རྒྱུན་མཐུད་སློབ་གསོ་བཅས་སྤྱི་འདོམས་མཐུན་སྦྱོར་འཕེལ་རྒྱས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
དམངས་བཙུགས་སློབ་གསོ་དང་མཉམ་ལས་སློབ་གཉེར་ལ་རྒྱབ་སྐྱོར་དང་ཚད་ལྡན་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུའི་མ་ལག་སྐྲུན་དགོས། དྲ་རྒྱའི་སློབ་གསོ་དང་། མི་ཐབས་རིག་ནུས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་སློབ་གསོ་གཏོང་སྟངས་དང་སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱེད་པ་དང་། མི་ཀུན་ལ་ཕྱོགས་པ་དང་། མི་ཚང་མར་འཚམ་པ། དེ་བས་སྒོ་དབྱེ་སྟབས་བསྟུན་གྱི་སློབ་གསོའི་མ་ལག་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་བྱེད་དགོས།
(གསུམ)དམངས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་དང་རྒྱུན་མཐུད་ཆོག་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་འགན་སྲུང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས། གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་ཀྱི་སྤྱི་འདོམས་ལམ་ལུགས་མགྱོགས་མྱུར་འཛུགས་དགོས། སྤྱི་ཚོགས་འགན་བཅོལ་སྤོ་སྒྱུར་འབྲེལ་མཐུད་དང་ཡུལ་གཞན་དུ་སྨན་རིན་རྩིས་རྒྱག་ལམ་ལུགས་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩའི་དོ་དམ་ཚད་ལྡན་དུ་གཏོང་བ་དང་ཚོང་ལས་འགན་བཅོལ་འཕེལ་རྒྱས་གཏོང་དགོས། སྤྱི་ཚོགས་རོགས་སྐྱོབ་དང་། སྤྱི་ཚོགས་ཕན་བདེ། དགེ་སྒྲུབ་བྱ་གཞག གཟིགས་སྐྱོང་བཀོད་སྒྲིག་སོགས་ཀྱི་ལམ་ལུགས་སྤྱི་འདོམས་དང་འཐུས་སྒོ་ཚང་དུ་གཏོང་དགོས། དམག་ཞབས་ཐིམ་པའི་དམག་མིའི་ལས་ཀའི་མ་ལག་དང་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ་དང་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་ལམ་ལུགས་དང་ལམ་སྲོལ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་གཞིས་སྲུང་བུད་མེད་དང་རྒན་རྒོན་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་བལྟོས་བཅས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་དགོས། བྱེད་པོ་མང་པོས་མཁོ་སྤྲོད་དང་། ཐབས་ལམ་མང་པོ་ནས་འགན་སྲུང་། བོགས་ཉོ་མཉམ་སྤྱོད་བཅས་ཀྱི་སྡོད་ཁང་ལམ་ལུགས་མགྱོགས་མྱུར་འཛུགས་དགོས།
(བཞི)མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་ལམ་ལུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚེ་སྲོག་གི་དུས་འཁོར་ཧྲིལ་པོ་དང་བདེ་ཐང་གི་བརྒྱུད་རིམ་ཧྲིལ་པོར་དོ་ཁུར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་རྒྱལ་དམངས་ཀྱི་བདེ་ཐང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོར་དྲང་གཞག་ལྡན་པ་དང་བརྒྱུད་རིམ་སྟར་ཆགས་ཀྱི་བདེ་ཐང་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་དང་། སྨན་བཅོས་ཞབས་ཞུ། སྨན་བཅོས་འགན་སྲུང་། སྨན་བཅོས་མཁོ་སྤྲོད་བཅས་ཀྱི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་དགོས། དེང་རབས་ཀྱི་སྨན་ཁང་དོ་དམ་ལམ་ལུགས་མགྱོགས་མྱུར་སྒོས་སྒྱུར་བཅོས་བྱེད་དགོས། གཞི་རིམ་གཙོ་གནད་དུ་བྱེད་པ་དང་། སྔོན་འགོག་གཙོ་བོར་བྱེད་པ། འགོག་བཅོས་ཟུང་འབྲེལ་བྱེད་པ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་དུ་འཛིན་པ་བཅས་མཐའ་འཁྱོངས་བྱེད་དགོས། སྤྱི་བའི་འཕྲོད་བསྟེན་རིམས་འགོག་དང་འགོ་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། བུ་བཙའི་སྲིད་ཇུས་ལེགས་སུ་བཏང་ནས་མི་འབོར་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་བཅག་ནས་ཁྱིམ་ཚང་དང་སྡེ་ཁུལ་གྱི་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་བྱེད་པ་དང་རྒན་གསོ་དང་བདེ་སྲུང་ཕན་ཚུན་ཟུང་འབྲེལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་དགོས། མི་དམངས་ཀྱི་གཟུགས་གཞི་ལེགས་སུ་གཏོང་རྒྱུར་དམིགས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་རང་བཞིན་གྱི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས།
