གྱོད་དཔེ་གཤིན་རྗེའི་མེ་ལོང་།
རྒྱལ་ཡོངས་འཆལ་སེལ་རྡུང་རྡེག་གཞུང་སྒྲུབ་ཁང་གིས་ཉིན་འགའི་སྔོན་ལ། 2018ལོའི་ལོ་མཇུག་གི་འཆལ་སེལ་རྡུང་རྡེག་གྱོད་དོན་ཆེན་མོ་བཅུ་ཁྱབ་སྒྲོག་བྱས། དེ་ནི་ཁྲིམས་འགལ་དཔེ་སྐྲུན་དང་། དྲ་ལམ་ནས་ཆགས་སྲེད་དངོས་རྫས་བརྒྱུད་སྒྲོག་བྱེད་པ། སྨྱན་བྱད་རྫུན་མ།གསར་འགོད་པ་རྫུན་མ།གསར་འགོད་པའི་ས་ཚིགས་རྫུན་མ །པར་དབང་བརྐུས་ཏེ་དབང་གནོད་བྱས་པ། ནར་སོན་མེད་པའི་མིའི་ཁེ་དབང་ལ་གནོད་འཚེ་བཏང་བ་སོགས་ཀྱི་ཕྱོགས་དང་འབྲེལ་ཡོད་པ་རེད། 2018ལོར་རྒྱལ་ཡོངས་ཀྱིས་འཆལ་སེལ་རྡུང་རྡེག་གྱོད་དོན་རིགས་ཁྱོན་བསྡོམས་པས་ཁྲི1.2ལྷག་ཞིབ་བཤེར་བྱས་ཏེ་ཐག་བཅད། དེའི་ནང་ནས་ཉེས་དོན་གྱོད་གཞི1200ལྷག་དང་། ཉེས་དོན་གྱི་ཆད་པ་བཅད་པའི་མི་གྲངས2670ལྷག་ཡོད།
01
ཀྲེ་ཅང་ཅ་ཞིན་གྱི“4•05”དྲ་སྟེང་དུ་འདོད་གཡེམ་གྱི་ཆགས་སྲེད་དངོས་རྫས་བརྒྱུད་སྒྲོག་བྱས་ཏེ་ཁེ་སྤོགས་བླངས་པའི་གྱོད་དོན།
2018ལོའི་ཟླ8པར།ཅ་ཞིན་སྤྱི་བདེ་ལུས་ཁུངས་ཀྱིས་བྱ་བ་སྒྲུབ་པའི་ཁྲོད། མིང་ལ“MAX”ཟེར་བའི་ཐད་གཏོང་མཉེན་ཆས་ཤིག་གིས་ཆགས་སྲེད་ཀྱི་དངོས་རྫས་ཁྱབ་སྒྲོག་བྱེད་བཞིན་པ་ཤེས། ཞིབ་བཤེར་བྱས་པ་བརྒྱུད།APPམཉེན་ཆས་འདིར་ཆགས་སྲེད་ཐད་གཏོང་འབྱུང་ཁུངས110ཡས་མས་འདུས་ཡོད་པ་ཤེས་ཤིང་། དེར་ཆགས་སྲེད་བརྙན་ཁྲི་བཅུ་ཙམ་ཉར་ཡོད་ལ། ཕྱོགས་སོ་སོ་ནས་ལས་ཚབ་བྱ་རུ་བཅུག་སྟེ་འཕེལ་རྒྱས་སུ་སོང་བ་དང་བསྟུན། བེད་སྤྱོད་མཁན་བསྡུས་ཏེ་ཉོ་འཚོང་གི་རྣམ་པའི་སྒོ་ནས་ཁེ་སྤོགས་ལེན་པ་རེད། གྱོད་དོན་བྱུང་བ་ནས་ད་ལྟའི་བར།ལས་ཚབ་ཁྲི1.6ལྷག་ཡོད་ཅིང་ཚོགས་མི360ལྷག་ཡོད་པ་དང་། དེར་འབྲེལ་གྱི་མ་དངུལ་དུང་ཕྱུར2.5ཡོད་པ་རེད། ཟླ4པའི་ཚེས12ཉིན།གྱོད་དོན་ཆེད་སྒྲུབ་ཚན་ཆུང་གིས་ཧྥོའུ་ཅན། ཧྲང་ཧའེ། ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར20ནས་དོགས་ཡོད་ཉེས་ཅན200ལྷག་འཛིན་བཟུང་བྱས། ཟླ8པའི་ཚེས24ཉིན།སྤྱི་བདེ་པུའུ་ཡི་རམ་འདེགས་དང་བཀོད་འདོམས་འོག