中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་ཁབ་ཀྱི་བཅའ་ཁྲིམས། >
༄༅།། རོང་འབྲོག་མང་ཚོགས་རྣམས་ཀྱིས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་ཤེས་བྱ།
དུས་ཚོད།2017-01-13 16:01:55     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།     ཆུང་། | འབྲིང་། | ཆེ།
   དེང་སང་ས་ཆ་གཞན་པར་ཞོར་ལས་ལ་འགྲོ་བའི་ཞིང་བ་ཇེ་མང་ཡིན་ལ། ཁོ་ཚོས་ཞོར་ལས་སམ་གླ་རྒྱག་པའི་གོ་རིམ་ཁྲོད་མི་འདོད་བཞིན་དུ་དོན་དག་ངན་པའང་གང་མང་ཞིག་བྱུང་བ་དང་འབྱུང་བཞིན་ཡོད་མོད། འོན་ཀྱང་། ཁོ་ཚོར་གླ་རྒྱག་སྐབས་སུ་རང་གི་ཁེ་དབང་ལ་སྲུང་སྐྱོབ་ཇི་ལྟར་བྱ་དགོས་པའི་ཐད་ཀྱི་ཤེས་བྱ་དང་ཉམས་མྱོང་མེད་སྟབས། དེ་འདྲའི་དོན་དག་ཆེ་མ་ཆུང་གསུམ་གང་ཞིག་ལ་ཐུག་རུང་ཐག་གཅོད་བྱེད་དཀའ་བའི་གནས་སུ་གྱུར་ཡོད། དེ་བས་འདིར་འབྲེལ་ཡོད་ནང་དོན་དང་འབྲེལ་ནས་ཅུང་བཤད་ན། ས་ཆ་གཞན་ནས་གླ་རྒྱག་སྐབས་ཞོར་ལས་པས་རང་གི་ཁེ་དབང་ལ་སྲུང་སྐྱོབ་ཇི་ལྟར་བྱ་དགོས་ཞེ་ན།
   གཅིག ངེས་པར་དུ་ངལ་རྩོལ་གན་རྒྱ་འཇོག་དགོས།
   ཞིང་བ་ཞོར་ལས་པས་ལས་ཀ་རྙེད་རྗེས། ཐོག་མར་མི་བཀོལ་སྡེ་ཁག་གམ་ཡང་ན་ལས་བདག་དང་ངལ་རྩོལ་གན་རྒྱ་འཇོག་དགོས། གན་རྒྱ་དེའི་ནང་ངལ་རྩོལ་གན་རྒྱ་འཇོག་པའི་དུས་ཡུན་དང་ལས་ཀའི་རིགས་གང་ཡིན་པ། ངལ་རྩོལ་སྲུང་སྐྱོབ་དང་ངལ་རྩོལ་ཆ་རྐྱེན། ངལ་རྩོལ་གྱི་ཐོབ་ཆ། ངལ་རྩོལ་གན་རྒྱ་སྤྱོད་མཚམས་འཇོག་པའི་ཆ་རྐྱེན། ངལ་རྩོལ་གན་རྒྱ་དང་འགལ་བའི་འགན་ཁུར་སོགས་འདུས་ཡོད། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགལ་བའི་ངལ་རྩོལ་གན་རྒྱ་དང་ཡང་ན་གཡོ་སྒྱུ་དང་འཇིགས་སྐུལ་སོགས་ལ་བརྟེན་ནས་བཞག་པའི་གན་རྒྱ་ནི་ནུས་པ་མེད་པའི་གན་རྒྱ་ཡིན།
   གཉིས། ཞོར་ལས་པས་རང་གི་གླ་ཕོགས་དང་ཡང་ན་ཆེས་དམའ་བའི་གླ་ཕོགས་ཇི་འདྲ་ཡོད་པ་ཤེས་དགོས།
   མི་བཀོལ་སྡེ་ཁག་གིས་ངེས་པར་དུ་ལག་དངུལ་གྱི་རྣམ་པས་གླ་ཕོགས་སྟེར་དགོས་པ་ལས། དེའི་ཚབ་ཏུ་དངོས་རྫས་དང་རིན་ཡོད་ཀྱི་དངུལ་འཛིན་བྱིན་མི་ཆོག