་རང་གིས།།ཅི་འདོད་ཁྱེར་ཅིག་ལྷག་པར་ཤ་དང་ཁྲག།རུས་པགས་གང་འདོད་ཁྱེར་མཛོད་བྲེལ་ན་ནི།།རྗེན་པ་དལ་ན་བཙོས་ནས་ཟོས་ཀྱང་ཆོག།དེ་ལྟར་ལུས་དང་ལོངས་སྤྱོད་དགེ་རྩ་བཅས།།ཐམས་ཅད་ལྷུག་པར་བཏང་བས་སྡུག་བསྔལ་དང་།།དེ་རྒྱུ་དང་བཅས་བྲལ་ནས་སེམས་ཀྱི་རྒྱུད།།ཆོས་སྐུའི་བདེ་བ་མཆོག་གིས་ཚིམ་པར་བསམས།།
                              ༼༤༽
       དེ་ལྟར་བྱམས་པ་བསྒོམས་ཏེ་ལེན་པའི་སྒོས།།སྙིང་རྗེ་སྦྱོང་བའི་ཚུལ་ནི་འདི་ལྟ་སྟེ།།ཕྱི་མའང་རུང་སྟེ་དེ་རིང་ཕན་ཆད་དུ།།མྱོང་བར་འགྱུར་བའི་སྡུག་བསྔལ་རྒྱུ་དང་བཅས།།ཐམས་ཅད་ད་ལྟའི་ལུས་རྟེན་འདིར་བསྡུས་ཏེ།།རང་ཉིད་གཅེས་འཛིན་ཐོག་འདུས་སྨིན་པར་བསམ།།དམྱལ་བའི་སྡུག་བསྔལ་དེ་རྒྱུ་ཉོན་མོངས་བཅས།།ཐམས་ཅད་ཁབ་ལེན་རྡོ་ཡིས་ལྕགས་ཇི་བཞིན།།སྐྲ་ལོ་གྲི་ཡིས་བཞར་བཞིན་རང་ཉིད་ཀྱི།།སྙིང་གི་དཀྱིལ་དུ་ནག་ཕུང་ངེར་འདུས་ཤིང་།།གཅེས་འཛིན་ཐོག་ཏུ་སྨིན་ནས་ཟད་པ་ལས།།དེ་ཀུན་སྡུག་བསྔལ་རྒྱུ་བཅས་བྲལ་བར་བསྒོམ།།དེ་ནས་རིམ་བཞིན་ཡི་དྭགས་དུད་འགྲོ་དང་།།མི་དང་ལྷ་མིན་ལྷ་དང་བཅས་པ་ཀུན།།རང་རང་ལས་ཀྱིས་བསྐྱེད་པའི་སྡུག་བསྔལ་དང་།།དེ་རྒྱུ་ཉོན་མོངས་འཆིང་བས་ལྷོད་པར་བསམ།།དེ་བཞིན་ཉན་རང་བྱང་སེམས་དང་བཅས་པའི།།ཐུགས་ཀྱི་རྒྱུད་ལ་གང་མཆིས་སྤང་བྱའི་རིགས།།ཕྲ་རགས་ཀུན་དང་སྣོད་ཀྱི་འཇིག་རྟེན་གྱི།།མ་དག་སྐྱོན་གྱི་རིགས་རྣམས་ཇི་སྙེད་པ།།ཁབ་ལེན་རྡོ་ཡིས་ལྕགས་རྣམས་ལེན་པ་དང་།།སྐྲ་ལོ་གྲི་ཡིས་བཞར་ནས་སྤུངས་པ་བཞིན།།སྙིང་གི་དཀྱིལ་ལ་འདུས་ཏེ་གཅེས་འཛིན་ཐོག།སྨིན་པས་དེ་ཡི་སྐྱོན་དང་བྲལ་བར་བསྒོམ།།
                         
                            ༼༥༽
        དེ་ལྟར་ཡང་དང་ཡང་དུ་བསམ་བསམ་ནས།།དེ་ལ་གོམས་པ་ཅུང་ཟད་རྙེད་པ་ན།།གཏོང་ལེན་དམིགས་པ་གཉིས་པོ་རང་གི་དབུགས།།འགྲོ་འོང་རྟ་ལ་འདི་ལྟར་བསྐྱོན་པར་བྱ།།དབུགས་དེ་གཏོང་ཚེ་རང་གི་ལུས་ལོངས་སྤྱོད།།དགེ་རྩ་གཞན་ལ་གཏོང་བའི་སེམས་པ་སྦྱང་།།ཚུར་ལ་སྡུད་ཚེ་གཞན་གྱི་སྡུག་བསྔལ་དང་།།རྒྱུ་བཅས་རང་ལ་ལེན་པའི་དམིགས་པ་བསྐྱེད།།དེ་ལྟར་བྱམས་དང་སྙིང་རྗེ་ཡུན་རིང་དུ།།སེམས་ལ་འདྲིས་པར་བྱས་ནས་མ་རྣམས་ཀྱི།།སྡུག་བསྔལ་སེལ་དང་ཕན་བདེ་བསྒྲུབ་པའི་ཁུར།།བདག་ལ་བབས་པས་བདག་གིས་ཅིས་ཀྱང་འཛིན།།འོན་ཀྱང་ད་ལྟ་མཁའ་མཉམ་འགྲོ་བ་ཀུན།།དངོས་སུ་སྐྱོབ་པའི་ནུས་པ་བདག་ལ་མེད།།ཉན་རང་དགྲ་བཅོམ་གསེར་རིའི་འཕྲེང་བར་ཡང་།།གཞན་དོན་འཕྲིན་ལས་ཡོངས་སུ་མ་རྫོགས་པས།།དེས་ན་དེ་ལྟའི་ནུས་པ་ཕུན་སུམ་ཚོགས།།གང་ལ་མངའ་ན་རང་གི་སྤྱི་གཙུག་ཏུ།།བཞུགས་པའི་བླ་མ་ཐུབ་དབང་འདི་ཉིད་ལ།།མངའ་བའི་ཚུལ་དེར་ངེས་པ་ལྷག་པར་བསྐྱེད།།གང་གི་སྐུ་དང་འོད་ཟེར་མཚན་ཙམ་ཡང་།།མཐོང་ཐོས་དྲན་རེག་གིས་ཀྱང་མར་གྱུར་འགྲོ།།སྨིན་གྲོལ་ལམ་ལ་འགོད་པའི་ནུས་པ་མཆོག།ཡོངས་སུ་རྫོགས་ཚུལ་ཡང་ཡང་བསམས་པ་ལས།།བདག་ཀྱང་མར་གྱུར་འགྲོ་རྣམས་འཇིགས་ཀུན་ལས།།ཡོངས་སུ་སྒྲོལ་ཕྱིར་བླ་མ་ཐུབ་དབང་མཆོག །ཉིད་ཀྱི་གོ་འཕང་ཅིས་ཀྱང་ཐོབ་བྱ་ཞེས།།མ་བཅོས་སྙིང་གི་དཀྱིལ་ལ་བརྟན་པར་བྱ།།དེ་ལྟར་ཐོབ་པར་བྱེད་སྙམ་དམ་བཅའ་འདི།།བྱང་ཆུབ་བར་དུ་སྲོག་ལ་བབ་ན་ཡང།།མི་གཏོང་སྙམ་པའི་འདུན་པ་ཤུགས་དྲག་པོ།།ལྷང་ལྷང་བསྐྱེད་དེ་སེམས་མཆོག་བསྒོམ་པར་བྱ།།རང་ནུས་ཅི་ཡོད་བཏོན་ནས་འདི་ཉིད་ནི།།དགེ་སྦྱོར་མཐིལ་དུ་བྱས་ན་རང་གཞན་ལ།།ཕན་པའི་ཡོན་ཏན་ཡོངས་སུ་རྫོགས་འགྱུར་ཞེས།།དམ་པའི་གསུངས་རྣམས་བཀོད་འདིས་ཕན་པར་སྨོན།།
         སྔོན་བྱོན་དམ་པས་མ་གསུངས་གསར་གཏོད་མེད།། གཞན་ཡིད་ངང་གིས་འགུག་བྱེད་ཚིག་ཤོམ་མེད།། འོན་ཀྱང་ཕན་སེམས་དྲི་མས་ལྷད་པ་མེད།། རང་གིས་བསྒོམ་ཕྱིར་དགའ་བ་བླ་ན་མེད།།འདི་ལྟར་འབད་པས་འགྲོ་བའི་ཕན་བདེའི་གཞི།།ཐུབ་བསྟན་རིན་ཆེན་རིང་དུ་གནས་འགྱུར་ཞིང་།། རིས་མེད་བསྟན་འཛིན་མ་ལུས་ཞབས་པད་བརྟན།།ཞི་བདེ་ཕྱྭ་གཡང་འོ་མཚོ་འཕེལ་བར་ཤོག།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།