གྱོད་དོན་ཆེད་སྒྲུབ་ཚན་ཆུང་མངའ་ཁོངས་ཕྱིའི་བྱ་བའི་ཚོ་ཆུང་གི་ཅན་ཕུའུ་ཀྲའེ་ཉེན་རྟོག་པ་དང་མཉམ་འབྲེལ་སྒོས་སྤྱི་སྟེགས་སྦྱིན་བདག་སོགས་དོགས་ཡོད་ཉེས་ཅན18འཛིན་བཟུང་བྱས་པར་མ་ཟད་རང་རྒྱལ་དུ་བདེ་བླག་ངང་ཕྱིར་ལོག
02
ཧྲན་ཏུང་ཅི་ཉིན་གྱི“12•15”ཆགས་སྲེད་དངོས་རྫས་བརྒྱུད་སྒྲོག་བྱས་ཏེ་ཁེ་སྤོགས་བླངས་པའི་གྱོད་དོན།
ཅི་ཉིན་གྲོང་ཁྱེར་འཆལ་སེལ་རྡུང་རྡེག་སྡེ་ཁག་གིས་གྱོད་དོན་ཆེད་སྒྲུབ་ཚན་ཆུང་བཙུགས་ཤིང་། 2017ལོའི་ཟླ12པ་ནས་བཟུང་མགོ་བརྩམས་ཏེ། ཟླ10ལྷག་ལ་དཀའ་བ་སྤྱད་མཐར་གྱོད་དོན་དེ་བདེ་བླག་ངང་བརྟོལ་བ་རེད། ཞིབ་བཤེར་བྱས་པ་བརྒྱུད། མིང་ལ“མཛེས་མའི་བསླུ་བྲིད”ཟེར་བ་སོགས་ཐད་གཏོང་སྤྱི་སྟེགས12སྟེང་ཏུ་ཆགས་སྲེད་དངོས་རྫས་ཁྱབ་བསྒྲགས་བྱས་ནས་ཚུལ་མཐུན་མིན་པའི་ཁེ་སྤོགས་ལེན་པའི་བྱ་འགུལ་སྤེལ་བཞིན་པ་ཤེས་ཤིང་། ཆེས་ཛ་དྲག་གི་སྐབས་སུ་གཙོ་གཏོང་མཁན་བརྒྱ་ལྷག་མཉམ་གཅིག་ཏུ་དྲ་ཐོག་ཏུ་ཡོད་ལ། གཙོ་གཏོང་མཁན་རེ་རེར་ཆེས་ཉུང་དུས་ཀྱང་ཚོགས་མི་བརྒྱ་ཕྲག་ལྷག་དང་ཆེས་མང་དུས་ཚོགས་མི་སྟོང་ཕྲག་ལྷག་ཡོད་ཅིང་། ཆེས་མང་པའི་སྐབས་ཤིག་ལ་མི་གྲངས་ཁྲི24ལྷག་གིས་གཙོ་གཏོང་མཁན་ཆེ་གེ་མོ་ཞིག་གི་ཆགས་སྲེད་འཁྲབ་སྟོན་ཐད་གཏོང་ལ་བལྟས་ཡོད་པ་རེད། གྱོད་གཞི་དེ་དང་འབྲེལ་བའི་ཐད་གཏོང་སྤྱི་སྟེགས་ཐོ་འགོད་བྱས་ཡོད་པའི་ཚོགས་མི་ཁྲི200ལྷག་དང་། མ་དངུལ་སྒོར་དུང་ཕྱུར1ལྷག་ཡོད། གྱོད་དོན་ཆེད་སྒྲུབ་ཚན་ཆུང་གིས་ཞིང་ཆེན20ལྷག་དང་མངའ་ཁོངས་ཕྱི་ནས་དོགས་ཡོད་ཉེས་ཅན78འཛིན་བཟུང་བྱས། དེའི་ཁྲོད་དུ་མངའ་ཁོངས་ཕྱི་རུ་ཡོད་པའི་ཉེས་ཅན་གཙོ་བོ12རང་རྒྱལ་དུ་ལོག་ནས་རང་ཉེས་ངོས་ལེན་བྱས་ཤིང་། ཉེན་ཅན45ཞིབ་དཔྱོད་ཁང་དུ་བསྐྱལ་བ་རེད། 2018ལོའི་ཟླ12པའི་ཚེས4ཉིན། ཐེངས་དང་པོར་ཞིབ་དཔྱོད་ཁང་དུ་བསྐྱལ་བའི་མའོ་ཆེ་གེ་མོ་སོགས་མི8ཁྲིམས་ཁང་གིས་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ཟླ6ནས་ལོ4བར་གྱི་ཉེས་ཆད་བཅད།