དགུ། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།
སྤྱི་ཚོགས་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་ཕྱོགས་གལ་ཆེན་ཞིག་རེད། དེར་བརྟེན། ངེས་པར་དུ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང་། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་ཁུར། དམངས་གཙོའི་གྲོས་མོལ། སྤྱི་ཚོགས་མཐུན་སྦྱོར། སྤྱི་དམངས་ཞུགས་པ། ཁྲིམས་སྐྱོང་འགན་ལེན། ཚན་རྩལ་འདེགས་སྐྱོར་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་འདུས་གྲུབ་གཏོད་པ། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལ་གོ་རིམ་ལྡན་པའི་འགན་ལེན་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་བྱེད་དགོས།
(གཅིག)དུས་བབ་གསར་བའི་འོག་མི་དམངས་ནང་ཁུལ་གྱི་འགལ་ཟླ་ཐག་གཅོད་ཡང་དག་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དུས་རབས་གསར་བའི“ཧྥུན་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། མང་ཚོགས་ཀྱི་རེ་འདུན་མཚོན་པ་དང་། ཁེ་ཕན་མཐུན་སྦྱོར། ཁེ་དབང་འགན་ལེན་བཅས་ཀྱི་ལམ་བུ་ཤར་གཏོང་དང་ཚད་ལྡན་དུ་གཏོང་བ་དང་ཡིག་བསྐུར་ངོ་བཅར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། མི་དམངས་བར་འདུམ་དང་། སྲིད་འཛིན་བར་འདུམ། ཁྲིམས་འཛིན་བར་འདུམ་བཅས་ཀྱི་མཉམ་འགུལ་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་དང་ཉེན་ཁ་ཐེ་ཇུས་སྔོན་འགོག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་ཐག་གཅོད་བྱེད་པའི་ཕྱོགས་བསྡུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་འགལ་བ་གཞི་རིམ་དུ་སེལ་གང་ཐུབ་བྱེད་དགོས།
(གཉིས)སྤྱི་ཚོགས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཆེད་ལས་ཚན་པ་དང་མང་ཚོགས་ཟུང་འབྲེལ་དང་མཉམ་འགོག་མཉམ་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་སྣ་མང་ཅན་དང་། ཁྲིམས་སྐྱོང་ཅན། ཆེད་ལས་ཅན། རིག་ནུས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་གནད་དོན་མཉམ་བཅོས་དང་། ལས་དོན་མཉམ་འགུལ། དུས་བདེ་མཉམ་གཏོད་བཅས་ཀྱི་ལས་ཀའི་ལམ་སྲོལ་ཆགས་པར་བྱེད་པ། ཉེན་ཁ་སྣ་ཚོགས་སྔོན་དཔག་བྱེད་པ་དང་། སྔོན་ཚུད་ནས་ཉེན་བརྡ་གཏོང་བ། སྔོན་འགོག་བྱེད་པ་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་གྱི་སྤྱི་ཡོངས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། གནད་སྨིན་རང་བཞིན་བཅས་ཆེ་རུ་གཏོང་དགོས།
(གསུམ)སྤྱི་བའི་བདེ་འཇགས་ཀྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་སྤྱི་བའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་དགོས། གཅིག་གྱུར་བཀོད་འདོམས་དང་། ཆེད་ལས་དང་རྒྱུན་ལས་གཉིས་ལྡན། ཚུར་སྣང་སྐྱེན་པ། གོང་འོག་མཉམ་འགུལ་བཅས་ཀྱི་འཕྲལ་སྡོམ་དོ་དམ་སྒྲིག་གཞི་འཛུགས་པ་དང་། རྒྱབ་ཁབ་ཀྱི་འཕྲལ་སྡོམ་དོ་དམ་ནུས་པའི་མ་ལག་འཛུགས་སྐྱོང་ལེགས་སུ་གཏོང་བ། ཉེན་ཁ་སྔོན་འགོག་དང་། ཉུང་གཏོང་། སེལ་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་འདོམས་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས།
