བཅུ་གསུམ། རང་ཚུགས་རང་བརྟེན་གྱི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་དགོས།
ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་དང་ཕྱི་ཕྱོགས་ཀྱི་ཆ་རྐྱེན་བཟང་པོ་ཡོད་དགོས། ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པ་དང་། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
(གཅིག) ཏང་གིས་ཕྱི་ཕྱོགས་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱི་འབྲེལ་དབང་ཆ་ཆེན་པོ་ཏང་ཀྲུང་དབྱང་གིས་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རིགས་པའི་གཞུང་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་ཀྲུང་དབྱང་གི་ཕྱི་འབྲེལ་གྱི་མཛད་ཇུས་གལ་ཆེན་པོའི་མཛད་ཕྱོགས་དང་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་སྒྲིག་སྲོལ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཏང་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། དམག་དཔུང་། ས་གནས། མི་དམངས་ཚོགས་པ་སོགས་ཀྱི་ཕྱི་འབྲེལ་འགྲོ་འོང་ལ་སྤྱི་འདོམས་དང་མཐུན་སྦྱོར་བྱས་ནས་ཏང་གིས་སྤྱི་ཡོངས་ལ་གཅིག་འཛིན་བྱེད་པ་དང་ཕྱོགས་ཁག་དང་མཐུན་སྦྱོར་བྱེད་པའི་ཕྱི་ཕྱོགས་ལས་དོན་གྱི་མཐུན་སྦྱོར་ཆེ་མོའི་བཀོད་པར་ཤུགས་སྣོན་རྒྱག་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ལས་དོན་གྱི་ཁྲིམས་དོན་ལམ་ལུགས་བཙུགས་ཏེ་རྒྱལ་སྤྱིའི་བཅའ་ཁྲིམས་ལ་ཞིབ་འཇུག་དང་བཀོལ་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
(གཉིས) ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་བཀོད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཛའ་གྲོགས་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཆེ་ཆུང་དང་། སྟོབས་ཆེ་ཆུང་། དབུལ་ཕྱུག་བཅས་དབྱེ་བ་མེད་པར་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ནས་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་བ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་གཏོང་བ། གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་བྱས་ནས་རྣམ་པ་མཐའ་དག་གི་བཙན་དབང་རིང་ལུགས་དང་བཙན་ཤེད་ཆབ་སྲིད་ལ་ངོ་རྒོལ་བྱེད་དགོས། གླེང་མོལ་དང་གྲོས་མོལ་བྱེད་པ་དང་ཞི་བདེའི་བྱེད་ཐབས་བརྒྱུད་རྒྱལ་སྤྱིའི་རྩོད་གཞི་དང་གླེང་མང་བའི་དཀའ་གནད་སེལ་རྒྱུ་མཐའ་འཁྱོངས་བྱས་ནས་དྲག་ཤུགས་སམ་ཡང་ན་དྲག་ཤུགས་ལ་བརྟེན་ནས་ཕན་ཚུན་འཇིགས་སྐུལ་བྱེད་པར་ངོ་རྒོལ་བྱེད་དགོས། འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ནས་ནམ་ཡང་བཙན་བདག་མི་བྱེད་པ་དང་། ནམ་ཡང་རྒྱ་སྐྱེད་མི་གཏོང་བ། ནམ་ཡང་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་འགྱུར་མེད་སྟོབས་ལྡན་གྱི་སྟོབས་ཤུགས་བྱེད་དགོས།
(གསུམ) མཉམ་ལས་གཉིས་ཁེའི་སྒོ་དབྱེའི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་ཐབས་ཇུས་མཐའ་འཁྱོངས་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་རྒྱ་འཛུགས་པར་སྐུལ་འདེད་གཏོང་བ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དོ་སྙོམས་མེད་པ་དང་གྲངས་འཛིན་གྱི་འགལ་རྐྱེན་ཆེན་པོ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཕྱི་ཕྱོགས་ལ་སྒོ་དབྱེའི་བདེ་འཇགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་རྒྱལ་དུ་ཡོད་པའི་ཁེ་ཕན་སྲུང་སྐྱོང་དང་ཉེན་ཁ་སྔོན་བརྡ་གཏོང་བའི་འགོག་ཟོན་མ་ལག་བཙུགས་ནས་གཞུང་ཚབ་སྲུང་སྐྱོབ་ཀྱི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་རྒྱལ་དུ་ཡོད་པའི་སྤུན་ཟླའི་བདེ་འཇགས་དང་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཐོག་རྣམ་གྲངས་གལ་ཆེན་དང་། མི་སྣ། སྒྲིག་གཞི་བཅས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས།