03
ཀྲེ་ཅང་ཐེ་ཀྲུའུ་དུ“8•04”དྲ་ཐོག་ཏུ་ཁྲིམས་འགལ་གྱིས་པར་སྐྲུན་བྱས་པའི་གློག་རྡུལ་རིགས་ཕྱིར་འཚོང་བྱེད་པའི་གྱོད་དོན།
2018ལོའི་ཟླ10པར། ཀྲེ་ཅང་ཞིང་ཆེན་འཆལ་སེལ་རྡུང་རྡེག་གཞུང་སྒྲུབ་ཁང་གིས་སྤྱི་བདེ་ལས་ཁུངས་ལ་རམ་འདེགས་བྱས་ནས་ཟླ5ལྷག་ལ་བརྟག་དཔྱད་དང་དཔང་རྟགས་བླངས་པར་བརྟེན། ཀོང་ཞི་དང་ཧུའུ་པེ་རུ་དོགས་ཡོད་ཉེས་ཅན7འཛིན་བཟུང་བྱས་ཤིང་། ཞབས་ཕྱིའི་འཕྲུལ་ཆས་དང་གློག་ཀླད་སོགས་སྒྲིག་ཆས3བཙན་ཉར་བྱས་པ་དང་། ཁྲིམས་འགལ་སྒོས་ཉར་ཚགས་བྱས་ཡོད་པའི་པར་སྐྲུན་དངོས་པོའི་སྲ་སྡེར9TBརྩད་ཆོད་བྱུང་། གློག་ཀླད་ཀྱི་སྲ་སྡེར་ནང་གྱོད་འབྲེལ་གློག་རྡུལ་པར་སྐྲུན་དངོས་པོ་དེབ་ཁྲི50དང་། མ་དངུལ་སྒོར་ཁྲི20ལ་ཉེ་བ་ཞིག་ཉར་ཚགས་བྱས་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན(ས་ཁུལ།གྲོང་ཁྱེར)31དང་འབྲེལ་བའི་ཕྱིར་འཚོང་དྲ་རྒྱ་མེད་པར་དུ་བཏང་། ཞིབ་བཤེར་བྱས་པ་བརྒྱུད། ཉེས་ཅན་ཚོགས་པ་དེས་སྐད་འཕྲིན་སྤྱི་སྟེགས4དང་ཐའོ་པའོ་ཚོང་ཁང5བརྒྱུད་ནས་ཉིན་རེར་དཔེ་ཆའི་དཀར་ཆག1000ནང་འཇུག་བྱེད་བཞིན་ཡོད་པ་དང་། ཐོ་འགོད་བྱས་ཡོད་པའི་ཚོགས་མི་ཁྲི20ལྷག་ཡོད། མིག་སྔར།གྱོད་དོན་འདིར་གོམ་གང་མདུན་སྤོས་སྒོས་ཞིབ་གཅོད་བྱེད་བཞིན་པའི་སྒང་ཡིན།
04
ཧུའུ་ནན་ཀྲེང་ཀྲོའུ་ཡི“12•28”ཆགས་སྲེད་དངོས་རྫས་བརྒྱུད་སྒྲོག་བྱས་ཏེ་ཁེ་སྤོགས་ལེན་པའི་གྱོད་གཞི།
2018ལོའི་ཟླ4པར། ལིན་ཀྲུའུ་སྤྱི་བདེ་ལས་ཁུངས་ཀྱིས“ཁམ་བུའི་མེ་ཏོག་གླིང”ཞེས་པའི་ཀུན་འདུས་ཐད་གཏོང་སྤྱི་སྟེགས་ཤིག་མེད་པར་བཟོས་པ་དང་། སྤྱི་སྟེགས་ཀྱི་མ་རྐང་བདག་པོ་དང་ལག་རྩལ་རུ་ཁག གཉེར་སྐྱོང་དོ་དམ་ཚོགས་པའི་རྐང་འཛིན་ཁོངས་མི། དེ་བཞིན་ཐད་གཏོང་སྤྱི་སྟེགས་ཁ་ཤས་ཀྱི་མ་རྐང་བདག་པོ་དང་ལག་རྩལ་བ། ཁྱིམ་རྒྱུད་མིང་། གཙོ་གཏོང་མཁན་སོགས་མི163འཛིན་བཟུང་བྱས། ཞིབ་བཤེར་བྱས་པ་བརྒྱུད། 2017ལོའི་ཟླ10པ་ནས་བཟུང་། དོགས་ཡོད་ཉེས་ཅན་ཝོའུ་ཆེ་གེ་མོ་དང་ཁྲིན་ཆེ་གེ་མོ་སོགས་ཀྱིས“ཁམ་བུའི་མེ་ཏོག་གླིང”ཞེས་པའི་ཐད་གཏོང་མཉམ་བསྲེས་མཉེན་ཆས་བཟོས་ཏེ། ཐད་གཏོང་སྟེགས་བུ100ལྷག་གསར་སྤེལ་བྱས་ཏེ། ཆགས་སྲེད་ཀྱི་འཁྲབ་སྟོན་ཐད་གཏོང་སྒྲིག་འཛུགས་དང་ཆགས་སྲེད་ཀྱི་བརྙན་གཏོང་བ། QQདང་སྐད་འཕྲིན་ཚོགས་པ་བེད་སྤྱད་ནས་ཆགས་སྲེད་ཀྱི་བརྙན་བརྒྱུད་སྒྲོག་བྱས་པ་བརྒྱུད། ཉིན་རེར་ལྟ་མཁན་གྱི་མི་གྲངས་ཁྲི100ལས་བརྒལ་འདུག་ལ། གྱོད་འབྲེལ་གྱི་མ་དངུལ་སྒོར་དུང་ཕྱུར3.5ལྷག་ཡོད། མིག་སྔར་གྱོད་གཞི་འདི་ཞིབ་དཔྱོད་ལས་ཁུངས་ལ་བསྐྱལ་ནས་ཞིབ་བཤེར་ཞུ་གཏུག་བྱས་པ་རེད།
05
ལིའོ་ཉིང་ཏཱ་ལེན་གྱི“8•29”དཔེ་ཆ་བརྐུས་དཔར་ཕྱིར་འཚོང་བྱས་པའི་གྱོད་གཞི།
2018ལོའི་ཟླ10པར་ཏཱ་ལེན་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་བདེ་བླག་ངང་ཉེས་གསོག་ཚོགས་པའི་མི11ཁ་ཚང་འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱར། གྱོད་དོན་ཆེད་སྒྲུབ་ཚན་ཆུང་གིས་ལོ་གཅིག་གི་རིང་ལ་ལུའུ་ཆེ་གེ་མོ་གཙོ་བྱས་ནས་རྒྱལ་ཡོངས་ལ་ཁ་ཕྱོགས་པའི་པར་དབང་ལ་གནོད་པའི་དཔེ་ཆ་བརྐུས་དཔར་དང་འགྲེམ་སྤེལ། ཕྱིར་འཚོང་གི་དྲ་རྒྱ་བཅས་རྩད་གཅོད་གསལ་པོ་བྱས། པེ་ཅིན་དང་ཀོང་ཀྲུའུ་ས་ཁུལ་གཉིས་སུ་དཔེ་ཆ་བརྐུས་དཔར་ཉར་སའི་མཛོད་ཁང7དང་། པའོ་ཏིན་གྲོང་ཁྱེར་ནས་དཔར་ཁང་གཅིག་རྩ་མེད་དུ་བཏང་སྟེ།ཡུལ་དངོས་སུ《ཞིན་ཧྭ་ཚིག་མཛོད》དང《དེང་རབས་རྒྱ་ཡིག་ཚིག་མཛོད》《གནའ་བོའི་རྒྱ་ཡིག་གི་རྒྱུན་བཀོལ་ཚིག་མཛོད》《ཉོའུ་ཅིན་གྱི་དབྱིན་རྒྱའི་རིམ་པ་སྔ་མའི་ཚིག་མཛོད》སོགས་ཀྱི་དཔེ་ཆ་བརྐུས་དཔར་ཁྲི50ལག་སོན་བྱུང་། བསྡོམས་པས་མ་དངུལ་སྒོར་ཁྲི2000ལྷག་ལ་ཟིན་ཡོད། ཉེས་ཅན་གཙོ་བོ་ལུའུ་ཆེ་གེ་མོ2018ལོའི་ཟླ6པར། སི་ཁྲོན་ཁྲིན་ཏུའུ་ནས་འཛིན་བཟུང་བྱས། མིག་སྔར་གྱོད་གཞི་དེ་ཞིབ་དཔྱོད་ལས་ཁུངས་ལ་བསྐྱལ་ནས་ཞིབ་བཤེར་ཞུ་གཏུག་བྱས་པ་རེད།