(བཞི)གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་བ་གཏོད་དགོས། མང་ཚོགས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ལམ་ལུགས་ཅན་གྱི་ཐབས་ལམ་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་དུ་འབྲེལ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ཁུལ་དོ་དམ་དང་ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དྲ་མིག་ཅན་གྱི་དོ་དམ་དང་ཞབས་ཞུ་ཁྱབ་གདལ་གཏོང་བ། མང་ཚོགས་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་རང་གཅུན་ནུས་པ་འདོན་སྤེལ་བྱེད་པ། སྲིད་གཞུང་གི་བཅོས་སྐྱོང་དང་། སྤྱི་ཚོགས་ཀྱི་སྙོམས་སྒྲིག གྲོང་མིའི་རང་སྐྱོང་བཅས་མཉམ་འགུལ་ཡག་པོ་ཐུབ་པར་བྱས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས། གྲོང་ཁྱེར་གྱི་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་དང་ཞབས་ཞུའི་གཙོ་གནད་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་བཏང་སྟེ། ཐོན་ཁུངས་དེ་བས་མང་བ་གཞི་རིམ་དུ་ཕྱོགས་ནས་གནད་སྨིན་ཅན་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ་དེ་བས་ལེགས་པ་མཁོ་འདོན་བྱེད་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་རིང་། ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་ཀྱི་ནུས་པ་གལ་ཆེན་འདོན་རྒྱུར་སྣང་ཆེན་བྱེད་དགོས། མཐའ་མཚམས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་དགོས།
(ལྔ)རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། མི་དམངས་ཀྱི་བདེ་འཇགས་དང་། ཆབ་སྲིད་ཀྱི་བདེ་འཇགས། རྒྱལ་ཁབ་ཀྱི་ཁེ་ཕན་གོང་བཀུར་བཅས་ཕན་ཚུན་གཅིག་གྱུར་ནུས་ལྡན་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་བཟུང་བ་དང་། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་བྱེད་པ། དཔལ་འབྱོར་གྱི་བདེ་འཇགས་རྨང་གཞིར་བྱེད་པ། དམག་དོན་དང་། ཚན་རྩལ། རིག་གནས། སྤྱི་ཚོགས་བཅས་ཀྱི་བདེ་འཇགས་འགན་ལེན་དུ་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་ཆེ་རུ་གཏོང་དགོས། གཅིག་སྡུད་གཅིག་གྱུར་དང་ནུས་ཆེ་དབང་གྲགས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་འགོ་ཁྲིད་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་ཁ་ཞིབ་འཇུག་བརྡར་གཅོད་དང་། མཉམ་འགོག་མཉམ་ཟོན། འགོག་ཟོན་དང་སེལ་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁ་འགོག་ནུས་ཆེ་རུ་བཏང་ནས་དགྲ་ཡའི་ཕྱོགས་གཏོགས་ཀྱིས་སིམ་འཛུལ་དང་། གཏོར་བཤིག རྩ་སློག་གཏོང་བ། ཁ་ཕྲལ་བཅས་ཀྱི་བྱ་སྤྱོད་སྤེལ་རྒྱུར་ཚད་མཐོའི་དོགས་ཟོན་དང་། སྔོན་འགོག་མཐའ་གཅིག་ཏུ་བྱེད་པ། རྡུང་རྡེག་ནན་པོ་གཏོང་བ་བཅས་བྱེད་དགོས།
བཅུ། སྣོད་བཅུད་ཤེས་དཔལ་གྱི་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས།
སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་ཡུན་རིང་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ལོ་ངོ་སྟོང་གི་ཇུས་ཆེན་ཞིག་རེད། ངེས་པར་དུ་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་བྱས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་། གྲོན་ཆུང་སྔོན་དུ་བྱེད་པ་དང་། སྲུང་སྐྱོང་སྔོན་དུ་བྱེད་པ། རང་བྱུང་སླར་གསོ་བཅས་གཙོ་བོར་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་དགོས།
(གཅིག) སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་ལག་ལེན་བསྟར་དགོས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱས་ཏེ་རང་བྱུང་ལ་བརྩི་བཀུར་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བརྟན་སྲུང་བྱས་ཏེ་འབྱུང་རྩ་ནས་སྔོན་འགོག་དང་། བརྒྱུད་རིམ་ཚོད་འཛིན། གཏོར་སྐྱོན་གྱི་གུན་གསབ། འགན་འཁྲི་བདའ་འདེད་བཅས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་སྤྱོད་སྒོ་སྤྱི་འདོམས་མཐུན་སྦྱོར་དང་དོ་དམ་ཚོད་འཛིན་ལམ་ལུགས་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