(བཞི) གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དར་ཆ་མཐོན་པོར་བསྒྲེངས་བ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འདུ་ཤེས་རྒྱུན་འཁྱོངས། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ལམ་སྲོལ་འགྱུར་ལྡོག་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཐུན་མོང་ཡིན་ཡང་ཧེ་བག་ཡོད་པའི་འགན་འཁྲི་དང་། དྲང་གཞག སོ་སོའི་ནུས་པར་གཞིགས་པ་སོགས་རྩ་དོན་གྱི་རྨང་གཞིའི་ཐོག་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་གནས་བབ་སྲུང་སྐྱོང་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་། འབོ་གསེར་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཀྱི་ལས་སྟེགས་ལམ་སྲོལ་ཅན་དུ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
བཅུ་བཞི། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ནི་ཏང་གིས་ཡུན་རིང་སྲིད་སྐྱོང་བའི་ཆ་རྐྱེན་འོག་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཡོང་བར་བྱེད་པའི་ལམ་ལུགས་ཀྱི་འགན་ལེན་གལ་ཆེན་ཞིག་རེད། ངེས་པར་དུ་ཏང་གིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ནུས་ཆེ་བཅས་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་གྱི་སྒམ་ནན་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་བ། ཐབས་ཇུས་ཚན་རིག་དང་མཐུན་པ་དང་། ལག་བསྟར་བརྟན་པོ་བྱེད་པ། ལྟ་སྐུལ་ནུས་ལྡན་བྱེད་པ་བཅས་ཀྱི་དབང་ཆ་སྤྱོད་པའི་ལམ་སྲོལ་ཞིག་ཆགས་པ་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དབང་ཆ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་སྐྱིད་དོན་གཉེར་བྱེད་པའི་ཐད་སྤྱོད་རྒྱུའི་འགན་ལེན་བྱེད་དགོས།
(གཅིག) ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཏང་ཡོན་གྱི་ལྟ་སྐུལ་དབང་ཆ་འགན་ལེན་བྱེད་དགོས། མཐོ་རིམ་ལས་བྱེད་པ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པ་གཙོ་བོར་ལྟ་སྐུལ་བྱ་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ་དང་། ང་ལྟ་ཞིབ་ཨུ་ལྷན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ཚན་ཁག་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། “འགོ་ཁྲིད་པ་ཨང་དང་པོར”ལྟ་སྐུལ་དང་རིམ་མཚུངས་ལ་ལྟ་སྐུལ་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་དེ་བཞིན་ཐབས་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྐོར་གཟིགས་དང་སྐོར་ཞིབ་དག་ཐེར་དང་ལྟ་བཤེར་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། སྒྲིག་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། གོང་རིམ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་འོག་རིམ་སྒྲིག་ཨུ་དསྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་དགོས། བཅའ་སྡོད་ལྟ་ཞིབ་སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། སྒྲིག་ཁྲིམས་ལྟ་སྐུལ་དང་། ལྟ་ཞིབ་ལྟ་སྐུལ། བཅའ་སྡོད་ལྟ་སྐུལ། སྐོར་གཟིགས་ལྟ་སྐུལ་བཅས་སྤྱི་འདོམས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་འཛིན་གྱི་ལྟ་སྐུལ། ཁྲིམས་འཛིན་གྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩིས་བཤེར་ལྟ་སྐུལ་དང་བསྡོམས་རྩིས་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་བྱེད་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་བྱས་ཏེ་རིགས་ཁག་གི་ལྟ་སྐུལ་དང་འབྲེལ་མཐུད་ནུས་ལྡན་དང་ཕན་ཚུན་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས།