06
ཧྲན་ཞི་ཝེ་ནན་གྱི“9•13”སྨྱན་བྱད་སྡེ་ཁག་ཏུ་བརྫུས་ཏེ་བསྙད་འདོགས་བཙན་ལེན་བྱས་པའི་གྱོད་གཞི།
2018ལོའི་ཟླ9པར། ཧྲན་ཞི་ཝེ་ནན་ཉེན་རྟོག་པས་སྨྱན་བྱད་སྡེ་ཁག་ཏུ་བརྫུས་ཏེ་བསྙད་འདོགས་བཙན་ལེན་བྱེད་པའི་ཉེས་གསོག་ཚོགས་པ་ཞིག་མེད་པར་བཟོས་ཏེ་འབྲེལ་ཡོད་ཀྱི་མི11འཛིན་བཟུང་བྱས། ཞིབ་བཤེར་བྱས་པ་བརྒྱུད། 2013ལོ་ནས་བཟུང་། ཉེས་ཅན་གཙོ་བོ་མཱ་ཆེ་གེ་མོས་རང་གི་ཐོབ་ཐང་དཔང་ཡིག་དང་གཉེན་ཉེའི་ཐོབ་ཐང་དཔང་ཡིག་སོགས་བེད་སྤྱད་དེ་མཚམས་སྦྱོར་བརྡ་ཁྱབ་ཀུང་སི5ཐོ་འགོད་བྱས་ཤིང་། སྔ་རྗེས་སུ་ཚགས་པར་ཁང་མང་པོ་དང་མཚམས་སྦྱོར་བརྡ་ཁྱབ་སྤེལ་བའི་གན་རྒྱ་བཞག ལས་བྱེད་མི་སྣ10བསྡུ་ལེན་བྱས་ནས་ཚགས་པར་ཁང་གི་མངགས་བཅོལ་ལས་སྒོའི་འབྲེལ་བ་སྤྱད་དེ་ཚགས་པར་ཁང་གི་ལས་བྱེད་མི་སྣར་བརྫུས་ནས་ལྡོག་ཕྱོགས་ཀྱི་ཆ་འཕྲིན་དམར་འདོན་དང་། ལས་ཁུངས་ཀྱི་གནད་དོན་བཟུང་ནས་འཇིགས་སྐུལ་ཏེ། ཚགས་པར་མངག་ཉོ་དང་ཁྱབ་སྒྲོག་ཡི་གེ་འགོད་པ། རྟེན་འབྲེལ་ཞུ་བའི་ཕྱོགས་ཀྱི་མཚམས་སྦྱོར་བརྡ་ཁྱབ་སྤེལ་བའི་གླ་དངུལ་སློང་བའི་ཐབས་བཀོད་དེ། ཁེ་ལས་ལས་དོན་སྡེ་ཁག་མང་པོར་བསྙད་འདོགས་བཙན་ལེན་བྱས། དང་ཐོག་བསྙད་འདོགས་བཙན་ལེན་བྱེད་པའི་གྱོད་གཞི5359ཞིབ་གཅོད་བྱས་ཏེ། དེར་འབྲེལ་གྱི་མ་དངུལ་སྒོར་ཁྲི965ལྷག་ལག་སོན་བྱུང་། མིག་སྔར་གྱོད་གཞི་གོམ་གང་མདུན་སྤོས་ངང་ཐག་གཅོད་བྱེད་བཞིན་པའི་སྒང་ཡིན།
07
ཧུའུ་ནན་དབྱི་ཡང་གི“3•12”ན་ཆུང་བྱིས་པའི་བསླབ་དེབ་ཁྲིམས་འགལ་ངང་པར་སྐྲུན་བྱས་པའི་གྱོད་གཞི།