དང་། གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མཐའ་མཚམས་གསར་སྤེལ་སོགས་བར་མཐོངས་དོ་དམ་ཚོད་འཛིན་གྱི་ས་མཚམས་དང་དེ་བཞིན་རིགས་ཁག་གི་མཚོ་ཁོངས་སྲུང་སྐྱོང་ཁུལ་སྤྱི་འདོམས་གཏན་འབེབས་དང་དོན་འཁྱོལ་བྱས་ནས། བྱེད་པོའི་བྱེད་ནུས་ཁུལ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ལྗང་མདོག་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་བཅའ་ཁྲིམས་ལམ་ལུགས་དང་སྲིད་ཇུས་ཀྱི་ཁྲིད་སྟོན་འཐུས་སྒོ་ཚང་དུ་བཏང་ནས། ལྗང་མདོག་དངུལ་རྩ་འཕེལ་རྒྱས་གཏོང་བ་དང་། ཁྲོམ་རའི་ཁྲིད་སྟོན་གྱི་ལྗང་མདོག་ལག་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་ནས། དེ་བས་རང་རྟོགས་ངང་ལྗང་མདོག་འཁོར་རྒྱུག་དང་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཙོག་འབུད་ཆོག་འཐུས་ལམ་ལུགས་ལྟེ་བར་བྱས་པའི་གཏན་འཇགས་ཀྱི་སྦགས་བཙོག་འབྱུང་ཁུངས་ཀྱི་ལྟ་འདོམས་ལམ་ལུགས་མ་ལག་འཛུགས་པ་དང་། སྦགས་བཙོག་འགོག་བཅོས་ཁུལ་གྱི་མཉམ་འགུལ་ལམ་སྲོལ་དང་སྐམ་མཚོའི་སྤྱི་འདོམས་ཀྱི་སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་མ་ལག་དང་ཁྲིམས་བསྟར་ཁྲིམས་འཛིན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།
(གཉིས) ཐོན་ཁུངས་ནུས་ཆེའི་ངང་སྤྱོད་པའི་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་དགོས། རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཅིག་གྱུར་གཏན་འཁེལ་གྱི་ཐོ་འགོད་དེ་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ཚད་གཞི་ཅན། ཆ་འཕྲིན་ཅན་བཅས་སུ་སྐུལ་འདེད་གཏོང་བ་དང་། རང་བྱུང་ཐོན་ཁུངས་ཀྱི་ཐོན་དབང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ཁུངས་རིན་དོད་ཡོད་པའི་སྒོ་ནས་སྤྱོད་པའི་ལམ་ལུགས་དོན་འཁྱོལ་བྱེད་པ། ཐོན་ཁུངས་སྤྱི་འབོར་དོ་དམ་དང་ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱི་འཁོར་སྐྱོད་དང་བེད་སྤྱོད་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་བེད་སྤྱོད་ཀྱི་ལམ་ལུགས་ཡོངས་ཁྱབ་ངང་ལག་བསྟར་བྱེད་དགོས། ནུས་རྒྱུའི་གསར་བརྗེར་སྐུལ་འདེད་བཏང་ནས་དྭངས་གཙང་ཐཱན་ཉུང་དང་བདེ་འཇགས་ནུས་ཆེའི་ནུས་རྒྱུའི་མ་ལག་གཏོད་དགོས། རྒྱ་མཚོའི་ཐོན་ཁུངས་གསར་སྤེལ་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། རང་བྱུང་ཐོན་ཁུངས་གཅིག་གྱུར་བརྟག་དཔྱད་དང་། གདེང་འཇོག ལྟ་ཞིབ་ཚད་ལེན་བཅས་ཀྱི་ལམ་ལུགས་མགྱོགས་མྱུར་བསྐྲུན་པ་དང་རང་བྱུང་ཐོན་ཁུངས་ལྟ་འདོམས་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས།
(གསུམ) སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། རི་ཆུ་ནགས་ཞིང་བཅས་དང་མཚོ་རྩྭ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོར་གཅིག་གྱུར་འཆར་འགོད་བྱས་ཏེ་ནགས་ཚལ་དང་། རྩྭ་ཐང་། རྒྱུག་ཆུ། མཚོ། འདམ་ར། རྒྱ་མཚོ་སོགས་རང་བྱུང་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། གཙོ་གནད་སྣོད་བཅུད་མ་ལག་སྲུང་སྐྱོང་དང་རྒྱུན་མཐུད་ངང་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཀྱི་སྤྱི་གླིང་གཙོ་གནད་དུ་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བསྐྲུན་ནས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། འབྲི་ཆུ་དང་རྨ་ཆུ་སོགས་གཙང་པོ་དང་ཆུ་བོ་ཆེ་གྲས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ས་ཆ་ལྗང་འགྱུར་བྱ་སྤྱོད་གཞི་ཁྱོན་ཆེན་པོས་སྤེལ་ཏེ། ས་ཆུ་ཤོར་བ་དང་། མྱ་ངམ་ཐང་དང་བྱེ་རྡོ་ཅན་དུ་འགྱུར་རིགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་མགྱོགས་སུ་བཏང་སྟེ་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོང་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས། རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་ཆེ་གྲས་ཕུད་རྒྱ་མཚོ་སྐོར་བ་དང་རྒྱོང་བ་སོགས་ཕྱོགས་ཡོངས་ནས་གཏན་འགོག་བྱེད་དགོས།
