中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > གཞན་དག >
༄༅།། བོད་ཀྱི་ཕྱག་འབུལ་ཞུ་ལུགས།
དུས་ཚོད།2016-06-29 11:52:03     རྩོམ་གྱི་ཡོང་ཁུངས། བོད་ལྗོངས་རིག་གནས་དྲ་བ།    ཆུང་། | འབྲིང་། | ཆེ།
        སེར་མོ་བ་དང་སྐྱ་བོའི་ཕྱག་འབུལ་སྟེ་གཉིས་ལས།
གཅིག སེར་མོ་བོའི་གུས་ལུགས།
    ཕྱག་འཚལ་བ་དང་། གཟན་སྐྱུར་འབེབས་པ་སྟེ་བླ་གོས་ཕྲག་པ་གཡོན་དུ་འབེབས་པ་ལག་པ་ཐལ་མོ་སྦྱར་བའོ།། དེ་དག་ལས་ཕྱག་འཚལ་བ་ནི་རང་གི་དད་པ་བྱ་ཡུལ་བླ་ཆེན་དང་། རང་གི་རྩ་བའི་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་པའི་སྐུ་གསུང་ཐུགས་རྟེན་བཅས་ལ་ཕྱག་འཚལ་བ་ཡིན་ཏེ། དེ་ལ་བརྐྱངས་ཕྱག་དང་། སྐུམ་ཕྱག་གཉིས་ཡོད། བརྐྱངས་ཕྱག་ནི་ལག་ཟུང་གི་ཐལ་མོ་སྤྱི་བོ། །མགྲིན་པ། སྙིང་ག་བཅས་སུ་རིམ་པར་བཀོད། དེ་ནས་པུས་མོ་གཉིས་ས་ལ་བཙུགས་རྗེས་ལུས་དང་ལག་ཟུང་བཅས་མདུན་དུ་ཤད་ཀྱིས་བསྐྱངས་ཏེ་ཐོད་པ་ས་ལ་བཏུགས་པ་དེ་ལ་བརྐྱངས་ཏེ་ཐོད་པ་ས་ལ་བཏུགས་པ་དེ་ལ་བརྐྱངས་ཕྱག་དང་། སྐུམ་ཕྱག་གཉིས་ཡོད། བརྐྱངས་ཕྱག་ནི་ལག་ཟུང་གི་ཐལ་མོ་སྤྱི་བོ་མགྲིན་སྙིང་ག་བཅས་ལ་འགོད་ཚུལ་བསྐྱངས་ཕྱག་དང་འདྲ་ཞིང་པུས་མོ་གཉིས་ས་ལ་བཙུགས་རྗེས་ལུས་དང་ལག་ཟུང་པུས་མོའི་འགྲམ་དུ་ས་ལ་བཞག་སྟེ་མདུན་དུ་མ་བརྐྱང་པར་ཐོད་པ་ས་ལ་གཏུག་པ་དེ་ཡིན། ཕྱག་འཚལ་བའི་གུས་ལུགས་དེ་ནི་གཙོ་བོ་ཆོས་དད་དང་འབྲེལ་ནས་བྱུང་བ་ཡིན་ཏེ་ཕྱག་འཚལ་བྱ་ཡུལ་ནི་བླ་མ་དང་། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་དང་དེ་བཞིན་རང་གི་ཕ་མ་དང་རྒན་རབས་སོགས་འདས་པོའི་སྐུ་ཕུང་བཅས་ལ་མ་གཏོགས་གསོན་པོར་གནས་པའི་སྐྱ་བོའི་དཔོན་རིགས་དང་རང་གི་ཕ་མ་ལའང་ཐོད་པ་ས་ལ་གཏུགས་པའི་ཕྱག་བྱེད་སྲོལ་མེད་པར་སྐྱེས་པ་ཡིན་ན་ལངས་ཏེ་ཞྭ་མོ་ཕུད་པ་དང་བུད་མེད་ཡིན་ན་ལག་གཉིས་སྣོལ་མའི་ཕྱག་འབུལ་ཞུ་བ་ཡིན།
