中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་ཁབ་ཀྱི་བཅའ་ཁྲིམས། >
༄༅།། སྒོར་ཞེ་དགུའི་འཕྲོག་བཅོམ་དང་ལོ་ཉེར་བཞིའི་བྲོས་བྱོལ།
དུས་ཚོད།2019-01-09 15:03:28     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་ཁྲིམ་ས་ལུགས་ཚགས་པར།    ཆུང་། | འབྲིང་། | ཆེ།
     ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་ནུབ་ཡན་ལག་ཅུས་སུ། མཱ་ཞའོ་ཅོན་གྱི་ཨ་མ་འཁོར་སྟེགས་སུ་ཙོག་ནས་ངུ་བཞིན་ཡོད་པ་དང་། ཨ་ཕས་མིག་ལ་མཆི་མ་འཁྱིལ་ནས་ཅི་ཡང་མི་སྨྲ་བར་བསྡད་ཡོད། ཨ་ཅེ་ཡིས་གྱོན་གོས་གསར་པ་ཁུག་མ་འགའ་དང་། མཱ་ཞའོ་ཅོན་ཆེས་དགའ་བའི་ལུག་རྒྱུའི་ཐུག་པ། ལུག་ཤ་བཙོས་མ་སོགས་ལག་པ་གཡས་གཡོན་དུ་བཟུང་ཡོད།  ཡིན་ནའང་།  ཁོ་ཚོའི་མིག་མདུན་དུ་ཡོད་པའི་སྐྲ་ལོ་གཟེངས་ཤིང་ཤ་ཤིན་ཏུ་རིད་པ་དང་། ལུས་ལ་ཀོ་ལྭ་ནག་པོ་གྱོན་པའི་སྐྱེས་པ་དར་མ་དེ་མཱ་ཞའོ་ཅོན་ཡིན་པར་ཐེ་ཚོམ་སྐྱེས་པས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ངོས་འཛིན་གསལ་པོ་བྱས་རྗེས། ད་གཟོད་ངོ་མ་ཡིན་པ་ཐག་གིས་ཆོད།
    “ཞའོ་ཅོན། འདི་ཁྱོད་ཀྱིས་ཆེས་ཟ་རྒྱུར་དགའ་བའི་ལུག་རྒྱུའི་ཐུག་པ་ཡིན། མགྱོགས་པོར་འཐུང་།འཁྱག་ཏུ་མ་འཇུག”ཞེས་མཱ་ཞའོ་ཅོན་གྱི་ཨ་ཅེ་ཡིས་དཀར་ཡོལ་བཟུང་ཞིང་ཐང་ལ་པུས་ཚུགས་སུ་བསྡད་ནས་ནུ་བོར་ཟ་མ་ལྡུད་པའི་སྣང་ཚུལ་འདིས། གནས་དེ་ན་ཡོད་པའི་མི་ཚང་མར་མཆི་མ་ལྷུང་དུ་བཅུག
     སྐད་ཅིག་མའི་ཧམ་སེམས་དང་ཞེ་སྡང་གིས། ལོ་ངོ24སྔོན་དུ། མཱ་ཞའོ་ཅོན་དང་ཁོའི་གྲོགས་པོ་གཉིས་ཀྱིས་སྐྱེས་པ་ཞིག་ལྔ་ལམ་དུ་བརྫངས་རྗེས་རྟབ་རྟབ་པོར་ས་ཆ་གཞན་དུ་བྲོས་ཤིང་། ད་ལྟའི་བར་དུ། ཕ་མ་དང་ཕུ་ནུ་མིང་སྲིང་སུ་ཞིག་ལའང་འབྲེལ་གཏུགས་བྱེད་མ་ཕོད་པར་རུས་མིང་གཞན་དུ་བརྗེས་ནས་བརྐུ་འཕྲོག་ལ་བརྟེན་ཏེ་ཁ་གསོས་ནས་བསྡད་པ་རེད།
     ཟླ9པའི་ཚེས22ཉིན། མཁར་ནུབ་ཡན་ལག་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་མཱ་ཞའོ་ཅོན་བཟུང་ནས་ཕྱིར་ཟི་ལིང་དུ་ལོག འདས་པོའི་བཟའ་ཟླ་དང་ཨ་ཅེ་གཉིས་ཀྱིས་གནས་ཚུལ་འདི་གོ་མ་ཐག་དུར་ས་རུ་སོང་ནས་མིག་བཙུམ་དཀའ་བའི་རང་གི་ཉེ་བོའི་ལག་དམར་ལག་ཏུ་ཟིན་པས་དགའ་བའམ་སྐྱོ་བས་ངུ་རྒྱངས་བྱས། ཟླ11པའི་ཚེས5ཉིན། གསར་འགོད་པས་གྱོད་དོན་འདི་སྒྲུབ་པའི་མི་དམངས་ཉེན་རྟོག་པར་བཅར་འདྲི་བྱས་ཏེ། གྱོད་དོན་འདིའི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས།