2018ལོའི་ཟླ3པའི་ཚེས12ཉིན། དབྱི་ཡཱང་གྲོང་ཁྱེར་གྱི་རིག་གནས་ཁྲིམས་བསྟར་དང་སྤྱི་བདེ་ལས་ཁུངས་ཀྱིས་མཉམ་འབྲེལ་འོག ཀུང་སི་ག་གེ་མོ་ཞིག་ལ་ཁྲིམས་བསྟར་ཞིབ་བཤེར་བྱས་ཏེ། དོན་རྐྱེན་འབྱུང་ཡུལ་དུ་ན་ཆུང་བྱིས་པའི་བསླབ་དེབ་ཁྲིམས་འགལ་ངང་པར་སྐྲུན་བྱས་པའི་དེབ་གྲངས་ཁྲི30ལྷག་རྩད་ཆོད་དེ་ལག་སོན་བྱུང་། དེའི་རྗེས་སུ་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་གཞི་ཐོ་འགོད་དང་ཞིབ་གཅོད་བྱས་པ་རེད། 2018ལོའི་ཟླ9པར།སྤྱི་བདེ་ལས་ཁུངས་ཀྱིས་དོགས་ཡོད་ཉེས་ཅན6འཛིན་བཟུང་བྱས་ཤིང་། དབྱི་ཡཱང་དང་དབྱི་ཝའོ་ས་ཁུལ་གཉིས་ཀྱི་གྱོད་འབྲེལ་མཛོད་ཁང་ནས་ན་ཆུང་བྱིས་པའི་བསླབ་དེབ་ཁྲིམས་འགལ་གྱིས་པར་སྐྲུན་བྱས་པའི་དེབ་གྲངས་ཁྲི272.5རྩད་ཆོད་ལག་སོན་བྱུང་རྗེས། ཐོན་སྐྱེད་པར་སྐྲུན་དང་འཚེམ་རྒྱག་སྒྲིག་ཆས་འབོར་ཆེན་བཀག་ཉར་བྱས། ཞིབ་བཤེར་བྱས་པ་བརྒྱུད། ཐང་ཆེ་གེ་མོས་བྱིས་པའི་དཔེ་ཆའི་ཚོང་རྟགས་ཇུས་འགོད་བྱས་ཏེ་ཁྲིམས་འགལ་གྱིས་དཔེ་རྟགས་བླངས་པ་དང་། ལུའུ་ཆེ་གེ་མོས་ཀྲེ་ཅང་དབྱི་ཝའོ་ནས་པར་སྐྲུན་དང་ཐོན་སྐྱེད་ལས་སྣོན་གང་མང་བྱས་ཏེ་དྲ་རྒྱའི་ཚོང་ཁང་དང་རིམ་པ་གཉིས་པའི་ཚབ་བྱེད་ཚོང་བ་བསྡུ་ལེན་བརྒྱུད་ནས་ཕྱིར་འཚོང་བྱས། དེ་ལྟར་ཐང་ཆེ་གེ་མོ་སོགས་ཀྱིས་རྒྱལ་ཡོངས་ས་གནས་ཁག་སོ་སོར་འཚོང་བཞིན་པའི་ཁྲིམས་འགལ་གྱི་པར་སྐྲུན་བསླབ་དེབ་ཁྱོན་བསྡོམས་ཁྲི3000ལྷག་རྩད་ཞིབ་བྱས་ཡོད་པས། གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར3.5ཟིན་ཡོད། མིག་སྔར་གྱོད་གཞི་འདི་ཞིབ་དཔྱོད་ལས་ཁུངས་ལ་བསྐྱལ་ནས་ཞིབ་བཤེར་བྱ་བར་ཞུ་གཏུག་བྱས་པ་རེད།
08
ཅང་སུའུ་ནན་ཅིན་གྱི“6•16”དྲ་ཚིགས་ནས་ཆགས་སྲེད་ཀྱི་དངོས་རྫས་བརྒྱུད་སྒྲོག་བྱས་ཏེ་ཁེ་སྤོགས་ལེན་པའི་གྱོད་གཞི།
2018ལོའི་ཟླ6པར།ནན་ཅིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མིང་ལ“པའེ་ཏུའུ་ཚོགས་པའི་གླེང་སྟེགས”ཞེས་པའི་དྲ་ཚིགས་སུ་ཆགས་སྲེད་ཀྱི་བརྙན་རིས་བརྒྱུད་སྒྲོག་བྱེད་པའི་བྱ་སྤྱོད་ཡོད་པ་དང་། དྲ་ཚིགས་ཀྱི་ཉིང་ལག་སོ་སོ་རུ་འདོད་བརྙན་མང་པོ་བཞག་ཡོད་པ་ཤེས། ཟླ་ཤས་རིང་མྱུལ་ཞིབ་བྱས་མཐར་གྱོད་དོན་ཆེད་སྒྲུབ་ཚན་ཆུང་གིས་དོགས་ཡོད་ཉེས་ཅན100ལྷག་འཛིན་བཟུང་བྱས། འདོད་བརྙན་ཚོགས་པ་སྦྲེལ་བྱེད་ཀྱི་དྲ་ཚིགས1མེད་པར་བཟོས་ཏེ། འདོད་གཡེམ་ཆགས་སྲེད་ཀྱི་དངོས་རྫས་ཁྱབ་སྤེལ་བྱེད་པའི་དྲ་རྒྱའི་ཚོགས་པ500ལྷག་སྒོ་བརྒྱབ་པ་དང་། བདེན་དཔང་དུ་འདོད་བརྙན་ཁྲི10ཉར།ཞིབ་བཤེར་བྱས་པ་བརྒྱུད། “པའེ་ཏུའུ་ཚོགས་པའི་གླེང་སྟེགས”དྲ་ཚིགས་ནི་དྲ་དམངས་ལུའུ་ཆེ་གེ་མོས་འཛུགས་སྐྲུན་བྱས་པ་ཡིན་ལ། དྲ་ཚིགས་སུ་ཉིང་ལག་གི་འདོད་བརྙན་ལྟ་སའི་ཚོགས་པ་བཙུགས་ཡོད་པ་དང་། ཚོགས་མིས་སྒོར་མོ་སྤྲད་རྗེས་ནང་འཇུག་བྱ་ཆོག་པའི་འདོད་བརྙན་ཚོགས་པ་ཁྲི་བཅུ་ལྷག་ལོངས་ཡོད། པའེ་ཏུའུ་དྲ་ཚུགས་ཀྱི་དོ་དམ་མི་སྣ100ལྷག་ཡོད་པར་མ་ཟད། མིག་སྔར་གྱོད་གཞི་ཞིབ་དཔྱོད་ལས་ཁུངས་ལ་སྤྲད་ནས་འདྲི་ཞིབ་བྱེད་དུ་བཅུག་ཡོད།
09
ཨན་ཧེ་ཧུ་ཧྥེ་གྲོང་ཁྱེར་ནས་ཞའོ་ཆེ་གེ་མོ་སོགས་ཀྱིས་དྲ་ལམ་དུ་བརྩམས་ཆོས་བདག་དབང་ལ་གནོད་འཚེ་བཏང་བའི་གྱོད་གཞི།
2018ལོའི་ཟླ3པར། ཧུ་ཧྥེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གོ་ཞིན་ཡན་ལག་ཅུས་ཀྱིས་དྲ་ལམ་དུ་བརྩམས་ཆོས་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་བརྟོལ། ཞིབ་བཤེར་བྱས་པ་བརྒྱུད། ཞའོ་ཆེ་གེ་མོ་སོགས་མི4ཡིས2014ལོ་ནས་བཟུང་། དྲ་ལམ་ཚན་རྩལ་ཀུང་སི་ཞིག་བཙུགས་ཏེ་སྔ་གཞུག་ཏུ་གཞན་གྱི་པར་དབང་བརྐུས་ཏེ་དྲ་ཚིགས་བཟོས་ཤིང་། ཁོ་ཚོར་སུས་ཀྱང་དབང་ཆ་སྤྲད་མེད་པར་གཞན་གྱི་བརྩམས་ཆོས་ཁྲི500ལྷག་བསྐྱར་བཟོ་བྱས་ཏེ། ཁྲིམས་འགལ་དྲ་ཚིགས་དེའི་སྟེང་སྤེལ་ཞིང་ཀློག་པ་པོ་དག་ལ་རིན་མེད་སྒོས་དཔེ་ཀློག་མཁོ་སྤྲོད་བྱས་པར་མ་ཟད། དྲ་ཚིགས་ཀྱི་ཀློག་གྲངས་ཀྱང་མང་དུ་བཏང་བར་བརྟེན། ལས་ཁུངས་ཁ་ཤས་ཀྱིས་རང་འགུལ་སྒོས་དྲ་ཚིགས་སྟེང་དུ་བརྡ་སྦྱོར་སྤེལ་བས་ཁོ་ཚོས་ཁེ་སྤོགས་མང་པོ་བླངས། དེར་འབྲེལ་ཡོད་སྡེ་ཁག་གིས་ཞིབ་བཤེར་བྱས་པ་བརྒྱུད། དྲ་ཚིགས་སུ་སྤྱི་སྡོམ་ཚོགས་མི་ཁྲི32བསྡུས་ཡོད་པ་དང་། དབང་གནོད་བརྩམས་ཆོས་ཀྱི་ཀློག་གྲངས་ནི་དུང་ཕྱུར17.89ཐོན་ཡོད་པ་ཤེས། ཞའོ་ཆེ་གེ་མོས2017ལོའི་ཟླ7པ་ནས2018ལོའི་ཟླ་དང་པོའི་བར་དུ། བརྡ་སྦྱོར་གྱི་ལམ་ནས་ཁྲིམས་འགལ་སྒོས་སྒོར་ཁྲི750ལྷག་བཙལ། མིག་སྔར། གྱོད་གཞི་འདིར་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་དུ་གཞུང་གཏུག་བྱས་ཏེ་འདྲི་གཅོད་བྱེད་བཞིན་པའི་སྒང་ཡིན།
10
སི་ཁྲོན་ཀུང་ཨན་གྱི“1•23”དྲ་ལམ་ནས་འཆལ་སྤྱོད་སྤེལ་བའི་གྱོད་དོན།
2018ལོའི་ཟླ་དང་པོར། ཧྭ་ཡུན་གྲོང་ཁྱེར་སྤྱི་བདེ་ཅུས་ལ་སྡོད་དམངས་ཀྱིས་གྱོད་དོན་སྙན་སེང་ཞུ་དོན། དྲ་སྟེང་དུ་བུ་མོ་ལོ11ཅན་ཞིག་ལ་འཇིགས་སྐུལ་ཐེབས་ཏེ་བཙན་གྱིས་གཅེར་བུར་པར་བརྒྱབ་སོང་ཟེར། དོན་དེར་འཆལ་སེལ་རྡུང་རྡེག་སྡེ་ཁག་གིས་ཚད་མཐོན་པོའི་ངང་གཙིགས་སུ་བཟུང་སྟེ། སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་དུ་གྱོད་དོན་དང་ལེན་བྱས་ཏེ་མྱུལ་ཞིབ་བྱས། 2018ལོའི་ཟླ2པར། གྱོད་དོན་ཆེད་སྒྲུབ་ཚན་ཆུང་གིས་དོགས་ཡོད་ཉེས་ཅན་ལེ་ཆེ་གེ་མོའི་རྗེས་མ་བཏང་བར། ཧྲན་ཞི་ཁྲང་ཨན་གྲོང་ཁྱེར་དུ་འཛིན་བཟུང་བྱས་ཤིང་། ཡུལ་དངོས་སུ་ལག་ཁྱེར་ཁ་པར5དང་།བྱིས་པ་གཅེར་བུར་བསྡད་ཡོད་པའི་བརྙན100ལྷག་རྩད་ཆོད་ལག་སོན་བྱུང་། ཞིབ་བཤེར་བྱས་པ་བརྒྱུད།ལུའུ་ཆེ་གེ་མོས2017ལོའི་ཟླ10པ་ནས་མགོ་བརྩམས་ཏེ། QQགླེང་མོལ་བརྒྱུད་དེ་གློག་བརྙན་འཁྲབ་པའི་བྱིས་པ་བསྡུ་བར་མིང་གཡར་ནས། བུ་མོ་ཆུང་ཆུང20ལྷག་ལ་མགོ་སྐོར་བཏང་སྟེ་གཅེར་བུར་འབུད་དུ་བཅུག་ནས་པར་དང་བརྙན་ལས་པ་རེད། 2018ལོའི་ཟླ7པར། ཧྭ་ཡུན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ལུའུ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ3གྱི་ཁྲིམས་ཆད་བཅད།
མཁར་འབུམ་རྒྱལ་གྱིས་བསྒྱུར།
|