༄༅།། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་པའི་ལོ་རྒྱུས་ཀྱི་གཏན་སྲོལ་དང་རྩ་དོན། - གཞན་དག - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཆོས་ལུགས། > གཞན་དག >
༄༅།། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་པའི་ལོ་རྒྱུས་ཀྱི་གཏན་སྲོལ་དང་རྩ་དོན།
དུས་ཚོད།2021-02-05 20:00:36     རྩོམ་གྱི་ཡོང་ཁུངས། ཀན་སུའུ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ།     ཆུང་། | འབྲིང་། | ཆེ།
༄༅།། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་པའི་ལོ་རྒྱུས་ཀྱི་གཏན་སྲོལ་དང་རྩ་དོན།
ལི་ཏེ་ཁྲེན་གྱིས་བརྩམས། སྙིང་མོ་ཐར་དང་དཔའ་རིས་སྐྱིད་ཀྱིས་བསྒྱུར།
 
    ཨ་རིའི་ས་གནས་དེ་གའི་ཟླ 12པའི་ཚེས 27ཉིན། ཨ་རིའི་སྲིད་འཛིན་ཐེ་ལང་ཕུའུ་ཡིས་རྒྱལ་ཚོགས་ཐོག་གྲོས་འཆམ་བྱུང་བའི“2020ལོའི་བོད་ལྗོངས་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་གཞི”ཅེས་པར་མིང་རྟགས་བཀོད། ཁྲིམས་དོན་གྲོས་གཞི་དེས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་ཡོད་དེ།“ཡང་སྲིད་བཞེས་མཁན་ལ་ཁོ་རང་ས་གནས་གང་ཞིག་ཏུ་སྐྱེ་བ་ཇི་ལྟར་ལེན་པ་དང་ཡང་སྲིད་ཇི་ལྟར་ངོས་འཛིན་བྱ་དགོས་ཚུལ། ཡང་ན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་དགོས་མིན་ཐག་གཅོད་པའི་ཁྲིམས་མཐུན་གྱི་དབང་ཆ་འབའ་ཞིག་ལྡན”ཞེས་བཤད་པ་ནི་འཆལ་གཏམ་ཡིན་ཏེ། ཀྲུང་གོའི་སྲིད་གཞུང་གིས་ཁྲིམས་ལྟར་ཡང་སྲིད་ངོས་འཛིན་པའི་ལས་དོན་ལ་དོ་དམ་བྱེད་པ་ནི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་ཀྱི“ཆོས་ལུགས་རང་མོས”ལ “བཙན་གནོད”བྱེད་པ་ཡིན་ཞེས་སྐུར་འདེབས་བྱས་ཡོད། ཀུན་གྱིས་ཤེས་གསལ་ལྟར། ཡང་སྲིད་ངོས་འཛིན་གྱི་ལས་དོན་ནི་ཆོས་ལུགས་ནང་ཁུལ་གྱི་ལས་དོན་ཁོ་ན་ཞིག་གཏན་ནས་མིན་ལ།དམིགས་ཡུལ་གཞན་པ་ཡོད་མཁན་གྱིས་ཁྱབ་བསྒྲགས་བྱས་པ་ལྟར་ཡང་སྲིད་བཞེས་མཁན་རང་ཉིད་ལ“ ཁྲིམས་མཐུན་གྱི་དབང་ཆ་འབའ་ཞིག་ལྡན་པ”ནི་དེ་བས་ཀྱང་མིན་པར། དེ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། སྲིད་གཞུང་གི་དབང་གྲགས། ཆོས་ལུགས་ཀྱི་རྩ་དོན། དད་ལྡན་མང་ཚོགས་ཀྱི་བརྩེ་དུང་སོགས་ཕྱོགས་མང་པོའི་མཚོན་ཚུལ་ཞིག་ཡིན། ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ནི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་འཕེལ་ཞིང་འགྱུར་ནས། རིམ་བཞིན་ཚགས་དམ་ཞིང་གཟབ་ནན་ཅན་གྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ་ཆ་ཚང་ཞིག་ཏུ་གྱུར་ཡོད། དེར་གཙོ་བོ་ཡང་སྲིད་རྒྱལ་ནང་དུ་འཚོལ་བ་དང་། ངོས་འཛིན་པ། མངའ་གསོལ་བ་སོགས་འདུས་ལ། དེའི་ཁྲོད་ཤུགས་རྐྱེན་ཅུང་ཆེ་བའི་བླ་སྤྲུལ་གྱི་ཡང་སྲིད་ནི་གསེར་བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་དང་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་འགོད་པར་སྙན་ཞུ་ཕུལ་ནས་གསེར་ཁྲིར་མངའ་གསོལ་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་གཏན་སྲོལ་ཞིག་ཏུ་གྱུར་ཡོད། ཡང་སྲིད་རྒྱལ་ནང་དུ་འཚོལ་བའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་དེ་ཡང་སྔ་མོ་ནས་ཡང་སྲིད་ངོས་འཛིན་གྱི་བཅོས་ཐབས་མེད་པའི་རྩ་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།