སྤྱི་བདེ་པུའུ་ནས་གཤིན་རྗེའི་ཞགས་པ་བཏབ་པ།
     ད་ལོའི་ཟླ9པར། མཁར་ནུབ་ཡན་ལག་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་སྤྱི་བདེ་པུའུ་ནས་བསྐུར་བའི་བརྡ་ཡིག་ཅིག་འབྱོར།  བརྡ་ཡིག་ལས། སི་ཁྲོན་ཞིང་ཆེན་ཆོང་ལེ་བཙོན་ཁང་དུ་བཅུག་མྱོང་བའི་མཱ་པེན་ནི་ལོ་ངོ24སྔོན་དུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ནས་མི་བསད་དོན་རྐྱེན་ཞིག་བྱུང་བའི་དོགས་ཡོད་ཉེས་ཅན་མཱ་ཞའོ་ཅོན་དང་ཤིན་ཏུ་རིག་པས། དེ་གཉིས་མི་གཅིག་ཡིན་པར་དོགས་པ་འདུག་ཅེས་བརྗོད་ཡོད། བརྡ་ཡིག་འབྱོར་རྗེས། མཁར་ནུབ་ཡན་ལག་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་མི་དམངས་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ལྷོ་རིའི་ལམ་དུ་ཡོད་པའི་མཱ་ཞའོ་ཅོན་ཚང་དུ་སོང་ནས་འབྲེལ་ཡོད་ཀྱི་གནས་ཚུལ་ཞིབ་འདྲི་བྱས།
     མི་དམངས་ཉེན་རྟོག་པ་མཱ་ཞའོ་ཅོན་ཚང་གི་ཁྱིམ་དུ་འཛུལ་དུས། ཁྱིམ་དུ་ལོ་ན་ཤིན་ཏུ་བགྲེས་པའི་མཱ་ཞའོ་ཅོན་གྱི་ཕ་མ་གཉིས་ལས་མི་འདུག་ལ། ཨ་མའི་ལུས་པོར་སྐྱོན་ཡོད་པས་ཕར་ཚུར་སོང་ན་སྟབས་མི་བདེ་བ་དང་། ཨ་ཕའི་ལུས་ཕུང་ད་དུང་བདེ་ཐང་ཡིན་ལ། རང་གིས་རང་ལ་བདག་ཐུབ་ཀྱིན་འདུག  མི་དམངས་ཉེན་རྟོག་པས་མཱ་ཞའོ་ཅོན་གྱི་གནས་ཚུལ་དྲིས་མ་ཐག ལོ་ལོན་རྒན་རྒོན་གཉིས་ཀྱི་མིག་ཆུ་ཤམ་ཤུམ་དུ་བཞུར་བཞིན“ང་ཚོས་ཀྱང་རང་གི་བུ་ཕྲུག་ལོ20ལྷག་ལ་མ་མཐོང་། ཁོ་ད་ལྟ་མི་ཡུལ་དུ་གསོན་ཡོད་མེད་ཀྱང་མི་ཤེས”ཞེས་ལན་བཏབ།

     མཱ་ཞའོ་ཅོན་ནི་ཁོའི་ཕ་མ་གཉིས་ལ་མཚོན་ན་སྡུག་བསྔལ་འབའ་ཞིག་སྟེ། ལོ་ངོ24རིང་ལ་ཁོ་གར་འགྲོ་འདིར་འདུག་གི་གནས་ཚུལ་ཙམ་ཡང་མེད་པས། ལོ་ལོན་རྒན་རྒོན་གཉིས་ཀྱི་སེམས་བདེ་མོ་ཞིག་ཡོང་དུ་མ་བཅུག ད་ལྟ་ཁོ་ཚོ་ལ་འདུན་པ་ཞིག་ཡོད་པ་ནི་རང་ཉིད་གསོན་ཡོད་དུས་བུ་མཱ་ཞའོ་ཅོན་དང་ངོ་ཞིག་ཐུག་ནས་ཁོའི་ཤི་གསོན་དང་ཉེ་ལམ་གྱི་གནས་ཚུལ་ཤེས་འདོད་པ་དེའོ། །