   བླ་གོས་ཕྲག་པ་གཡོན་དུ་འབེབས་པ་ནི་སེར་མོ་བའི་གུས་ལུགས་གཞན་ཞིག་སྟེ་གྲྭ་པའམ་བཙུན་མ་རྣམས་ཀྱིས་རང་གི་རྩ་བའི་བླ་མ་དང་བླ་ཆེན་ཁག དགེ་རྒན་སོགས་ལ་ཕྱག་འཚལ་བ་ཕུད་ད་དུང་གུས་ལུགས་གཞན་ཞིག་ཡོད་པ་སྟེ་དཔུང་པ་གཡས་ཀྱི་གྲྭ་ཟན་གྱི་སྣེ་མོ་ནས་ལག་གཡས་ཀྱིས་བཟུང་སྟེ་རྒྱབ་ངོས་ནས་ལག་པ་གཡོན་གྱི་སྟེང་དུ་འབེབས་དགོས་པ་དེ་ལ་གཟན་སྐྱུར་རྫོགས་འབེབས་ཞེས་བརྗོད་པ་དང་། དེ་ལས་ཅུང་དམའ་བ་རྣམས་ལ་གོང་བཞིན་གཟན་གྱི་སྣེ་མོ་ནས་ལག་གཡས་ཀྱིས་བཟུང་སྟེ་རྒྱབ་ངོས་ནས་དཔུང་པ་གཡོན་གྱི་སྟེང་དུ་ཕབ་ནས་སྐེད་པ་སྒུར་ཙམ་བྱེད་པ་ཡིན། དེ་ལ་གཟན་སྐྱུར་ཕྱེད་འབེབས་ཞེས་བརྗོད་ཅིང་དེ་དག་གི་སྤྱི་མིང་ལ་ཕྲག་པ་གཡོན་དུ་འབེབས་པ་ཞེས་དང་། ཁ་སྐད་དུ་གཟན་སྐྱུར་དུ་འབེབས་པ་ཞེས་ཟེར། དེ་ཡང་གུས་འདུད་བྱ་ཡུལ་གྱི་བླ་མ་དེའི་གོ་གནས་མཐོ་དམའ་དང་གུས་འདུད་བྱེད་མཁན་སོ་སོས་གུས་འདུད་བྱ་ཡུལ་དེར་འཛིན་པའི་དད་གུས་ལ་གཞིགས་ཏེ་སྐེད་པ་སྒུར་ཙམ་བྱེད་པ་དང་། དེ་ལས་ཀྱང་སྒུར་ཆེ་བ་སྟེ་མགོ་བོ་སྐེད་པ་དང་མཉམ་པ་ཙམ་སྒུར་སྒུར་བྱེད་པ་བཅས་ཀྱི་ཁྱད་པར་ཡོད། སེར་མོ་བ་རྣམས་བླ་མའི་མདུན་དུ་གཟན་སྐྱུར་འབེབས་པ་ཕུད་ད་དུང་འབྲེལ་ཡོད་དཔོན་པོ་སྐྱ་སེར་སུ་རུང་འཕྲད་སྐབས་ཀྱང་གཟན་སྐྱུར་ཕབ་སྟེ་གུས་འདུད་བྱེད་སྲོལ་ཡོད།
གཉིས་པ། སྐྱ་བོའི་གུས་ལུགས།
    སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་དང་། བླ་མའི་མདུན་དུ་ཕྱག་བྱེད་པ་ནི་གོང་དུ་བཤད་པའི་སེར་མོ་བའི་སྐབས་དང་འདྲ་བས་འདིར་བསྐྱར་བཟློས་མ་དགོས་པ་དང་།དཔོན་པོདང་དགེ་རྒན། ཕ་མ། རྒན་་རབས། རང་མཉམ། རང་ལས་ཅུང་དམའ་བ། ང་འོག་བཅས་མི་སུ་ལའང་གུས་ཞབས་བྱེད་པ་ནི་ཡ་རབས་ཀྱི་སྤྱོད་པའི་མཚོན་ཚུལ་ཞིག་ཡིན། འོན་ཀྱང་གོང་གསལ་གནས་བབས་མི་འདྲ་བའི་མི་སྣ་སོགས་སོར་གུས་ཞབས་བྱེད་སྟངས་མི་འདྲ་བ་ཡོད་པ་ནི་གཤམ་གསལ།