    དང་པོ། བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་དེ་ངེས་པར་དུ་གསེར་བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་བྱ་དགོས།
བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པ་ནི་དང་ཐོག་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའི་འགོ་གཙོའི་གདན་རབས་རྒྱུད་འཛིན་བྱེད་པའི་ཆེད་དུ་བྱུང་བ་ཡིན་ཏེ། སྔར་བོད་ཀྱི“ཆོས་སྲིད་ཟུང་འབྲེལ”གྱི་ལམ་ལུགས་འོག་ཏུ། རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་ནང་བསྟན་ལ་དད་པར་མ་ཟད། ཆོས་ལུགས་ཀྱི་འགོ་འཛིན་མི་སྣར་ཡང་འདུད་བཞིན་ཡོད། བླ་སྤྲུལ་སྤྱི་དང་སྒོས་ཤུགས་རྐྱེན་ཆེ་བའི་བླ་སྤྲུལ་ཆེ་ཁག་གི་ཆོས་ལུགས་འགོ་གཙོའི་ཐོབ་ཐང་ལ་དམིགས་ནས། བོད་སྤྱི་ཚོགས་ཀྱི་ཆོས་སྲིད་སྟོབས་ཤུགས་སྣ་ཚོགས་ཀྱིས་བླ་སྤྲུལ་གྱི་དབང་ཆ་གཙོ་བོ་འཕྲོག་རྩོད་དང་ཡང་སྲིད་ངོས་འཛིན་གྱི་ལས་དོན་ལ་ཚོད་འཛིན་བྱས་པས། ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་དག་གཙང་གི་ངོ་བོ་རིམ་བཞིན་ཡལ་བར་གྱུར་ཅིང་། ཉེས་སྐྱོན་མང་པོ་བྱུང་ནས་ནང་ཆོས་ལ་ཉེན་ཁ་བཟོས་པར་མ་ཟད། སྤྱི་ཚོགས་ཀྱི་བརྟན་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལའང་ཉེན་ཁ་བཟོ་བཞིན་ཡོད། གནད་དོན་དེ་གསལ་བོ་ཤེས་པའི་དབང་གིས་ཆིང་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་གིས་ཡང་སྲིད་ངོས་འཛིན་གྱི་སྒྲིག་གཞི་སྔར་བས་འཐུས་ཚང་དུ་གཏོང་ཕྱིར 1793ལོར་གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་ལག་བསྟར་བྱས། དེས་ནི་སྔར་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་སྐབས་ཀྱི་སྐྱོན་ཆ་སྣ་ཚོགས་འགོག་པར་ཕན་ཞིང་། ཡང་སྲིད་ངོས་འཛིན་གྱི་གནས་ལུགས་དང་སྲོལ་རྒྱུན། དེ་བཞིན་མང་ཚོགས་ཀྱི་ཆོས་ལུགས་བརྩེ་དུང་ལ་བརྩི་འཇོག་བྱས་པ་མཚོན་ཡོད་ལ། ལྷག་པར་དུ་ཡང་སྲིད་ངོས་འཛིན་གྱི་གནད་དོན་ཐད་དུ་ཀྲུང་དབྱང་སྲིད་གཞུང་གི་དབང་གྲགས་ཀྱང་མཚོན་ཡོད། ཡང་སྲིད་ངོས་འཛིན་བྱེད་སྐབས་བྱུང་བའི་སྐྱོན་ཆ་སེལ་བའི་ཆེད་དུ། གོང་མ་ཆན་ལུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི“ཁྲིམས་སྲོལ་འཛུགས་པ”དང“རྒྱུན་རིང་གཏན་གནས”ཡོང་བའི་རེ་འདུན་ཁས་བླངས་ཤིང་། 1792 ལོར་དམག་དཔུང་ཆེན་པོ་བོད་དུ་མངགས་ནས་གོར་ཁའི་བཙན་འཛུལ་བ་མཐར་སྤྲོད་བཏང་རྗེས། བོད་སྡོད་དམག་དཔོན་དག་ལ་ལས་མཇུག་ལེགས་བསྡུའི་སྒྲིག་སྲོལ་ལ་གྲོས་མོལ་བྱ་རྒྱུ་ཞེས་གསལ་བོར་གཏན་འབེབས་བྱེད་པའི་བཀའ་ཕབ། ཕྱི་ལོར། ཆིང་སྲིད་གཞུང་གིསབོད་ནང་ཁུལ་གྱི་ལས་མཇུག་ལེགས་བསྡུའི་སྒྲིག་ཡིག་དོན་ཚན་ཉེར་དགུདངོས་སུ་ཁྱབ་བསྒྲགས་བྱས། སྒྲིག་ཡིག་གི་དོན་ཚན་དང་བོའི་ནང་དུ“བླ་སྤྲུལ་དང་ཧོ་ཐོག་ཐུའི་ཡང་སྲིད་འཚོལ་བའི་གནད་དོན་ཐད་བོད་མིའི་གོམས་སྲོལ་ལྟར། ངེས་པར་དུ་ཆོས་སྐྱོང་རྣམ་བཞིའི་ལུང་བསྟན་ལྟར་ཐག་གཅོད་དགོས་ལ། དེ་ལྟར་བྱས་ན་གནད་དོན་འབྱུང་སྲིད་པས། གོང་མ་ཆེན་པོས་ཞྭ་སེར་གྱི་བསྟན་པ་རྒྱས་པའི་ཕྱིར་དུ་གསེར་གྱི་བུམ་པ་ཞིག་གནང་སྟེ། ད་ནས་བཟུང་ཡང་སྲིད་ངོས་འཛིན་བྱེད་དུས་སུ། ཆོས་སྐྱོང་རྣམ་བཞི་གདན་དྲངས་ནས་ཡང་སྲིད་ཀྱི་མིང་དང་སྐྱེས་པའི་ལོ་ཟླ་ཚེས་གྲངས་བཅས་མན་ཇིའི་ཡི་གེ་དང་རྒྱ་ཡིག་དང་བོད་ཡིག་བཅས་ཡིག་རིགས་གསུམ་གྱིས་བྱང་བུའི་ཐོག་ཏུ་བྲིས་ནས་བུམ་པའི་ནང་དུ་བཅུག་སྟེ། ཤེས་ཡོན་གྱིས་ཕྱུག་པའི་བླ་སྤྲུལ་གདན་དྲངས་ནས་ཉིན་བདུན་གྱི་རིང་ལ་སྨོན་ལམ་བཏབ་ནས་ཧོ་ཐོག་ཐུ་དང་བོད་སྡོད་བློན་ཆེན་གྱིས་གཙུག་ལག་ཁང་གི་ཇོ་བོའི་སྐུ་མདུན་དུ་ངོས་འཛིན་བྱ་དགོས།” ཞེས་གསལ་བོར་བསྟན་ཡོད། ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏི་ནའི་ཡང་སྲིད་ངོས་འཛིན་བྱེད་སྐབས་ཀྱང་“ངེས་པར་དུ་ཁོང་ཚོའི་མཚན་ནི་མན་ཇིའི་ཡི་གེ་དང་རྒྱ་ཡིག་དང་བོད་ཡིག་བཅས་ཡིག་རིགས་གསུམ་གྱིས་བྱང་བུའི་ཐོག་ཏུ་བྲིས་ནས། གོང་དང་འདྲ་བར་ལག་བསྟར་བྱ་དགོས་ལ། འདི་དག་ཚང་མ་ནི་གོང་མ་ཆེན་པོས་ཞྭ་སེར་གྱི་བསྟན་པ་དར་བ་དང་ཆོས་སྐྱོང་ལ་མི་བདེན་རྫུན་བཟོ་བྱེད་དུ་མི་འཇུག་པའི་ཆེད་དུ་ཡིན།”
    སྒྲིག་ཡིག་ཁྱབ་བསྒྲགས་བྱས་ནས། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་གཙོས་བོད་ས་གནས་སྲིད་གཞུང་གིས་སྒྲིག་ཡིག་དང་འབྲེལ་ཡོད་ཡིག་ཆ་བོད་ཡིག་ཏུ་བསྒྱུར་ནས། སྐབས་དེའི་ཁྲིམས་དོན་ཡིག་རིགས་ཆེས་གལ་ཆེན་ཞིག་ཏུ་བསྒྲགས་ནས་བོད་ཡོངས་ལ་ལག་བསྟར་བྱེད་དུ་བཅུག སྐབས་དེར་བོད་རྩིས་ཀྱི་ཆུ་གླང་ལོར་འཁེལ་ཡོད་པསཆུ་གླང་ལོའི་ཡིག་ཆཞེས་བརྗོད། དེ་དང་མཉམ་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པས་བོད་ཡོངས་ལཆུ་གླང་ལོའི་བསྒྲགས་ཡིགཁྱབ་བསྒྲགས་བྱས་ཤིང་། དེར་གསེར་བུམ་དཀྲུག་འདོན་གྱི་ཐབས་གཏན་འབེབས་གསལ་བོར་བྱས་ཡོད། ཆུ་གླང་ལོའི་ཡིག་ཆདང་། ལྷག་པར་དུ་ཆུ་གླང་ལོའི་བསྒྲགས་ཡིག་གིས་སྒྲིག་ཡིག་གི་བཅའ་ཁྲིམས་ཀྱི་དགོངས་དོན་ཡོངས་སུ་མཚོན་པ་མ་ཟད། སྒྲིག་ཡིག་གིས་གཏན་འབེབས་བྱས་པའི་གསེར་བུམ་དཀྲུག་འདོན་གྱི་རྩ་དོན་ཆ་ཚང་མཚོན་པ་བྱས་ཡོད་ལ། གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་ལག་བསྟར་བྱེད་པའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།
    གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་ལག་བསྟར་བྱས་རྗེས། ཆིང་ཀྲུང་དབྱང་སྲིད་གཞུང་གིས་ད་དུང“དོན་གནད”དང“རྩ་གནད”སོགས་བཅའ་ཁྲིམས་ཀྱི་ཚུལ་གྱིསཆིང་གི་དཔེ་མཚོན་དོན་གནདདང་ལི་ཧྥན་ཡོན་གྱི་རྩ་གནདསོགས་བཅའ་ཁྲིམས་ཀྱི་སྲོལ་ཡིག་ཏུ་བསྡུས་ཤིང་། ཆིང་ཀྲུང་དབྱང་སྲིད་གཞུང་གིས་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱ་བ་ལ་དོ་དམ་བྱེད་པའི་ལོ་རྒྱུས་ཀྱི་ངེས་སྲོལ་ཞིག་ཏུ་གྱུར། གསེར་བུམ་དཀྲུག་པའི་རྩ་བའི་དམིགས་ཡུལ་ནི་ཡང་སྲིད་ངོས་འཛིན་པའི་སྐབས་སུ་དབང་ཆ་གང་བྱུང་དུ་སྤྱོད་པ་དང་མི་སྒེར་གྱིས་ཚོད་འཛིན་པའི་གནད་དོན་འགོག་པའི་ཆེད་དུ་ཡིན་པས། འདྲ་མཉམ་ནན་བཤད་དང་དམིགས་བསལ་དབང་ཆར་ངོ་རྒོལ་བྱེད་པའི་ཁྲིམས་སྐྱོང་རྩ་དོན་གྱི་གཞི་རྩའི་འདུ་ཤེས་དང་ཡོངས་ཁྱབ་རིན་ཐང་བཅས་ལ་ཡོངས་སུ་མཐུན་པ་ཡིན།
    གཉིས་པ། བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ནི་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་རྒྱུན་འཛིན་བྱ་དགོས།
    ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ཆགས་པ་ནི་ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ཅིང་། དེ་ལས་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་པའི་མཐར་ཐུག་གི་དབང་གྲགས་དེ་སྲིད་གཞུང་ལ་ལྡན་པར་གྱུར། ཤུགས་རྐྱེན་ཆེ་བའི་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ནི་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་ཐོབ་ནས་ལས་འགན་རྒྱུན་འཛིན་རྒྱུ་དེ་ཡང་ལོ་རྒྱུས་ཀྱི་གཏན་སྲོལ་ཞིག་ཏུ་གྱུར།
    1288 ལོར་ཀརྨ་པ་རང་བྱུང་རྡོ་རྗེ་མཚུར་ཕུ་དགོན་པའི་གདན་སར་འཁོད་རྗེས། མོང་གོལ་ཧན་གྱིས་ཀརྨ་པཀྵི་ལ་དབུ་ཞྭ་ནག་པོ་གསེར་མདོངས་ཅན་ཞིག་གནང་བ་ནས། དེའི་སྐུ་ཕྲེང་རིམ་བྱོན་ལ་ཀརྨ་བཀའ་བརྒྱུད་ཞྭ་ནག་པ་ཞེས་བྱ་ལ། ཞྭ་ནག་པོ་དེ་ནི་དེའི་སྐུ་ཕྲེང་རིམ་བྱོན་གྱི་མཚོན་རྟགས་དང་ཡང་སྲིད་ཀྱི་མཚོན་བྱེད་དུ་གྱུར། དེའི་སྐུ་ཕྲེང་རིམ་བྱོན་ལ་ཡང“གོང་མས་དབང་ཆ་གནང་བའི”དོན་དང་ལྡན་ཞིང་། ཀྲུང་དབྱང་སྲིད་གཞུང་གིས་བླ་སྤྲུལ་ཡང་སྲིད་ལམ་ལུགས་ཆགས་པར་དབང་གྲགས་རང་བཞིན་གྱི་ནུས་པ་ཐོན་པ་མཚོན་ཡོད། རང་བྱུང་རྡོ་རྗེ་ནི་སྤྱི་ལོ 1332 ལོར་ཏའི་ཏུདེང་གི་པེ་ཅིནརུ་གོང་མར་མཇལ་འཕྲད་གནང་ཞིང་ཆོས་སྟོན་པར་མཛད། ཡོན་གྱི་གོང་མ་ཐོ་ཀན་ཐེའི་མུར་ཏེ་ཧྲུན་ཏི་ཡིས་ཁོང་ལ“སྟོང་ཉིད་ཡོངས་སུ་རྟོགས་པའི་སངས་རྒྱས་ཀརྨ་པ”ཞེས་པའི་མཚན་གསོལ་བར་མ་ཟད། འཇའ་ས་དང་དབུ་བླའི་ཐམ་ཀ་སོགས་གནང་། འཇའ་ས་གནང་བར་བརྟེན། དེའི་ཡང་སྲིད་ཀྱི་ཁྲིམས་མཐུན་ཐོབ་ཐང་དང་ཁྲིམས་མཐུན་གྱི་གོ་གནས་ལ་ཡོན་ཀྲུང་དབྱང་སྲིད་གཞུང་གིས་ངོས་བཟུང་བ་དང་། བླ་སྤྲུལ་གྱི་ཡང་སྲིད་ལའང་དམངས་ཁྲོད་ཀྱི་རང་འགུལ་རང་བཞིན་ནས་ཁྲིམས་ལུགས་ཀྱི་དོན་སྙིང་བསྩལ་བས་ཁྲིམས་མཐུན་གྱི་རང་བཞིན་ལྡན་དུ་བཅུག་ཅིང་། ད་གཟོད་གཞི་ནས་ཁྲིམས་མཐུན་གྱི་ལམ་ལུགས་ངོ་མར་ཆགས་པ་མ་ཟད། དེ་ལ་བརྟེན་ནས་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལམ་ལུགས་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་།
    1653 ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ཆིང་གོང་མ་ཧྲུན་ཀྲི་ཡི་བཀའ་ལྟར་པེ་ཅིན་དུ་ཕེབས་པས“ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ”ཞེས་པའི་ཆོ་ལོ་གནང་བ་མ་ཟད། གསེར་ཡིག་གསེར་ཐམ་གནང་བས་ཏཱ་ལའི་བླ་མའི་མཚན་དང་དེའི་བོད་ཀྱི་ཆོས་ལུགས་ཁྲོད་ཀྱི་ཁྲིམས་མཐུན་གོ་གནས་ལ་ཀྲུང་དབྱང་སྲིད་གཞུང་གིས་དངོས་སུ་གཏན་འཁེལ་བྱས། དེ་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ལ་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་གི་ཆོ་ལོ་གནང་བའི་ལམ་ལུགས་བརྒྱུད་ནས་གཏན་འབེབས་བྱ་དགོས། 1940ལོའིཟླ 2པའི་ཚེས 5ལ། གོ་མིན་སྲིད་གཞུང་གིས་བཀའགཞུང་ཡིག་ཨང 898བསྒྲགས་ཏེ། གསེར་བུམ་དཀྲུག་འདོན་བྱ་མི་དགོས་པར་མཚོ་སྔོན་གྱི་ལྷ་མོ་དོན་འགྲུབ་ཅེས་པའི་བྱིས་པ་དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཡིན་པའི་དམིགས་བསལ་ཆོག་མཆན་གནང་། དེའི་ཕྱིར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་ཁྲིམས་མཐུན་རང་བཞིན་ནི་གོ་མིན་སྲིད་གཞུང་གི་ཆོག་མཆན་ཐོབ་ཅིང་ཁས་བླངས་པ་ལས་བྱུང་བ་རེད།