(བཞི) སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ནན་པོ་བཟོ་དགོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་གདེང་འཇོག་དང་རྟོག་ཞིབ་ཀྱི་ལམ་ལུགས་འཛུགས་པ་དང་། ཁོར་ཡུག་སྲུང་སྐྱོང་། རང་བྱུང་ཐོན་ཁུངས་དོ་དམ་ཚོད་འཛིན། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་སོགས་གཅུན་འདོམས་རང་བཞིན་གྱི་དམིགས་ཚད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་སྲིད་གཞུང་གི་ལྟ་འདོམས་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་དང་མ་རྩའི་སྐོར་གྱི་འགན་བྲལ་རྩིས་བཤེར་བྱེད་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལ་སྐུལ་འདེད་བཏང་ནས་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལམ་ལུགས་དོན་འཁྱོལ་བྱེད་དགོས། སྣོད་བཅུད་ཁོར་ཡུག་ལྟ་བཤེར་དང་གདེང་འཇོག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་གི་སྤྱི་ཕན་གཏུག་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྣོད་བཅུད་ཁ་གསབ་དང་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་གྱི་གུན་གསབ་ལམ་ལུགས་དོན་འཁྱོལ་བྱེད་པ། སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་གྱི་འགན་འཁྲི་ཚེ་གང་རྩད་གཅོད་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས།
བཅུ་གཅིག ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་མི་དམངས་དམག་དཔུང་གིས་ལྷག་བསམ་རྣམ་དག་ངང་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས།
མི་དམངས་དམག་དཔུང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཀ་རྡོ་བརྟན་པོ་ཡིན་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པ་ནི་མི་དམངས་དམག་དཔུང་འཛུགས་སྐྱོང་གི་རྩ་བ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་རེད། ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲོད་ཀྱི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་ཁྲིད་གནས་བབ་སྲ་བརྟན་དང་གཏན་འཁེལ་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་གཏོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་སྲིད་ཇུས་དང་། ལམ་ལུགས། མ་ལག་བསྐྲུན་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་དང་ཕྱོགས་ཡོངས་ནས་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་བཏོད་དེ། མི་དམངས་དམག་དཔུང་གི་ངོ་བོ་དང་། དམིགས་ཡུལ། རང་མདངས་བཅས་ནམ་ཡང་གནས་པ་བྱེད་དགོས།
(གཅིག) ཆེས་མཐོའི་མི་དམངས་དམག་དཔུང་གི་འགོ་ཁྲིད་དབང་ཆ་དང་བཀོད་འདོམས་དབང་ཆ་ཏང་ཀྲུང་དབྱང་ལ་དབང་བ་མཐའ་འཁྱོངས་བྱེད་དགོས། ཀྲུང་དབྱང་དམག་ཨུད་ཀྱིས་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་རྒྱུ་ནི་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱ་རྒྱུ་གཞི་རྩའི་མངོན་འགྱུར་བྱེད་སྟངས་ཤིག་རེད། རྒྱལ་ཡོངས་ཀྱི་དྲག་ཆས་སྟོབས་ཤུགས་ལ་དཁྱོངས་བྱེད་པ་དང་། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་མག་ཨུད་ཀྱི་ཀྲུའུ་ཞིས་གཅིག་གྱུར་འགོ་ཁྲིད་དང་བཀོད་འདོམས་བྱེད་རྒྱུ་མཐའ་འལམ་ལུགས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལག་བསྟར་བྱེད་པ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཀྱི་ལམ་ལུགས་དང་གཏན་འབེབས་ཁག་དོན་འཁྱོལ་ནན་པོ་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་དུ་བཏང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་སྲིད་བཀའ་དང་དམག་བཀའ་ཐོགས་མེད་ཡོང་བའི་འགན་ལེན་བྱེད་དགོས།