    སྐྱེས་པའི་ཕྱག་འབུལ་བྱེད་སྟངས། དཔོན་པོ་ཤིན་དུ་མཐོ་བ་དང་འཕྲད་སྐབས་སྐྱེས་པ་སྐྲ་ལྕང་ལོ་ཡོད་པ་ཡིན་ན་ཞྭ་མོ་ཕུད་ནས་མགོ་ལ་དཀྲིས་པའི་ལྕང་ལོ་མར་ཕབ་ཅིང་སྐེད་པ་སྒུར་སྒུར་བྱས་ནས་སྡོད་དགོས་པ་དང་། དེ་ལས་ཅུང་དམའ་བ་རྣམས་ལ་གོང་བཞིན་ཞྭ་མོ་ཕུད། སྐྲ་ལྕང་ལོ་ཕབ་ནས་ཞྭ་མོ་ལག་གཉིས་ཀྱིས་བཟུང་སྟེ་སྐེད་པ་སྒུར་ཙམ་བྱས་ནས་སྡོད་དགོས་པ་ཡིན། གོང་གསལ་ཕྱག་འབུལ་ཞུ་ཡུལ་དེས་ཀྱང་མི་གཞན་གྱིས་རང་ལ་ཕྱག་འབུལ་ཞུས་པའི་གུས་ལན་དུ་མགོ་བོ་འཇོགས་ཙམ་དང་། ལག་པ་ཡུག་ཡུག་བྱེད་སྲོལ་ཡོད་ལ་འགའ་ཞིག་གིས་ལག་གཉིས་ཐལ་མོ་སྦྱར་ནས་གུས་ལན་བྱེད་པ་ལས་རང་ལ་མིས་ཕྱག་འབུལ་ཞུས་པ་མཐོང་ན་ཡང་དེ་ལ་སྣང་འཇོག་ཙམ་ཡང་མི་བྱེད་པ་ནི་མ་རབས་ཀྱི་སྤྱོད་པའམ་གུས་ལུགས་མི་ཤེས་པར་རྩི་བ་ཡིན།
   རང་ལས་ཅུང་མཐོ་བ་རྣམས་ལ་ཞྭ་མོ་ཕུད་ཅིང་མགོ་བོ་སྒུར་ཙམ་བྱེད་པ་དང་། ཕྱག་འབུལ་ཞུ་ཡུལ་དེས་ཀྱང་གུས་ལན་དུ་མགོ་བོ་སྒུར་ཙམ་བྱེད་དགོས་པ་ཡིན། རང་མཉམ་དང་འཕྲད་པའི་ཚེ་ཞྭ་མོ་ཕུད་དེ་ཕྱག་འབུལ་ཞུ་མ་དགོས་པར་མགོ་སྒུར་ཙམ་བྱས་ཚེ་གཅིག་ཤོས་ཀྱིས་ཀྱང་གུས་ལན་འདྲ་མཚུངས་སུ་བྱེད་པ་དང་། གལ་ཏེ་ཕྱོགས་གཅིག་གིས་ཞྭ་མོ་ཕུད་དེ་ཕྱག་འབུལ་ཞུས་ན་གཅིག་ཤོས་ཀྱིས་ཀྱང་ཞྭ་མོ་ཕུད་ནས་གུས་ལན་བྱེད་དགོས་པ་ཡིན། གལ་ཏེ་དེ་ལྟར་མ་བྱས་ཚེ་མ་འདོད་པའི་རྣམ་འགྱུར་བསྟན་པའམ། ཡང་ན་གུས་ལུགས་མི་ཤེས་པར་རྩི་བ་ཡིན། འོན་ཀྱང་རང་མཉམ་ཕན་ཚུན་ཕྱག་འབུལ་ཞུ་རེས་བྱེད་སྐབས་མགོ་ལ་དཀྲིས་པའི་སྐྲ་ལྕང་འབེབས་མི་དགོས། གཞན་ཡང་རང་མཉམ་འཕྲད་ཚེ་ཞྭ་མོ་མགོ་ནས་ཕུད་ཙམ་བྱེད་པ་ལས་ལག་ཏུ་བཟུང་ནས་སྡོད་མི་དགོས། བུད་མེད་ཀྱི་གུས་ལུགས་མཚོན་སྟངས། བུད་མེད་ཆང་ས་བརྒྱབ་ཟིན་པ་ཕལ་ཆེར་ལྕང་ལོ་ཉིས་ལྕང་རྒྱག་པ་དང་། སྐབས་རེ་ལྕང་ལོ་རྒྱབ་ཏུ་གློད་པ་དང་། སྐབས་རེ་ལྕང་ལོ་མགོ་ལ་དཀྲི་བ་ཡིན། བླ་ཆེན་སོགས་ལ་ཕྱག་འཚལ་སྐབས་ལྕང་ལོ་འབེབས་དགོས་པ་དང་ཕྱག་འཚལ་སྟངས་ནི་གོང་དུ་བཤད་པ་ལྟར་ལས་བུད་མེད་ཀྱི་ཕྱག་འཚལ་ལུགས་ཞེས་ལོགས་སུ་མེད།