    བླ་སྤྲུལ་ཆེ་ཁག་གི་ཆོ་ལོ་ནི། ཆོ་ལོ་སྟེར་བའི་ལམ་ལུགས་ཤིག་ཡིན་ལ། ལྷག་པར་དུ་དོ་དམ་གྱི་ལམ་ལུགས་ཤིག་ཀྱང་ཡིན་པས། ཀྲུང་དབྱང་སྲིད་གཞུང་གིས་ཤུགས་རྐྱེན་ཆེ་བའི་བླ་སྤྲུལ་ཆེ་ཁག་ལ་ཐུགས་ཁུར་དང་མཐོང་ཆེན་བྱས་པ་མཚོན་ལ། ཀྲུང་དབྱང་སྲིད་གཞུང་གིས་དེའི་དོ་དམ་ཚད་ལྡན་དང་དེར་ཤུགས་ཆེར་གཏོང་བ་ཡང་མཚོན། དེ་དང་མཉམ་དུ་ཆོ་ལོ་ཐོབ་པའི་བླ་སྤྲུལ་ཆེ་ཁག་གིས་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་ལ་བློ་སེམས་དཀར་དགོས་ཤིང་། འགན་འཁྲི་དང་འོས་འགན་འཁུར་དགོས་པ་མཚོན་ཡོད། བླ་སྤྲུལ་ཆེ་ཁག་ལ་ཆོ་ལོ་བསྩལ་བའི་ལམ་ལུགས་བརྒྱུད་ནས། ཀྲུང་དབྱང་སྲིད་གཞུང་གིས་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་པའི་མཐའ་མའི་དབང་གྲགས་གཏན་འཁེལ་བྱས།
    1995 ལོའི་ཟླ 11པར། སྐབས་དེའི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཅོ་ཀྲའོ་ཕུའུ་ཁྲུའུ་ཡིས་པཎ་ཆེན་གྱི་ཡང་སྲིད་འཚོལ་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པའི་སྟེང་གི་གསུང་བཤད་དུ“སངས་རྒྱས་ཆོས་ལུགས་ཀྱི་མདོ་ཕྱོགས་དང་སྔགས་ཕྱོགས། རྒྱ་བརྒྱུད་དང་བོད་བརྒྱུད་གང་ཞིག་ཡིན་རུང་། ཚང་མས་ཐུན་མོང་ཐོག་སངས་རྒྱས་ཀྱི་གཟུངས་ཤིག་འདོན་བཞིན་ཡོད་དེ། དེ་ནི“བདག་གི་དགེ་བའི་མཐུ་དང་དེ་བཞིན་གཤེགས་པ་ཡི།། བྱིན་བརླབས་ཆོས་དབྱིངས་མི་འགྱུར་བདེན་སྟོབས་ཀྱིས།། མཆོད་པའི་ཞིང་མཆོག་དམ་པར་བཞུགས་སུ་གསོལ།།”ཞེས་པ་དེ་ཡིན། དེ་ཡང་སྲིད་ངོས་འཛིན་གྱི་གནད་དོན་ལ་སྦྱར་ནས་བཤད་ན། དགེ་བའི་མཐུ་ནི་བླ་སྤྲུལ་གྱིས་སྨོན་ལམ་བཏབ་པའི་ནུས་པ་ཡིན་ལ། བྱིན་རླབས་ཀྱི་སྟོབས་ནི་སངས་རྒྱས་ཀྱིས་བྱིན་རླབས་ཐོབ་རྗེས་ཀྱི“གསེར་བུམ་དཀྲུག་འདོན”གྱི་བརྡར་གཅོད་ཀྱི་ནུས་པ་ལ་ཟེར། ཆོས་དབྱིངས་ཞེས་པ་ནི་ཀྲུང་དབྱང་སྲིད་གཞུང་གི་ཐག་གཅོད་ཀྱི་དབང་ཆ་དང་མང་ཚོགས་ཀྱི་ཡིད་རྟོན་གྱི་ཚད་ལ་ཟེར། དེའི་ཕྱིར་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་པའི་གནད་དོན་ཐད་སྔར་ནས་བཟུང་རྒྱལ་ཁབ་ཀྱི་དབང་ཆ་དང་ཀྲུང་དབྱང་གི་དབང་གྲགས་ཨང་དང་བོར་འཇོག་བཞིན་ཡོད་དེ། འདི་ནི་ཚུལ་མཐུན་ལུཊ་མཐུན་ཡིན་པ་མ་ཟད། སངས་རྒྱས་ཆོས་ལུགས་ཀྱི་རྩ་བའི་དགོངས་དོན་དང་ཡང་ཡོངས་སུ་མཐུན་ནོ།།
    ལོ་རྒྱུས་ཀྱི་གཏན་སྲོལ་ལྟར་ན། ཤུགས་རྐྱེན་ཆེན་པོའམ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པའི་བླ་སྤྲུལ་གྱི་ཡང་སྲིད་འཚོལ་བར། ཐོག་མར་ས་གནས་དེའི་དགོན་པས་ས་གནས་སྲིད་གཞུང་བརྒྱུད་ནས་ཀྲུང་དབྱང་སྲིད་གཞུང་གིས་ཡང་སྲིད་འཚོལ་བར་མོས་མཐུན་ཡོད་པའི་ཆོག་མཆན་དང་། ཡང་སྲིད་འཚོལ་བའི་རྩ་འཛུགས་འཛུགས་པར་ཆོག་མཆན་གནང་བའི་སྙན་ཞུ་འབུལ་དགོས། གཉིས་ནས་གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་ལག་བསྟར་བྱེད་སྐབས་སུ། ས་གནས་སྲིད་གཞུང་གིས་ཆོས་ལུགས་ཆོ་ག་ལྟར་བཙལ་ནས་བརྙེད་པའི་ཡང་སྲིད་གྱི་འོས་མིའི་གནས་ཚུལ་ཀྲུང་དབྱང་སྲིད་གཞུང་ལ་ཞུས་ཏེ། གསེར་བུམ་དཀྲུག་འདོན་བྱེད་པར་ཆོག་མཆན་གནང་བའི་རེ་བ་ཞུ་དགོས། གསུམ་ནས་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་གཞི་ནས་ཇོ་བོ་ཤཱཀྱ་མི་ནེའི་སྐུ་བརྙན་གྱི་མདུན་དུ་ཀྲུང་དབྱང་སྲིད་གཞུང་གིས་མངགས་པའི་མིས་བོད་ཀྱི་ལོ་རྒྱུས་སུ་ད་རུང་བོད་སྡོད་བློན་ཆེན་ཡང་འདུས།གསེར་བུམ་དཀྲུག་འདོན་གྱི་མདོ་འཛིན་བྱས་ནས་ཡང་སྲིད་ངོས་འཛིན་བྱ་དགོས། བཞི་ནས་གསེར་བུམ་དཀྲུག་འདོན་མཇུག་རྫོགས་རྗེས། དེ་མ་ཐག་གསེར་བུམ་དཀྲུག་འདོན་ལ་མདོ་འཛིན་བྱེད་པའི་དཔོན་རིགས་དང་། ས་གནས་སྲིད་གཞུང་གི་འགན་འཁུར་བ། ཡང་སྲིད་འཚོལ་མཁན་གྱི་འགན་འཁུར་མི་སྣ་སོགས་ཀྱིས་གསེར་བུམ་དཀྲུག་འདོན་གྱི་གནས་ཚུལ་དང་མཇུག་འབྲས། དེ་བཞིན་ཡོངས་འཛིན་གྱི་འོས་མི་དང་། གཏན་འཁེལ་བྱས་པའི་གསེར་ཁྲི་མངའ་གསོལ་གྱི་དུས་ཚོད་སོགས་ཀྲུང་དབྱང་སྲིད་གཞུང་ལ་སྙན་སེང་ཞུས་ནས་དངོས་སུ་གསེར་ཁྲིར་མངའ་གསོལ་བའི་ཆོག་མཆན་ཞུ་དགོས། ལྔ་ནས་ཀྲུང་དབྱང་སྲིད་གཞུང་གིས་ཡང་སྲིད་ལས་འགན་རྒྱུན་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་དུས་ཚོད་ལ་ཆོག་མཆན་ཐོབ་རྗེས། གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་སྤེལ་ནས་སྐུ་ཕྲེང་སྔོན་མའི་ཆོས་རྒྱུད་འཛིན་དགོས། ལོ་རྒྱུས་ཐོག་ཏུ། ཏཱ་ལའི་བླ་མ་དང་པཎ་ཆེན་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ་ཚང་མ་ཀྲུང་དབྱང་སྲིད་གཞུང་གི་ཆེད་མངགས་འཐུས་མིས་དངོས་སུ་མདོ་འཛིན་དང་གཟིགས་རྟོག་བྱེད་པ་དང་ཆབས་ཅིག ཀྲུང་དབྱང་སྲིད་གཞུང་གིས་གནང་བའི་འཇའ་ས་བསྒྲགས་ཅིང་གསོལ་རས་གནང་བ་སོགས་བྱ་དགོས། གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ་མཇུག་སྒྲིལ་རྗེས། ཏཱ་ལའི་བླ་མའམ་ཡང་ན་པཎ་ཆེན་སོགས་ཚང་མས་དཔེ་ལྟར་གོང་རིམ་ལ་ཐུགས་རྗེ་ཞུ་དགོས།
    ཤུགས་རྐྱེན་ལྡན་པའི་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ནི་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་ལ་བརྟེན་ནས་ལས་འགན་རྒྱུན་འཛིན་བྱ་དགོས། འདིས་རྒྱལ་ཁབ་ཀྱིས་བོད་ས་གནས་ཀྱི་བདག་དབང་དང་བླ་མའི་ཡང་སྲིད་ངོས་འཛིན་ཐད་ཀྱི་དབང་གྲགས་མཚོན་ལ། སྲིད་དབང་ནི་ལྷ་དབང་ལས་ཆེ་བའི་འབྲེལ་བ་དང“རྒྱལ་བོས་བཙུགས་པའི་ཁྲིམས་དོན་ལ་བསྟུན་དགོས་པའི”གནས་ལུགས་མཚོན་ཡོད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་དགོས་པའི་དགོངས་པ་ཡང་མཚོན་ཡོད། འཛམ་གླིང་སྟེང་གི་རྒྱལ་ཁབ་གང་ཞིག་ཡིན་རུང་ཁྲིམས་ལྟར་རང་གི་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་སྲིད་ལ། གནའ་ནས་ད་ལྟའི་བར་ཕྱི་ནང་གང་ལ་མཚོན་ནའང་དེ་ལས་འདས་ཐུབ་པ་གཅིག་ཀྱང་མེད་དེ། འདི་ནི“ལྷ་མེད་སྨྲ་བ”དང“ལྷ་ཡོད་སྨྲ་བའི”དད་མོས་དང་འབྲེལ་བ་སྤུ་ཙམ་ཡང་མེད་པར་རྒྱལ་ཁབ་ཀྱི་བདག་དབང་དང་སྲིད་གཞུང་གི་འོས་འགན་གྱི་ལྡོག་མེད་བླང་བྱ་ཡིན། ཁྲིམས་ལྟར་ཆོས་ལུགས་བྱ་བ་ལ་དོ་དམ་བྱེད་པ་ནི། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་བའི་ཁེ་ཕན་དང་འབྲེལ་བའི་ཆོས་ལུགས་བྱ་བ་ལ་དོ་དམ་བྱས་པ་ཡིན་ལ། དེས་ཁྲིམས་མཐུན་ལ་སྲུང་སྐྱོང་དང་། ཁྲིམས་འགལ་ལ་བཀག་འགོག སིམ་འཛུལ་ལ་འགོག་རྒོལ། ཉེས་སྤྱོད་ལ་རྡུང་རྡེག་བྱེད་པ་སོགས་ཀྱི་ནང་དོན་མང་བོ་མཚོན་ཡོད། དེའི་མཐར་ཐུག་གི་དམིགས་ཡུལ་ནི་ཆོས་ལུགས་ལས་རིགས་དང་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཆེད་དུ་ཡིན་པས་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་བརྩི་བཀུར་རྒྱ་ཆེར་ཐོབ་སྲིད།
    གསུམ་པ། ཡང་སྲིད་ངེས་པར་དུ་རྒྱལ་ནང་དུ་འཚོལ་དགོས།