(གཉིས) མི་དམངས་དམག་དཔུང་གི་ཏང་འཛུགས་སྐྱོང་གི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་བླང་བྱ་ཁག་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། དམག་མིའི་བླ་སྲོག་སྐྱེད་སྲིང་བྱེད་རྒྱུ་གཙོ་གནད་དུ་དམ་འཛིན་ཡག་པོ་བྱེད་པ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། གསར་བརྗེའི་ས་བོན་རྒྱུན་འཛིན་བཅས་བྱས་ནས“དམག་དཔུང་ཏང་གཤིས་ཅན་དང་ཆབ་སྲིད་ཅན་མིན་པ”དང“དམག་དཔུང་རྒྱལ་ཁབ་ཅན”སོགས་ཀྱི་ཆབ་སྲིད་ཀྱི་ནོར་འཁྲུལ་ལྟ་བ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ཏང་ཨུད་ལམ་ལུགས་དང་། ཆབ་སྲིད་ཨུ་ཡོན་ལམ་ལུགས། ཆབ་སྲིད་ལས་ཁུངས་ལམ་ལུགས་མཐའ་འཁྱོངས་བྱེད་པ། ཏང་ཨུད་ཀྱི་གཅིག་གྱུར་གྱི་མཉམ་སྡེབ་འགོ་ཁྲིད་འོག་གི་དམག་དཔོན་གྱི་ལས་བགོས་འགན་ཁུར་ལམ་ལུགས་མཐའ་འཁྱོངས་བྱེད་པ། ལན་ཤོག་ཏུ་ཀྲི་པུའུ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་རྒྱུའི་རྩ་འཛུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཞུམ་མེད་སྟོབས་ལྡན་གྱི་ཏང་རྩ་འཛུགས་དང་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་ཁག་འཛུགས་སྐྱོང་བྱས་ནས། མེ་མདའ་ནམ་ཡང་ཏང་ལ་ལྷག་བསམ་རྣམ་དག་དང་བློས་འགེལ་ཆོག་པའི་མི་སྣའི་ལག་ཏུ་འཛིན་རྒྱུའི་འགན་ལེན་བྱེད་དགོས།
(གསུམ) ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་དེ་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་བྱས་ནས་དམག་འཐབ་ནུས་པའི་རྩ་བའི་ཚད་གཞི་མཐའ་འཁྱོངས་དང་། མཉམ་འབྲེལ་དང་ཞི་བདེ་དང་དམག་འཐབ་གཞི་གཅིག་གི་དམག་དོན་སྟོབས་ཤུགས་བེད་སྤྱོད་ཀྱི་སྲིད་ཇུས་ལམ་ལུགས་ཀྱི་མ་ལག་བསྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མ་ལག་འཛུགས་པ། མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་མ་ལག་དང་ནུས་པ་ཆེར་གཏོང་ལ་ཤུགས་སྣོན་རྒྱག་པ། དམག་གྲབས་ལམ་ལུགས་ལེགས་སྒྲིག་བྱས་ནས་འཐུས་སྒོ་ཚང་དུ་གཏོང་བ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། དཔའ་ཉམས་གཏོད་པ་དང་། ཉེན་ཁ་དོ་དམ་དང་ཚོད་འཛིན། དམག་འཁྲུག་བཀག་འགོག དམག་འཐབ་ལས་རྒྱལ་བ་བཅས་ནུས་ལྡན་བྱེད་དགོས། འཐབ་ནུས་ལ་བརྟེན་ནས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་དང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་འཐབ་ནུས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས་དང་། དམག་འཐབ་ལ་དམིགས་པ་དང་། གསར་གཏོད་ལ་སྐུལ་ལྕག དམག་དམངས་མཉམ་འདྲེས་བཅས་ཀྱི་དམག་དོན་སྟོབས་ཤུགས་འཛུགས་སྐྱོང་བྱེད་པའི་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་སྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བཅིངས་འགྲོལ་དམག་གི་དམག་ཞབས་དང་ལེན་ཞུ་བཞིན་པའི་དཔུང་སྡེ་དང་། གྲ་སྒྲིག་དམག་ཞབས་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔུང་སྡེ། ཡུལ་དམག་འཛུགས་སྐྱོང་བཅས་སྤྱི་འདོམས་བྱེད་པ། དམག་དཔུང་གི་མི་སྣ་སྣ་ཚོགས་ཀྱི་ལམ་ལུགས་བཀོད་སྒྲིག་སྤྱི་འདོམས་བྱེད་པ། དམག་དཔོན་ལས་རིགས་ཅན་གྱི་ལམ་ལུགས་དང་། ཞི་དཔོན་གྱི་ལམ་ལུགས། དམག་ཞབས་ལམ་ལུགས་སོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་འཐབ་ནུས་གྲུབ་སྟངས་ལ་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་དམག་དོན་སྟོབས་ཤུགས་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། གནད་སྨིན་ནུས་ཆེ་དང་། ཆ་ཚང་ཞིང་ཚད་དང་ལྡན་པ། གཅུན་འདོམས་ནན་པ་བཅས་ཀྱི་དམག་དོན་དོ་དམ་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་སྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། དམག་དོན་ཨུ་ལྷན་གྱི་འཐབ་ཇུས་དང་དོ་དམ་ནུས་པ་ཆེ་རུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། དམག་དཔུང་གི་མ་ལག་འཁོར་སྐྱོད་ནུས་ཕྱོད་ཆེ་རུ་གཏོང་དགོས། དམག་དམངས་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་འགྲོ་བའི་གོམ་སྟབས་མགྱོགས་སུ་བཏང་ནས། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་དགོས། རྒྱལ་སྲུང་ཚན་རྩལ་གསར་གཏོད་དང་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་སྲུང་སྐུལ་སློང་གི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་དགོས། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་སྟོབས་ཤུགས་གཅིག་ཏུ་འདུས་ནས། མཐའ་སྲུང་སྲ་བརྟན་དུ་གཏོང་བའི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གཉིས་བཀུར་ལས་དོན་དང་དམག་དམངས་མཉམ་སྐྲུན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དམག་སྲིད་དབར་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས།
བཅུ་གཉིས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། མེས་རྒྱལ་ཞི་བས་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས།
“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་མེས་རྒྱལ་ཞི་བས་གཅིག་གྱུར་མངོན་འགྱུར་བྱེད་པའི་གལ་ཆའི་ལམ་ལུགས་ཤིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་ཆེན་ཞིག་ཀྱང་རེད། ངེས་པར་དུ“རྒྱལ་ཁབ་གཅིག”ནི“ལམ་ལུགས་གཉིས”ལག་བསྟར་བྱེད་པའི་སྔོན་འགྲོ་དང་རྨང་གཞི་ཡིན་པ་དང་། “ལམ་ལུགས་གཉིས”དེ“རྒྱལ་ཁབ་གཅིག”ལ་གཏོགས་པ་དང་དེ་ནས་བྱུང་བ་ཡིན་པ་དང་སྦྲགས། “རྒྱལ་ཁབ་གཅིག”ནང་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ཏེ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་དོ་དམ་བཅོས་སྐྱོང་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་དང་། དེ་བཞིན་ཤང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཐའ་ཚད་ལ་འགྲན་སློང་བྱེད་པའི་བྱེད་སྤྱོད་གང་རུང་ལའང་བཟོད་སྒོམ་གཏན་ནས་བྱེད་མི་རུང་ལ། རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་གང་རུང་ལའང་བཟོད་སྒོམ་གཏན་ནས་བྱེད་མི་རུང་།
(གཅིག) “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” དང“ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་བཅས་ཕྱོགས་ཡོངས་དང་ཡང་དག་ངང་ལག་ལེན་བསྟར་དགོས། ཁྲིམས་བཞིན་ཤང་ཀང་དང་ཨའོ་མོན་སྐྱོང་རྒྱུ་མཐའ་འཁྱོངས་དང་། བཅའ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་རྩ་ཁྲིམས་ལམ་ལུགས་དང་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ། “རྒྱལ་ཁབ་གཅིག”གི་རྩ་དོན་མཐའ་འཁྱོངས་དང་། “ལམ་ལུགས་གཉིས”ཀྱི་ཧེ་བག་ལ་བརྩི་སྲུང་། དམིགས་བསལ་སྲིད་འཛིན་ཁུལ་ལ་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་དོ་དམ་བཅོས་སྐྱོང་བྱེད་པའི་དབང་ཆ་སྲུང་སྐྱོང་བཅས་བྱ་རྒྱུ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་ལེན་དང་། མེས་རྒྱལ་ནང་སའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་གྱི་ནུས་པ་འདོན་སྤེལ། དམིཌ་བསལ་སྲིད་འཛིན་ཁུལ་གྱི་རང་ངོས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ཟུང་འབྲེལ་བྱེད་དགོས། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་འབྲེལ་ཡོད་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་གཅེས་པས་གཙོ་བོར་བྱས་པའི“ཤང་ཀང་བས་ཤང་ཀང་སྐྱོང་རྒྱུ”དང“ཨའོ་མོན་བས་ཨའོ་མོན་སྐྱོང་རྒྱུ”མཐའ་འཁྱོངས་བྱས་ནས། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་བཞིན་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