ཞིང་བ་ཞོར་ལས་པས་ངེས་པར་དུ་མཉམ་འཇོག་དགོས་པ་ནི་སྤྱི་ཚོགས་འགན་སྲུང་དང་ཕན་བདེའི་གྲོན་དངུལ། ངལ་རྩོལ་སྲུང་སྐྱོབ་གྲོན་དངུལ་སོགས་གླ་ཕོགས་ཀྱི་ནང་དུ་མི་གཏོགས་པ་ཡིན། གླ་ཕོགས་ཆེས་ཉུང་ནའང་ཟླ་རེར་གཏན་འཁེལ་བྱས་པའི་དུས་ཚོད་ནང་ལྟར་ཐེངས་རེར་སྟེར་དགོས་ཤིང་། མི་བཀོལ་སྡེ་ཁག་གིས་ཞིང་བ་ཞོར་ལས་པར་བྱིན་པའི་གླ་ཕོགས་དེ་ས་གནས་སྲིད་གཞུང་དེས་གཏན་ཁེལ་བྱས་པའི་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་གཞི་ལས་ཉུང་མི་རུང་། མི་བཀོལ་སྡེ་ཁག་གིས་ཞིང་བ་ཞོར་ལས་པའི་གླ་ཕོགས་གང་འདོད་ལྟར་གཅོག་པའམ་ཡང་ན་ཆད་ལ་བཞག་ནས་འགོར་སོང་ན་ཞིང་བ་ཞོར་ལས་པ་ཚོས་ངལ་རྩོལ་སྡེ་ཁག་ལ་ཡར་ཞུ་བྱེད་ཆོག་པ་དང་། ངལ་རྩོལ་སྡེ་ཁག་གིས་མི་བཀོལ་སྡེ་ཁག་དེར་ཞིང་བ་ཞོར་ལས་པའི་གླ་ཕོགས་སྟེར་དགོས་པའི་འགན་ཁུར་དགོས་པ་མ་ཟད། དེར་བསྟུན་གྱི་དཔལ་འབྱོར་ཁ་གསབ་སྒོར་མོ་དང་སྐྱིན་ཚབ་ཁ་གསབ་སྒོར་མོ་སྟེར་དུ་འཇུག་དགོས།
   མི་བཀོལ་སྡེ་ཁག་གིས་ཞིང་བ་ཞོར་ལས་པའི་གླ་ཕོགས་གང་འདོད་དུ་གཅོག་པའམ་ཡང་ན་ཆད་ལ་བཞག་ནས་འགོར་འགྱངས་བྱས་ན། ཞིང་བ་ཞོར་ལས་པས་ས་གནས་དེའི་ངལ་རྩོལ་ཞིབ་དཔྱོད་སྡེ་ཁག་ལ་ཁ་པར་བརྒྱབ་ནས་གནས་ཚུལ་དེ་ཐེར་འདོན་བྱེད་ཆོག
   གསུམ། ལས་རྨས་དོན་རྐྱེན་བྱུང་རྗེས་ངེས་པར་དུ་ལོ་གཅིག་གི་ནང་ལ་གསལ་འབྱེད་བྱེད་པའི་རེ་འདུན་ཞུ་དགོས།
   ཞིང་བ་ཞོར་ལས་པས་ལས་རྨས་གསལ་འབྱེད་བྱེད་པ་ནི་རང་གི་ཁེ་དབང་སྲུང་བའི་གནད་འགག་ཅིག་ཡིན་མོད། འོན་ཀྱང་ཞིང་བ་ཞོར་ལས་པ་མང་བོ་ཞིག་གིས་ལས་རྨས་གསལ་འབྱེད་ཀྱི་དུས་ཡུན་ཤོར་དུ་འཇུག ཞིང་བ་ཞོར་ལས་པར་ལས་རྨས་དོན་རྐྱེན་བྱུང་བའམ་ཡང་ན་ལས་རིགས་སུ་རྐྱེན་ངན་ཕོག་ཚེ་ལོ་གཅིག་གི་ནང་ངེས་པར་དུ་ས་གནས་ཀྱི་ངལ་རྩོལ་སྡེ་ཁག་ལ་ལས་རྨས་ངོས་འཛིན་དང་ངལ་རྩོལ་ནུས་པར་གསལ་འབྱེད་བྱ་དགོས་པའི་རེ་འདུན་ཞུ་དགོས་ཤིང་། ལས་རྨས་འགན་སྲུང་འགྲོ་གྲོན་དེ་ཁེ་ལས་སམ་ཡང་ན་གླ་བདག་གིས་སྟེར་དགོས།
   ཞིང་བ་ཞོར་ལས་པས་ལས་རྨས་ངོས་འཛིན་བྱེད་པའི་ཆ་རྐྱེན་ངེས་པར་དུ་ཤེས་དགོས། གཤམ་གསལ་ཕྱོགས་དྲུག་ནི་སྤྱིར་བཏང་དུ་ལས་རྨས་ལ་ངོས་འཛིན་བྱེད་པའི་ཁོངས་སུ་འདུ་བས། ཞིང་བ་ཞོར་ལས་པས་ངེས་པར་དུ་འབྲེལ་ཡོད་དཔང་ཡིག་ཉར་ཚགས་བྱ་དགོས་པ་མ་ཟད། དུས་ཐོག་ཏུ་ངལ་རྩོལ་སྡེ་ཁག་ལ་སོང་ནས་ངོས་འཛིན་བྱེད་དུ་འཇུག་དགོས། དང་བོ། ཞོར་ལས་སྒྲུབ་པའི་དུས་དང་ཞོར་ལས་སྒྲུབ་ཡུལ་ནས་རྨས་སྐྱོན་ཕོག་པ། གཉིས་པ། ཞོར་ལས་སྒྲུབ་པའི་སྔ་གཞུག་ཏུ་ཞོར་ལས་སྒྲུབ་ཡུལ་ནས་ཞོར་ལས་དང་འབྲེལ་བའི་ལས་ཀ་འགོ་རྩོམ་སྐབས་དང་མཇུག་བསྡུ་བའི་དུས་སུ་རྨས་ཕོག་པ། གསུམ་པ། ཞོར་ལས་སྒྲུབ་པའི་དུས་ཡུན་དང་ཡང་ན་ཞོར་ལས་སྒྲུབ་ཡུལ་ནས་ལས་ཀ་སྒྲུབ་སྐབས་སུ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པ། བཞི་བ། ལས་རིགས་རྐྱེན་ནད་ཕོག་པ། ལྔ་བ། ཞོར་ལས་ཀྱི་ལས་ཀའི་ཆེད་དུ་ཕྱི་རོལ་ཏུ་འགྲོ་སྐབས་རྨས་ཕོག་པའམ་ཡང་ན་གར་སོང་མི་ཤེས་པར་གྱུར་པ། དྲུག་པ། ཞོར་ལས་སུ་འགྲོ་བ་དང་ཡང་ན་ལས་ཀ་གྲོལ་བའི་ལམ་བར་ནས་རླངས་འཁོར་གྱི་ཆག་སྒོ་བྱུང་བ་བཅས་ཡིན།
   བཞི། བཅའ་ཁྲིམས་ལ་བརྟེན་ནས་ཞོར་ལས་པས་རང་གི་ཁེ་དབང་སྲུང་སྐྱོབ་བྱ་དགོས།
   ཞིང་བ་ཞོར་ལས་པས་ངེས་པར་དུ་ཞོར་ལས་ལས་ཡུལ་དང་ལས་གནས་སྟེང་དུ་གནས་པའི་ཉེན་ཁ་དང་། འབྱུང་ངེས་པའི་ཆག་སྒོ གནོད་འཚེ་བཅས་ལ་རྒྱུས་ལོན་གསལ་བོ་བྱ་དགོས་པ་མ་ཟད། ཇི་ལྟར་དོགས་ཟོན་དང་བཅོས་སྐྱོང་བྱ་དགོས་ཚུལ་ཡང་ཤེས་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་སློབ་གསོ་དང་གསོ་སྦྱོང་དང་ལེན་བྱེད་པའི་དབང་ཆ་ཡོད་ལ། རང་གི་བདེ་འཇགས་དང་བདེ་ཐང་ལ་འགན་སྲུང་ཡོད་པའི་ངལ་རྩོལ་ཁོར་ཡུག་ཅིག་ཐོབ་ཐབས་བྱེད་པའི་དབང་ཆའང་ཡོད། བདེ་འཇགས་ཐོན་སྐྱེད་ཁྲོད་དུ་གནས་པའི་གནད་དོན་རིགས་ཐེར་འདོན་བྱེད་ཆོག་པ་མ་ཟད། སྒྲིག་སྲོལ་དང་འགལ་བའི་བཀོད་འདོམས་དང་ཉེན་ཁ་ཆེ་བའི་ལས་ཀའི་རིགས་མི་སྒྲུབ་པའི་དབང་ཆའང་ཡོད།
   ཞིང་བ་ཞོར་ལས་པ་དང་མི་བཀོལ་སྡེ་ཁག་གཉིས་བར་ལ་རྩོད་གཞི་བྱུང་ན། ཕྱོགས་གཉིས་ཀས་གྲོས་མོལ་བྱས་ཏེ་ཐག་གཅོད་བྱས་ཆོག་ལ། ཡང་ངལ་རྩོལ་རྩོད་གཞི་འདུམ་འགྲིག་ཨུ་ཡོན་ལྷན་ཚོགས་བརྒྱུད་དེ་འདུམ་འགྲིག་བྱས་ཀྱང་ཆོག འདུམ་འགྲིག་བྱས་པའི་མཇུག་འབྲས་རང་གི་འདོད་ཐོག་ཏུ་མ་སོང་ཚེ། ངེས་པར་དུ་ཉིན་བཅོ་ལྔའི་ནང་མི་དམངས་ཁྲིམས་ཁང་ལ་ཞུ་འབུལ་བྱ་དགོས།
   ཞིང་བ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་མི་བཀོལ་སྡེ་ཁག་དང་ཡང་ན་ཁྲིམས་དང་མི་མཐུན་པའི་མཚམས་སྦྱོར་གྱིས་གནོད་འཚེ་བཟོས་ན། ཞིང་བ་ཞོར་ལས་པ་ཚོས་གནས་ཚུལ་དེ་ཐད་ཀར་དུ་ས་དེའི་ངལ་རྩོལ་འགན་སྲུང་ཞིབ་དཔྱོད་སྡེ་ཁག་ལ་ཐེར་འདོན་དང་གཏུག་བཤེར་བྱས་ཆོག།
རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།