    ལོ་རྒྱུས་ཐོག་ཏུ། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་ཡང་སྲིད་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ནང་དུ་འཚོལ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད་དེ། ཕྱི་རྒྱལ་ནས་འཚོལ་བའི་སྔར་སྲོལ་གཏན་ནས་མེད་པས་འདི་ཡང་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་པར་རྒྱུན་འཁྱོངས་བྱ་དགོས་པའི་རྩ་དོན་གལ་ཆེན་ཞིག་ཡིན། ཀྲུང་གོ་ནི་བོད་བརྒྱུད་ནང་བསྟན་གྱི་ཕ་ས་ཡིན་ལ། བོད་བརྒྱུད་ནང་བསྟན་དེ་ཡང་སངས་རྒྱས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཐོན་དངོས་ཡིན་པ་མ་ཟད། ཀྲུང་གོའི་རང་ས་ཅན་དུ་འགྱུར་བའི་ཆོས་ལུགས་ཡིན། ཆོས་ལུགས་ཀྱི་འདུ་ཤེས་སམ་བསམ་བློ། ཆོས་ལུགས་ལ་བཅིངས་པའི་བརྩེ་དུང་ངམ་ཉམས་ལེན། ཡང་ན་ཆོས་ལུགས་ཀྱི་བྱ་སྤྱོད་དམ་བྱེད་སྒོ། ཆོས་ལུགས་རྩ་འཛུགས་སམ་ལམ་ལུགས་གང་ཞིག་ཡིན་རུང་ཚང་མ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་ཡོངས་སུ་འདྲེས་ཡོད་པས། བོད་བརྒྱུད་ནང་བསྟན་ཡང་རྦད་དེ་ཀྲུང་གོ་ཅན་གྱི་སངས་རྒྱས་ཆོས་ལུགས་སུ་གྱུར་ཡོད། བོད་བརྒྱུད་ནང་བསྟན་དར་བའི་ས་ཁོངས་གཙོ་བོ་དང་དད་ལྡན་མང་ཚོགས་ནི་ཀྲུང་གོར་ཡོད་ལ། ཡང་སྲིད་ངོས་འཛིན་གྱི་སྲོལ་དེ་ཡང་ཀྲུང་གོ་ནས་དར་བ་ཡིན་པས་ཀྲུང་གོའི་དགོན་སྡེ་ལ་གཏོགས་ན། དེའི་ཡང་སྲིད་ངོས་འཛིན་ལ་དོ་དམ་བྱེད་པ་ནི་ཀྲུང་གོའི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་གྲུབ་ཆ་འབྲལ་མེད་ཅིག་ཡིན་པས། ཁྲིམས་ལྟར་ཁོངས་གཏོགས་ས་ཆའི་དོ་དམ་དང་ཡང་སྲིད་རྒྱལ་ནང་དུ་འཚོལ་བའི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ནི་བསྙོན་དུ་མེད་པའི་ལོ་རྒྱུས་ཀྱི་དོན་དངོས་ཡིན། ཆོས་ལུགས་ལ་རྒྱལ་མཚམས་མེད་ཀྱང་དད་ལྡན་མང་ཚོགས་ལ་རྒྱལ་མཚམས་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་མ་དགོན་ནི་ཀྲུང་གོའི་འབྲས་སྤུངས་དགོན་པ་ཡིན་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་སོགས་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ནི་རྒྱལ་ནང་དུ་བཙལ་ཏེ་ངོས་འཛིན་པ་ལས་ཕྱི་རྒྱལ་ནས་བཙལ་བའི་སྔར་སྲོལ་གཏན་ནས་མེད། ཁོངས་གཏོཊ་ས་ཆའི་བརྩེ་བ་དང་དད་ལྡན་གྱི་སེམས་པ་ནི་བླ་སྤྲུལ་གྱི་ཡང་སྲིད་ཐག་གཅོད་བྱེད་པའི་རྒྱུ་རྐྱེན་གལ་ཆེ་ཞིག་ཡིན་པས། བླ་སྤྲུལ་གང་གི་ཡང་སྲིད་ཡིན་རུང་ཁོང་རང་གསོ་སྐྱོང་གནང་སའི་མ་དགོན་དང་རྒྱལ་ཁབ་ལ་ཁ་འབྲལ་མི་རུང་ལ། ཁོངས་གཏོགས་ས་ཆའི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་བརྩེ་བ་སྣང་མེད་གཏན་ནས་བྱ་མི་རུང་།
    2010 ལོའི་ཟླ 7པའི་ཚེས 4ཉིན་ལ། བོད་ལྗོངས་ལྷུན་རྩེ་རྫོང་བྲག་མགོ་དགོན་པའི་སྡེ་དྲུག་སྐུ་ཕྲེང་ལྔ་བའི་ཡང་སྲིད་ངོས་འཛིན་གྱི་གསེར་བུམ་དཀྲུག་འདོན་མཛད་སྒོ་ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་མདུན་དུ་གཟབ་རྒྱས་ངང་འཚོགས། ཡང་སྲིད་ཀྱི་འོས་མི་བློ་བཟང་རྡོ་རྗེ་ལ་འཁེལ་བས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་སྡེ་དྲུག་སྐུ་ཕྲེང་ལྔ་བ་འཇམ་དཔལ་སྐལ་བཟང་རྒྱ་མཚོའི་ཡང་སྲིད་ལ་ངོས་བཟུང་བ་མ་ཟད། རབ་བྱུང་བསྒྲུབས་ནས་སྡེ་དྲུག་སྐུ་ཕྲེང་དྲུག་པའི་ལས་འགན་བཞེས། འདི་ནིབོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབསཁྱབ་བསྒྲགས་བྱས་པ་ནས་བཟུང་། ཐེངས་དང་བོར་གསེར་བུམ་དཀྲུག་འདོན་གྱིས་ངོས་འཛིན་གནང་བའི་བླ་སྤྲུལ་གྱི་ཡང་སྲིད་ཡིན་ལ། ཡང་སྲིད་འཚོལ་བ་དང་ངོས་འཛིན་པའི་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ། གསེར་བུམ་དཀྲུག་འདོན་དང་སྲིད་གཞུང་གིས་ཆོག་མཆན་འགོད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད། ལྷག་པར་དུ་སྡེ་དྲུག་སྐུ་ཕྲེང་དྲུག་པ་མཆོག་ནི་ལྷུན་རྩེ་རྫོང་དུ་འཁྲུངས་པའི་བླ་སྤྲུལ་ཞིག་ཡིན་པས་ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་བསམ་འཆར་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་བརྩེ་དུང་ལ་བརྩི་འཇོག་གང་ལེགས་བྱས་ཏེ། ཡང་སྲིད་རྒྱལ་ནང་དང་ཁོངས་གཏོགས་ས་ཆ་ནས་འཚོལ་བའི་ལམ་ལུགས་རྒྱུན་འཁྱོངས་བྱས་ནས། ཆོས་དད་རང་མོས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་གསོན་ཉམས་ལྡན་པའི་ངང་ལག་བསྟར་བྱས། དེས་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་ཏུ་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་དོ་དམ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་དུ་བསྒྱུར་བའི་ཕྱོགས་ལ་གྲུབ་འབྲས་མངོན་གསལ་ཐོན་པ་མཚོན་ལ། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་མཐའ་འཁྱོངས་བྱས་པའང་མཚོན་ཡོད།
    བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་གྱི་བྱ་བར་དོ་དམ་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་ཚུལ་ལ་བལྟས་ན། ལོ་རྒྱུས་ཀྱི་འཕེལ་རྒྱས་ལས་བྱུང་བའི་ཡང་སྲིད་ངོས་འཛིན་གྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ་ལ་བརྩི་འཇོག་བྱེད་པ་ནི་བརྩི་སྲུང་བྱ་དགོས་པའི་རྩ་བའི་རྩ་དོན་ཞིག་ཡིན། གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་སམ་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་ལས་འགན་རྒྱུན་འཛིན་བྱེད་པའི་ལམ་ལུགས། ཡང་ན་ཡང་སྲིད་རྒྱལ་ནང་དུ་འཚོལ་བའི་ལམ་ལུགས་སོགས་གང་ཞིག་ཡིན་རུང་། ཀྲུང་དབྱང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་མཐོང་ཆེན་དང་བོད་བརྒྱུད་ནང་བསྟན་གྱི་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་བ་མཚོན་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་ལས་རིགས་ལ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན་གྱི་སྲོལ་རྒྱུན་བཟང་བོ་ཡོད་པའང་མཚོན། དེང་གི་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་ཏུ། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་པའི་ལོ་རྒྱུས་ཀྱི་གཏན་སྲོལ་དང་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་དང་། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་ཡོང་བར་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན། ཨ་རིས་གླེང་བཞིན་པའི“ཁྲིམས་གཞི”ཞེས་པ་ནི་ས་སྟེང་གི་སྐྱེ་བོ་ཀུན་ལ་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་འཛེམ་མེད་ཀྱིས་ཐེ་གཏོགས་བྱས་ནས་ལོང་བ་བྲག་ལ་བརྡབས་པའི་དགོད་གཞི་ལས་མ་འདས་སོ།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།