     མཱ་ཞའོ་ཅོན་དང་མཱ་པེན་གཉིས་མི་གཅིག་ཡིན་མིན་གསལ་ཐག་གཅོད་ཆེད། མཁར་ནུབ་ཡན་ལག་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་སྤྱི་བདེ་པུའུ་ཡི་བརྡ་ཡིག་གི་བླང་བྱ་ལྟར། མཱ་ཞའོ་ཅོན་གྱི་གཉེན་ཉེའི་ཁྲག་དཔེ་བླངས་ཏེ་འབྲེལ་ཡོད་སྡེ་ཁག་ལ་སྤྲད་ནསDNAལ་བལྟ་རུ་བཅུག གལ་ཏེ་མཱ་ཞའོ་ཅོན་གྱི་གཉེན་ཉེའིDNAདང་མཱ་པེན་གྱིDNAགཉིས་ཤིན་ཏུ་འདྲ་མཚུངས་ཡིན་ན། མཱ་པེན་ནི་ལོ་ངོ་དུ་མར་བྲོས་བྱོལ་བྱས་པའི་མི་གསོད་ལག་དམར་མཱ་ཞའོ་ཅོན་ཡིན་པར་ར་སྤྲོད་བྱས་པ་རེད།

     མཁར་ནུབ་ཡན་ལག་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འབྲེལ་ཡོད་ཀྱི་ཆ་འཕྲིན་ལ་ཞིབ་བསྡུར་དང་། DNAབརྟག་བཤེར་བྱས་རྗེས། མཱ་པེན་གྱིDNAདང་མཱ་ཞའོ་ཅོན་གྱི་གཉེན་ཉེའིDNAགཉིས་ཤིན་ཏུ་འདྲ་མཚུངས་ཡིན་པས། མཱ་པེན་ནི་ཟི་ལིང་ནས་དོན་རྐྱེན་བཟོས་རྗེས་བྲོས་བྱོལ་བྱས་པའི་དོགས་ཡོད་ཉེས་ཅན་མཱ་ཞའོ་ཅོན་ཡིན་པ་ངོས་བཟུང་བར་མ་ཟད་ལོ་ངོ24ལ་བརྟོལ་མ་ཐུབ་པའི་མི་བསད་གྱོད་དོན་ཞིག་གཞི་ནས་རྩད་ཆོད་པ་རེད།

གྱོད་དོན་འབྱུང་རྐྱེན་དང་མཇུག་འབྲས་དྲང་བོར་བརྗོད་པ།

     ཟླ9པའི་ཚེས15ཉིན། མཁར་ནུབ་ཡན་ལག་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་མགྱོགས་མྱུར་ངང་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་སོང་ཞིང་། ཉིན3གྱི་རྗེས་སུ། ས་གནས་དེ་གའི་མི་དམངས་ཉེན་རྟོག་པའི་རམ་འདེགས་འོག མཱ་ཞའོ་ཅོན་ཁྲིན་ཏུའུ་གྲོང་ཁྱེར་ཅིན་ཉིག་ཁུལ་གྱི་གནས་ག་གེ་མོ་ནས་འཛིན་བཟུང་བྱས།
ཁོས་རྐྱེན་ག་འདྲ་ཞིག་གི་འོག་ཏུ་མི་བསད་གྱོད་གཞི་བཟོས་པ་ཡིན་ནམ། དེ་ལ་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འདྲི་གཅོད་བྱས་ཀྱང་མཱ་ཞའོ་ཅོན་གྱིས་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་བཟུང་ནས་བསྡད་པས། མི་དམངས་ཉེན་རྟོག་པས་བྱེད་ཐབས་བསྒྱུར་ཏེ་ལོ་ངོ24རིང་གི་ཟི་ལིང་གི་འགྱུར་ལྡོག་དང་། ཁོའི་ཕ་མའི་ཉེ་ལམ་གྱི་གནས་ཚུལ་བཤད་མཐར། མཱ་ཞའོ་ཅོན་གྱིས་གྱོད་དོན་འདིའི་མགོ་རྔ་བར་གསུམ་དྲང་མོར་བརྗོད་པ་རེད།