(གཉིས) ཀྲུང་དབྱང་གིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་ནས་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་བཅོས་སྐྱོང་བྱེད་པའི་དབང་ཆ་འཛིན་སྤྱོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཀྲུང་དབྱང་གིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་དང་དཔོན་རིགས་གཙོ་བོའི་བསྐོ་འཐེན་ལམ་ལུགས་ལམ་སྲོལ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྩ་བའི་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་རྒྱུའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་འཁོད་ཀྲུང་དབྱང་གི་དབང་ཆ་ཁག་ཁྲིམས་ལྟར་ལག་བསྟར་བྱེད་དགོས། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་སྐྱོང་སྟོབས་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་གྱིས་ཀྲུང་དབྱང་སྲིད་གཞུང་ལ་འགན་ཁུར་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་ཇུས་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་ཤང་ཀང་དང་ཨའོ་མོན་ཞུགས་པ་དང་། ནང་ས་དང་ལེགས་ཆ་གསབ་རེས་བྱེད་པ། མཐུན་སྦྱོར་འཕེལ་རྒྱས་གཏོང་བ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཤང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་དང་ཕུགས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་གཏིང་ཟབ་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས། ཤང་ཀང་དང་ཨའོ་མོན་གྱི་སྤྱི་ཚོགས་དང་། ལྷག་པར་དུ་གཞུང་ཞབས་མི་སྣ་དང་གཞོན་ནུ་ལོ་ཆུང་ལ་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་སློབ་གསོ་དང་། རྒྱལ་བབ་སློབ་གསོ། ཀྲུང་གོའི་ལོ་རྒྱུས། ཀྲུང་ཧྭ་ཡི་རིག་གནས་སློབ་གསོ་རྒྱག་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་ནས་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་རྒྱལ་གཅེས་སྙིང་སྟོབས་ཆེ་རུ་གཏོང་དགོས། ཕྱི་ཕྱོགས་ཕྱོགས་གཏོགས་ཀྱིས་ཤང་ཀང་དང་ཨའོ་མོན་གྱི་ལས་དོན་ལ་ཐེ་ཇུས་བྱེད་པ་དང་། ཁ་ཕྲལ་དང་། རྩ་སློག་གཏོང་བ། སིམ་འཛུལ་བྱེད་པ། གཏོར་བཤིག་གཏོང་བ་བཅས་ཀྱི་བྱེད་སྤྱོད་སྤེལ་རྒྱུར་འགོག་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་ཤང་ཀང་དང་ཨའོ་མོན་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས།
(གསུམ) མེས་རྒྱལ་ཞི་བའི་གཅིག་གྱུར་གྱི་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་འདུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ཐུག་ས་དེ་རེད། ངོགས་གཉིས་པོས་ཞི་བའི་འཕེལ་རྒྱས་ཐད་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། ངོགས་གཉིས་པོའི་སྤེལ་རེས་མཉམ་ལས་འཐུས་སྒོ་ཚང་དུ་གཏོང་བ་དང་། ངོགས་གཉིས་པོའི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། སྤུན་ཟླ་ཐའེ་དབན་བའི་བདེ་རྩ་འགན་ལེན་བྱེད་པ་བཅས་ཀྱི་ལམ་ལུགས་བཀོད་སྒྲིག་དང་། སྲིད་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བར་མཐུན་སྒྲིལ་གྱིས་ཐུན་མོང་ཐོག“ཐའེ་དབན་རང་བཙན”ལ་ངོ་རྒོལ་དང་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཞི་བའི་གཅིག་གྱུར་བྱུང་རྗེས་སྤུན་ཟླ་ཐའེ་དབན་བའི་སྤྱི་ཚོགས་ལམ་ལུགས་དང་འཚོ་བ་སྐྱེལ་སྟངས་ལ་བརྩི་འཇོག་གང་ལེགས་ཐོབ་རྒྱུ་དང་། སྤུན་ཟླ་ཐའེ་དབན་བའི་མི་སྒེར་གྱི་རྒྱུ་ནོར་དང་། ཆོས་དད། ཁྲིམས་མཐུན་ཁེ་དབང་བཅས་འགན་ལེན་གང་ལེགས་ཡོང་རྒྱུ་རེད།
(ངོས 6བར་གཟིགས།) |