[གྱོད་དོན]
ལྷ་མཁར་དང་རྟ་མགྲིན་མཚོ་གཉིས་ནི་བཟའ་ཟླ་ཡིན་ཞིང་། ཁོ་གཉིས་ཀྱིས་གྲོང་རྡལ་གྱི་ཁེ་ལས་ཞིག་ན་བྱ་བ་གཉེར་བཞིན་ཡོད་པས་སོ་སོར་གླ་ཕོགས་ཀྱི་ཡོང་སྒོ་ཡོད། ལྷ་མཁར་གྱི་གཤིས་ཀ་ཧ་ཅང་རྩུབ་པའི་རྐྱེན་གྱིས་དུས་རྒྱུན་ཆུང་མ་རྟ་མགྲིན་འཚོ་ལ་སྡུག་དམོད་དང་གཅར་རྡུང་བྱེད་བཞིན་ཡོད། ཡང་དང་བསྐྱར་དུ་གཅར་རྡུང་ཕོག་པའི་རྟ་མགྲིན་འཚོ་ཡིས་ད་ལྟ་བཟོད་བསྲན་བྱེད་ཐབས་བྲལ་བས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ་གཉེན་འཐོར་བྱེད་པའི་རེ་བ་བཏོན། ལྷ་མཁར་གྱི་ལག་ཏུ་ཁྲིམས་ཁང་གི་གྱོད་གཏུག་ཞུ་ཡིག་འབྱོར་མ་ཐག་ད་དུང་བལྟས་མ་ཚར་བར་ཁོང་ཁྲོ་གཏིང་ནས་ལངས་ཏེ་གྱོད་གཏུག་ཞུ་ཡིག་གཤགས་པར་མ་ཟད། རྟ་མགྲོན་འཚོ་ཡི་སྐྲ་ནས་བཟུང་སྟེ་གཅར་རྡུང་ཚད་མེད་བྱས་ལ། ཁྱིམ་མཚེས་ཚོས་ཁོ་གཉིས་ལ་བར་འདུམ་བྱས་དུས་རྟ་མགྲིན་འཚོ་ལ་རྨས་སྐྱོན་ཕོག་འདུག ཐེངས་འདིར་ཁོ་མོས་གཉེར་འཐོར་བྱེད་པར་ཡིད་ཐག་རྦད་ཆོད་བྱས་ནས་གྲོང་རྡལ་འཕྲོད་བསྟེན་ཁང་ནས་ཉིན10ཙམ་ལ་སྨན་བཅོས་བྱས་པར་སྨན་ཡོན་སྒོར780ཡི་འགྲོ་སོང་བཏང་། རྟ་མགྲིན་འཚོ་ཡི་བསམ་པར་སྔོན་ཆད་ཁྱོ་གས་གཅར་རྡུང་བྱས་ན་དེའི་ན་ཟུག་བཟོད་བསྲན་བྱས་པར་མ་ཟད། སྨན་བཅོས་བྱས་པ་དང་སྨན་ཉོས་པའི་འགྲོ་སོང་རང་གི་གླ་ཕོགས་ལས་བྱིན་པ་ཡིན། ཡིན་ཡང་ཐེངས་འདིར་ལྷ་མཁར་ལ་ངེས་པར་དུ་སྒོར780ཡི་སྨན་ཡོན་དང་ལས་ཆག་དངུལ་གྱི་སྐྱིན་ཚབ་སྟེར་བའི་རེ་བ་འདོན་རྒྱུ་ཡིན་ཟེར། ཕྱིས་སུ་རྟ་མགྲིན་འཚོ་ཡི་རྨས་སྐྱོན་དྲག་རྗེས་ལྷ་མཁར་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་ལྷ་མཁར་གྱིས་མོའི་རེ་བ་སྣང་མེད་དུ་བཞག་ནས་ཁ་ཡ་མི་བྱེད་པའི་ཁར་ད་དུང་མོའི་སྟེང་ལ་འཇིགས་སྐུལ་གྱི་རྣམ་འགྱུར་སྣ་ཚོགས་བསྟན་བྱུང་། ང་རང་རྟ་འགྲིན་འཚོ་ཡི་གྲོགས་པོ་ཞིག་ཡིན་པའི་ཆ་ནས་འདིར་འདྲི་རྒྱུ་ཞིག་ནི། ལྷ་མཁར་གྱི་ཁོའི་ཆུང་མ་རྟ་མགྲིན་འཚོའི་སྟེང་ལ་བཀོལ་བའི་བྱ་སྤྱོད་དེ་དག་ཁྲིམས་འགལ་ཡིན་ནམ་མིན།
[གྱོད་དོན་དབྱེ་ཞིབ]
ཁྱོ་གས་ཆུང་མར་གཅར་རྡུང་བྱེད་པ་ནི་ཁྱིམ་ཚང་དྲག་སྤྱོད་ཀྱི་ཁོངས་སུ་གཏོགས། དུས་རྒྱུན་གྱི་ཁྱིམ་ཚང་དྲག་སྤྱོད་ཁྲོད་གནོད་འཚེ་ཁེལ་ཡུལ་གྱི་སྨན་ཡོན་སོགས་ཀྱི་འགྲོ་སོང་ཕལ་ཆེར་ཁྱོ་ཤུག་སྤྱིའི་རྒྱུ་ནོར་ཁྲོད་འདོན་བཞིན་ཡོད་ལ། ཁྱོད་ཀྱིས་བཤད་པའི་གྱོད་གཞི་འདི་ལྟར་གནོད་འཚེ་ཁེལ་ཡུལ་གྱིས་མི་ལུས་དང་བསམ་བློའི་སྟེང་གི་ན་ཟུག་མྱང་དགོས་པར་མ་ཟད། དཔལ་འབྱོར་སྟེང་གི་གྱོང་གུད་ཀྱང་འཁུར་དགོས། གཞན་དངོས་སྟེང་ནས་དེ་ཡིས་བཙན་པོ་སྔར་ལས་བཙན་ཧམ་ཇེ་ཆེ་རུ་གྱུར་པ་དང་གཉོམ་ཆུང་གིས་ལྷག་ཏུ་ཐུབ་ཚོད་མྱངས་དགོས་སུ་བཅུག་པས། བཅའ་ཁྲིམས་སྟེང་གི་འདྲ་མཉམ་དང་དྲང་བཞག་ནོར་འཁྲུལ་ཅན་ལ་ཁྲིམས་ལྟར་ཆད་པ་གཅོད་པའི་རྩ་དོན་དང་འགལ་ལ། ད་ལྟ་སྤྱོད་བཞིན་པའི《ཀྲུང་ཧྭ་མི་དམངས་་སྤྱི་མཐུན་རྒྱལ་ཁབ་གཉེན་སྒྲིག་བཅའ་ཁྲིམས》ཀྱི་ནང“ཁྱིམ་ཚང་དྲག་སྤྱོད་གཏན་འགོག་བྱེད”ཅེས་གཏན་ཁེལ་བྱས་ཡོད། དོན་ཚན18པའི་གཏན་ཁེལ་ལྟར་ན། ཕྱོགས་གཅིག་གི་ལུས་ཕུང་ལ་གནོད་འཚེ་ཕོག་པའི་རྐྱེན་གྱིས་ཐོབ་པའི་སྨན་ཡོན་དང་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་འགྲོ་གྲོན་ནི་ཁྱོ་ཤུག་ཕྱོགས་གཅིག་གི་རྒྱུ་ནོར་ཡིན། འདི་ལྟ་བུའི་མངོན་གསལ་གྱི་གཏན་ཁེལ་གྱིས་ཁྱིམ་ཚང་རྩོད་གླེང་ཁྲོད་དྲག་སྤྱོད་ལག་བསྟར་བྱེད་པའི་ཕྱོགས་ཀྱིས་སྨན་ཡོན་སོགས་ཀྱི་གྱོང་གུད་འགྲོ་གྲོན་གྱི་སྐྱིན་ཚབ་འཇལ་དགོས་པར་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པ་ཡིན། དོན་ཚན46པའི་གཏན་ཁེལ་ལྟར་ན། ཁྱིམ་ཚང་དྲག་སྤྱོད་ལག་བསྟར་བྱས་ནས་གཉེན་འཐོར་བྱེད་དུ་བཅུག་ཚེ། ནོར་འཁྲུལ་མེད་པའི་ཕྱོགས་དེར་གནོད་འཚེ་ལ་སྐྱིན་ཚབ་འཇལ་བར་རེ་བ་འདོན་པའི་དབང་ཆ་ཡོད། དམངས་ཁྲིམས་སྤྱི་སྲོལ་གྱི་དོན་ཚན119པའི་གཏན་ཁེལ་ལྟར་ན། སྤྱི་དམངས་ཀྱི་ལུས་ཕུང་ལ་གནོད་འཚེ་བཟོས་ན་སྨན་ཡོན་དང་ལས་ཆག་བྱུང་བའི་རྐྱེན་གྱིས་ཡོང་སྒོ་ཇེ་ཉུང་དུ་སོང་བའི་སྐྱིན་ཚབ་འཇལ་དགོས། ད་དུང་དམངས་ཁྲིམས་སྤྱི་སྲོལ་གྱི་དོན་ཚན134པའི་གཏན་ཁེལ་ལྟར་ན། དམངས་དོན་འགན་འཁྲི་འཁུར་བར་གཤམ་གྱི་རྣམ་པ་གཙོ་བོ་འགའ་ཡོད་དེ། གཅིག གནོད་འཚེ་མཚམས་འཇོག་པ། གཉིས། གྱོང་གུད་ལ་སྐྱིན་ཚབ་འཇལ་བ། གསུམ། བྱ་སྤྱོད་ལ་དགོངས་དག་ཞུ་བའོ། ། མི་དམངས་ཁྲིམས་ཁང་གིས་ཁྱིམ་ཚང་དྲག་སྤྱོད་གྱོད་གཞི་ཐག་གཅོད་བྱེད་དུས་གོང་གི་གཏན་ཁེལ་དག་བེད་སྤྱོད་བྱེད་པར་མ་ཟད། ད་དུང་འགྱོད་བཤགས་བྱེད་པ་དང་སྒོར་ཆད་གཅོད་པར་སློབ་གསོ་གཏང་བ་དང་བཀའ་ཕབ་ཆོག་ལ། དྲག་སྤྱོད་ལག་བསྟར་བྱེད་མཁན་ལ་སྒོར500མན་གྱི་ཆད་པ་དང་ཉིན15མན་གྱི་བཀག་ཉར་ཁྲིམས་ཆད་བཅད་ཆོག དེ་བས་ཁྱོད་དང་རྟ་མགྲིན་འཚོ་གཉིས་ཀྱིས་གོང་གི་གཏན་ཁེལ་དག་ལ་གཞིགས་ནས་ལྷ་མཁར་གྱི་གྱོང་གུད་ཡོངས་ཀྱི་སྐྱིན་ཚབ་འཇལ་བར་རེ་བ་བཏོན་ཆོག་པར་མ་ཟད། ད་དུང་ཁོས་རང་གི་བྱ་སྤྱོད་ལ་འགྱོད་བཤགས་དང་དགོངས་དག་ཞུ་བར་ཡང་རེ་བ་འདོན་པའི་དབང་ཆ་ཡོད།།
རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
|