   བུད་མེད་ཀྱི་ཕྱག་འབུལ་ཞུ་སྟངས་ནི། བུད་མེད་རྣམས་མི་ཆེན་ཁག་དང་འཕྲད་སྐབས་ལྕང་ལོ་མགོ་ལ་དཀྲིས་ཡོད་ན་ཞྭ་མོ་ཕུད་རྗེས་ལྕང་ལོ་ཕབ་སྟེ་ཞྭ་མོ་བྲང་ཐད་དུ་ལག་གཉིས་ཀྱི་བཟུང་ནས་སྒུར་སྒུར་བྱེད་དགོས་པ་དང་། གལ་ཏེ་ཞྭ་མོའམ་སྤ་ཕྲུག་གྱོན་མེད་ན་མགོའི་ལྕང་ལོ་ཕབ་རྗེས་ལག་པ་གཉིས་ཀྱི་མཛུབ་མོ་སྣོལ་བཞིན་དུ་མ་འཕྲལ་བར་སྐེད་པ་སྒུར་ཙམ་བྱེད་དགོས། རང་ལས་ཅུང་མཐོ་ཙམ་ཡིན་ན་ཕྱག་འབུལ་ཞུ་ལུགས་གོང་བཞིན་ལ་ལག་གཉིས་སྣོལ་ནས་སྡོད་པ་ལས་སྒུར་སྒུར་བྱས་ནས་སྡོད་མི་དགོས། རང་མཉམ་ཕན་ཚུན་འཕྲད་སྐབས་ལག་གཉིས་ཀྱི་མཛུབ་མོ་སྣོལ་ནས་བྲང་ཐད་ནས་ཁྱག་ཙམ་བྱེད་པ་ལས་མཐོ་པོ་འདེགས་མི་དགོས་པ་དང་། རང་ལས་དམའ་བ་རྣམས་ཀྱིས་རང་ལ་ཕྱག་འབུལ་ཞུ་སྐབས་གུས་ལན་ཕྱག་འབུལ་ཞུ་ཚུལ་ཙམ་བྱེད་པའམ་ཡང་ན་ལག་པ་གཡུག་ཙམ་བྱས་ནས་ཕྱག་འབུལ་ཞུ་མི་དགོས་ཞེས་པའམ། དེ་འདྲ་གནང་མི་དགོས་ཞེས་བརྗོད་པ་ཡང་གུས་ལན་ལྟ་བུ་ཡིན།
    དེ་སྔ་ཡིན་ན་མི་སེར་དཀྱུས་མ་ཚོས་རང་གི་དཔོན་པོའམ་གུས་ཞབས་བྱ་ཡུལ་གྱི་མི་དང་གླེང་མོ་བྱེད་སྐབས་རྣ་རྒྱབ་ཏུ་མཛུབ་མོས་བྲད་ཙམ་བྲད་ཙམ་བྱེད་པ་དང་། ལྕེ་ཅུང་ཟད་སྣར་ཙམ་སྣར་ཙམ་ཡང་བྱེད་སྲོལ་ཡོད། དེ་ལྟར་བྱེད་བོད་ཀྱི་བཙན་པོ་གླང་དར་མར་མགོ་ལ་རྭ་ཡོད་པ་དང་ལྕེ་ནི་གླང་གི་ལྕེ་འདྲ་བ་ཡོད་པས་ཕྱིས་སུ་མི་རྣམས་ཀྱིས་མགོ་བྲད་ཙམ་དང་ལྕེ་སྣར་ཙམ་བྱེད་པ་ནི་རང་ལ་གླང་གི་རྭ་དང་གླང་གི་ལྕེ་ལྟ་བུ་མེད་ཅེས་སྟོན་པའི་ཚུལ་ཡིན་པར་བཤད་ཀྱང་དེ་ལྟར་བདེན་མིན་ནི་རེ་ཞིག་བརྗོད་པར་དཀའ་འོ།། ལྕེ་སྣར་ཚུལ་ནི་ནུབ་ཕྱོགས་པས་མི་གཞན་ལ་ངན་དམོད་དམ་མ་འདོད་པའི་རྣམ་འགྱུར་སྟོན་པའི་ལྕེ་སྣར་ཚུལ་དང་མི་འདྲ་བར་ལྕེ་མས་མཆུའི་སྟེང་སླེབས་ཙམ་འདོན་པ་ལས་མས་མཆུའི་ཕྱིར་རིང་པོ་སྣར་མཁན་ནི་མེད་ཀྱང་ནུབ་ཕྱོགས་པ་རེ་འགས་བོད་རིགས་ཀྱི་གུས་ལུགས་ནང་ལྕེ་སྣར་ཙམ་བྱེད་ཀྱི་ཡོད་ཚུལ་ཐོས་པར་བརྟེན་ལྕེ་མས་ལེའི་ཐད་ཙམ་སྣར་གྱི་ཡོད་ཚུལ་བརྗོད་པ་ནི་མི་ཤེས་ཤེས་མདོག་གིས་གད་མོ་སློང་ཚུལ་ཞིག་རང་ཡིན།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།