     1994ལོའི་ཟླ5པའི་ཚེས28ཉིན་གྱི་སྔ་མོའི་ཆུ་ཚོད1ཡས་མས་སུ། ལོ19ལ་སོན་པའི་མཱ་ཞའོ་ཅོན་དང་ཁོའི་གྲོགས་པོ་ཕང་ཆེ་གེ་མོ་གཉིས་ཟི་ལིང་གི་བྲོ་ཁང་ཞིག་ནས་སྒོར་བུད་རྗེས། མཁར་ནུབ་ཁུལ་ཐུན་རིན་ལམ་ནས་འགྲོ་བཞིན་པའི་སྐབས་སུ་སྐྱེས་པ་ཁེར་འགྲོ་ཞིག་ལ་འཕྲད་ཅིང་། ཁོ་གཉིས་ཀྱིས་བྲོ་ཁང་དུ་ལག་སྣེ་ཡི་སྒོར་མོ་ཚང་མ་བརླགས་ཚར་བས། སྐྱེས་པ་དེ་རིག་མ་ཐག་ཐད་ཀར་དེའི་ལག་ནས་སྒོར་མོ་འཕྲོག་པའི་ལས་བརྩམས།

    ཡིན་ནའང་། མཱ་ཞའོ་ཅོན་དང་ཕང་ཆེ་གེ་མོ་གཉིས་ཀྱིས་སྒོར་མོ་འཕྲོག་པའི་གོ་རིམ་ཁྲོད་དུ། སྐྱེས་པ་དེས་ཕྱིར་འཁོན་ལན་དྲག་པོ་སློག་པས། ཁོ་གཉིས་ཀྱིས་ཐང་ནས་སོ་ཕག་ཅིག་བླངས་ནས་ཤེད་ཆེན་པོས་སྐྱེས་པ་དེའི་མགོ་ལ་བརྒྱབ་ནས། སྐྱེས་པ་དེས་འཁོན་ལན་སློག་མི་ཐུབ་པ་དང་འཕག་ཚག་བྱེད་མི་ཐུབ་པའི་བར་དུ་རྒྱག་མཚམས་མ་བཞག  དེ་ནས་ཁོ་གཉིས་ཀྱིས་སྐྱེས་པ་དེའི་ཁུག་མ་ལས་སྒོར་མོ49བླངས་རྗེས་ལམ་སང་གནས་དེ་ནས་བྲོས་པ་རེད། འོན་ཀྱང་མཱ་ཞའོ་ཅོན་གྱིས་ཡིད་ལའང་མ་ཤར་བ་ཞིག་ནི་སྐྱེས་པ་དེ་རྨས་སྐྱོན་ལྗིད་མོ་ཕོག་ནས་ཤི་བ་དང་། ཕང་ཆེ་གེ་མོ་ཡང་ཕྱི་ཉིན་དེར་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་རེད། གནས་ཚུལ་དེ་ཤེས་མ་ཐག མཱ་ཞའོ་ཅོན་རྟབ་རྟབ་པོར་ས་ཆ་གཞན་དུ་བྲོས་བྱོལ་བྱས་པ་རེད།


རྐུ་འཕྲོག་ལས་ལ་འཇུས་སྟབས་བཙོན་དུ་ཐེངས་མང་ཚུད་པ།

     མཱ་ཞའོ་ཅོན་གྱིས་མི་དམངས་ཉེན་རྟོག་པར“ལོ་ངོ24རིང་ལ་རང་ཉིད་ཀྱིས་མུན་ནག་ཏུ་འཚོ་བ་རོལ་བ་དང་འདྲ”ཞེས་བརྗོད་བྱུང་། ལོ་ངོ24ཡི་བྲོས་བྱོལ་ཁྲོད། ཁོས་རང་གི་ཐོབ་ཐང་གཞན་གྱིས་ཤེས་པར་དོགས་ནས་ཁ་པར་འཛིན་མ་ཕོད་ཅིང་། ངེས་གཏན་གྱི་བྱ་བ་དང་སྡོད་གནས་ཀྱང་མེད་པ་རེད། མ་གཞི།  མཱ་ཞའོ་ཅོན་གྱིས་ཕང་ཆེ་གེ་མོ་འཛིན་བཟུང་བྱས་ཟིན་པ་ཤེས་རྗེས། ཉིན་དེར་ཟི་ལིང་མེ་འཁོར་ས་ཚིགས་ནས་ཚོང་ཟོང་འདྲུད་པའི་མེ་འཁོར་ཞིག་ཏུ་འགོས་ནས་ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར་དུ་བྲོས་ཤིང་། ལག་ཏུ་སྐར་གང་ཡང་མེད་པས་ཁོས་རྐུ་འཕྲོག་ལ་བརྟེན་ནས་འཚོ་བ་རོལ།

     1998ལོར། ལན་གྲུ་ཉེན་རྟོག་ཕྱོགས་ཀྱིས་ལན་གྲུ་མེ་འཁོར་ས་ཚིགས་ནས་འཕྲོག་བཅོམ་གྱི་གྱོད་དོན་ཞིག་ལ་འབྲེལ་བ་ཡོད་པའི་མཱ་ཞའོ་ཅོན་ལག་ཏུ་ཟིན། ཁོས་ཉེན་རྟོག་ཕྱོགས་ལ་ཁོ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་རྟ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་མི་ཡིན་པ་དང་། མིང་ལ་མཱ་པེན་ཟེར་བར་བཤད། ཡིན་ནའང་ལན་གྲུ་ཉེན་རྟོག་ཕྱོགས་ཀྱིས་མི་མངགས་ནས་རང་ཞིང་ནས་ཞིབ་བཤེར་བྱས་ཀྱང་། མཱ་པེན་ཞེས་པའི་མི་ཞིག་གི་ཁྱིམ་ཐོ་དང་། ཁོའི་ཐོབ་ཐང་དང་འབྲེལ་བའི་གཞན་པའི་གནས་ཚུལ་ཡང་བཙལ་ནས་མ་རྙེད་པས། མཱ་པེན་ཞེས་པའི་མིང་གི་ངོས་ནས་ཉེས་དོན་བཀག་ཉར་བྱས། རྗེས་སུ་ས་གནས་དེ་གའི་མི་དམངས་ཁྲིམས་ཁང་གིས་དུས་བཀག་བཙོན་འཇུག་ལོ7གྱི་ཉེས་ཆད་བཅད།

     བཙོན་ཁང་ནས་ཕྱིར་བུད་རྗེས། མཱ་ཞའོ་ཅོན་ལྷོ་ཕྱོགས་སུ་ཡོད་པའི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་སོང་། སྐབས་དེར་ཁོ་ལ་ད་དུང་ཐོབ་ཐང་ཆ་འཕྲིན་ཅི་ཡང་མེད་ཅིང་། རང་གི་ཐོབ་ཐང་ངོ་མ་ཡང་ཕྱིར་མངོན་པར་སྐྲག་སྟེ་བྱ་བ་ཡང་ལག་ཏུ་མ་རེག་སྟབས། མུ་མཐུད་དུ་རྐུ་འཕྲོག་ལ་བརྟེན་ནས་འཚོ་བ་མི་རོལ་ག་མེད་བྱུང་། དེ་བས་ཁྲིན་ཏུའུ་ཉེན་རྟོག་ཕྱོགས་ཀྱིས་ཁོ་ཐེངས་མང་པོར་བཟུང་སྟེ་ཆད་པ་བཅད།

     མཱ་ཞའོ་ཅོན་གྱིས་མཱ་པེན་ཞེས་པའི་མིང་བེད་སྤྱད་དེ་སི་ཁྲོན་ཞིང་ཆེན་གྱི་ས་ཆ་སོ་སོའི་བཙོན་ཁང་དུ་ཐེངས་དུ་མར་བསྡད་མྱོང་ལ། ཆེས་གཞུག་མ་ནི་ན་ནིང་སྟེ། ཁོས་ཁྲིན་ཏུའུ་མེ་འཁོར་ས་ཚིགས་ནས་བརྐུས་བྱས་པས་ཁྲིན་ཏུའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྲན་ཆན་ཡན་ལག་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། རྗེས་སུ་ས་གནས་དེ་གའི་ཁྲིམས་ཁང་གིས་ཉེས་ཆད་བཅད་ནས་ད་ལོའི་ཟླ2པར་ཆོང་ལེ་བཙོན་ཁང་ནས་དུས་ཚོད་འདང་སྟེ་བཏང་བ་རེད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།