(གཉིས) དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། འགན་དབང་ཁྲིམས་ཀྱིས་གཏན་འཁེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་དབྱེ་དབང་སྤྱོད་དང་། ལས་བགོས་དབང་འཛུགས། རིམ་དབྱེ་དབང་སྤྲོད། དུས་བཀག་གནས་བརྗེ་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དབང་ཆའི་ཚད་གཞི་གསལ་པོ་བཟོ་བ་དང་། ལས་ཀའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། དབང་ཆ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། དབང་ཆ་དང་འགན་འཁྲི་ཁ་གསལ་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དབང་ཆ་ཡོངས་བསྒྲགས་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་དོན་དང་། སྲིད་དོན། ཁྲིམས་འཛིན་བཅས་དང་ཁྱབ་ཁོངས་ཁག་གི་ལས་སྒྲུབ་ཡོངས་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དབང་ཆ་འཁོར་སྐྱོད་འཚོལ་བཤེར་ཐུབ་པ་དང་ཁུངས་འདེད་ཐུབ་པའི་ཚུར་ལན་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས། དབང་ཆ་དང་འགན་འཁྲི་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དབང་ཆ་འཁོར་སྐྱོད་ཀྱི་ལྷུ་ཚིགས་ཁག་ལ་དམ་པོར་དམིགས་པ་དང་། གནད་དོན་ཤེས་རྟོགས་དང་། ཞན་ཆ་ཡོ་བསྲང་། འགན་འཁྲི་བདའ་འདེད་གནད་འཕིགས་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དབང་ཆར་བརྟེན་ནས་ཁེ་ཕན་སྤྲོད་ལེན་བྱེད་པའི་བར་མཐོངས་ཆུང་དུ་གཏོང་བ་བཅས་བྱེད་དགོས།
(གསུམ) རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྐུལ་འདེད་གཏོང་བའི་གཞི་གཅིག་གི་སྒྲིག་སྲོལ་ལམ་སྲོལ་འཛུགས་དགོས། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་ཉིས་བརྩེགས་ཀྱི་རུལ་སུངས་གྱོད་གཞི་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་། “རི་དྭགས་རུབ་རྒྱག”དང“རི་དྭགས་རུབ་རྒྱག”ནང་ཚུད་འདོད་པའི་ཁེ་ཕན་གྱི་འབྲེལ་ཐག་མཐའ་གཅིག་ཏུ་གཅོད་པ། དབང་ཆ་དང་རྒྱུ་ནོར་ཉོ་ཚོང་གི་འབྲེལ་བའི་དྲ་བ་མཐའ་གཅིག་ཏུ་མེད་པ་བཟོ་བ་བཅས་བྱེད་དགོས། རྩ་ལག་མཉམ་བཅོས་གཏིང་ཟབ་བྱས་ཏེ། ཞིབ་མཆན་ལ་ལྟ་འདོམས་དང་། ཁྲིམས་བསྟར་ཁྲིམས་འཛིན། ལས་གྲྭ་འཛུགས་སྐྲུན། ཐོན་ཁུངས་གསར་སྤེལ། དངུལ་རྩའི་ཡིད་རྟོན་དངུལ་བུན། སྤྱི་པའི་ཐོན་ཁུངས་ཉོ་ཚོང་། སྤྱི་པའི་ནོར་སྲིད་གཏོང་སྒོ་སོགས་གཙོ་གནད་ཁྱབ་ཁོངས་ལ་ལྟ་སྐུལ་བྱེད་པའི་ལམ་སྲོལ་སྒྱུར་བཅོས་དང་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་སྤེལ་གཏོང་བ། བསམ་བློ་ཀུན་སྤྱོད་དང་ཏང་སྒྲིག་རྒྱལ་ཁྲིམས་ཀྱི་སློབ་གསོར་ཤུཊ་སྣོན་རྒྱག་པ་བཅས་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
བཅོ་ལྔ། ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་ཏང་ཡོངས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་རེད། དེས་ན་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་སྤེལ་དགོས་པ་དང་། ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་། སྒྲིག་འཛུགས་ཚགས་ཚུད། འཕྲལ་ཕུགས་ཟུང་འབྲེལ། སྤྱི་ཡོངས་ལ་སྐུལ་འདེད་བཅས་བཏང་སྟེ། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ཁག་ཚང་མ་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
ལམ་ལུགས་ཀྱི་གསོན་ཤུགས་ནི་ལག་བསྟར་བྱ་རྒྱུར་ཐུག་ཡོད། རིམ་ཁག་ཏང་ཨུ་དང་སྲིད་གཞུང་དང་དེ་བཞིན་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལམ་ལུགས་ཀྱི་འདུ་ཤེས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ལམ་ལུགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱ་རྒྱུར་སྣེ་ཁྲིད་དང་ལམ་ལུགས་ལག་བསྟར་བྱ་རྒྱུར་མིག་དཔེ་བཏོན་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་རང་རྟོགས་ངང་ལམ་ལུགས་གོང་དུ་བཀུར་རྒྱུ་དང། ལམ་ལུགས་ལག་བསྟར་ནན་པོ་བྱ་རྒྱུ། ལམ་ལུགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་བཅས་ལ་ཁྲིད་སྟོན་བྱེད་དགོས། སྒམ་བཙན་དང་ཕན་ཆེའི་སྒོ་ནས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ལམ་ལུགས་ལག་བསྟར་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། གདམ་ག་བྱེད་པ་དང་། སྟབས་བསྟུན་འགྱུར་ལྡོག་གཏོང་བ། འཐེན་འཕྲི་བྱེད་པ་བཅས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་འགོག་དགོས།
ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ངོ་བོའི་ཁྱད་ཆོས་དང་ཁྱད་འཕགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དེ་ཡུན་རིང་ལག་ལེན་གྱི་ཞིབ་བཤེར་བརྒྱུད་ཅིང་། ལས་སླ་པོར་ཐོབ་པ་ཞིག་མིན་པས་ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས་པའི་ངོས་འཛིན་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས། རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་རྒྱལ་བབ་དང་བསྟུན་པ་དང་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་ཡུན་རིང་པོའི་ནང་གྲུབ་པའི་ལོ་རྒྱུས་རྒྱུན་འཛིན་ལ་སྟངས་འཛིན་བྱེད་དགོས་ལ། ཏང་དང་མི་དམངས་ཀྱིས་རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་འཛུགས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་ཐད་བརྒྱུད་པའི་ལམ་བུ་དང་། བསགས་པའི་ཉམས་མྱོང་། གྲུབ་པའི་རྩ་དོན་བཅས་ལ་སྟངས་འཛིན་བྱེད་པ་ལས་རྒྱལ་ཁབ་གཞན་གྱི་ལམ་ལུགས་འདྲ་སྤོ་འདྲ་བཤུ་བྱེད་མི་རུང་། སྒོ་རྒྱག་རེངས་འགྱུར་གྱི་ལམ་རྙིང་པར་མི་འགྲོ་ལ་དར་ཆ་བརྗེ་བསྒྱུར་གྱི་ལོག་ལམ་དུ་དེ་བས་མི་འགྲོ་བར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་དགོས།
བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུ་དེ་དུས་རབས་གསར་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ལ་བརྩི་དགོས། བསམ་བློའི་ཚོད་བགམ་དང་། ཆབ་སྲིད་ཀྱི་ཞུན་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ལས་བྱེད་པ་ཚོས་ལམ་ལུགས་ལ་ནན་པོར་གཞིགས་ནས་འགན་འཁྲི་སྒྲུབ་པ་དང་། དབང་ཆ་སྤྱོད་པ། ལས་དོན་སྤེལ་བ་བཅས་ལ་སྐུལ་འདེད་གཏོང་བ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ཁག་གི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལས་བྱེད་པའི་ཚད་གཞི་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཡང་དག་པའི་མི་སྤྱོད་སྟོན་ཕྱོགས་བཙུགས་ནས་ལམ་ལུགས་ལག་བསྟར་བྱེད་ཤུགས་དང་བཅོས་སྐྱོང་འཇོན་ཐང་དེ་ལས་བྱེད་པ་འདེམས་བསྐོ་དང་དཔྱད་ཞིབ་གདེང་འཇོག་གི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། ཤེས་ཡོན་ལ་བརྩི་འཇོག་དང་ཤེས་ལྡན་པར་བརྩི་འཇོག་བྱས་ཏེ། ཤེས་ལྡན་པའི་ལམ་ལུགས་དང་སྲིད་ཇུས་གསར་གཏོད་བྱེད་མགྱོགས་སུ་བཏང་ནས་རིགས་ཁག་གི་ཤེས་ལྡན་པས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུར་རྒྱབ་སྐྱོར་བྱེད་དགོས།
ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་བརྟན་པོའི་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་འཕྲལ་མཁོའི་ལམ་ལུགས་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་གསར་བ་སྐོང་བའི་དགོས་ངེས་ཀྱི་ལམ་ལུགས་བཟོ་རྒྱུར་དམ་འཛིན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་རང་ངོས་འཐུས་ཚང་དང་། འཕེལ་རྒྱས། སྐྱེ་སྟོབས་དང་གསོན་ཤུགས་ཡུན་གནས་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས།
ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་གདེང་ཚོད་བརྟན་པོ་དང་། ངེས་ནུས་རྒྱུན་འཁྱོངས། ཡར་རྒྱས་ལྷུར་ལེན། གསར་འབྱེད་གསར་གཏོད་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ།
“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན།)
|